མདུན་ངོས། » གསར་རྩོམ། » ཆོས་ལུགསམི་སྣ » བོན་བརྒྱ་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་རྗེས་དྲན།

བོན་བརྒྱ་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་རྗེས་དྲན།

 

 

དེང་དུས་ཀྱི་མཁས་པའི་ཏོག་ཏུ་གྱུར་པའི་བོན་བརྒྱ་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་རྗེས་དྲན་དུ་སྔར་རང་གིས་ཕུལ་བའི་རྩོམ་ཡིག་ཅིག་ཁ་བསྒྱུར་བ།

ཉན་རང་སོ་སྐྱེའི་བསོད་ནམས་མཐའ་དག་གིས། །

བདེར་གཤེགས་སྐུའི་བ་སྤུ་གཅིག་འགྲུབ་ཅིང་། །

དེ་བཞིན་འབུམ་འགྱུར་ཀུན་མཁྱེན་ཡེ་ཤེས་ཅན། །

ཕུན་ཚོགས་ལས་འཁྲུངས་རྒྱལ་བ་དེ་ལ་འདུད། །

 

བོན་སྒོ་བརྒྱད་ཁྲིའི་ཀུན་གསལ་ཡངས་པ་རུ། །

ཡོན་ཏན་བརྒྱ་ཕྲག་གཟི་འོད་རབ་འབར་བ། །

ཐོག་མཐའ་བར་དུ་དགེ་བའི་རྒྱལ་བསྟན་གྱི། །

པད་ཚལ་ལེགས་སྐྱོང་ཉི་མའི་གཉེན་དེར་བསྔགས། །

 

 

སྐྱེས་རབས་དུ་མའི་ཐུགས་བསྐྱེད་ལྷུན་གྲུབ་པས། །

དུས་མཐར་ལེགས་བཤད་དབྱར་གྱི་གྲུ་ཆར་གྱིས། །

གདུལ་བྱའི་རྣམ་དཀར་རྒྱ་མཚོ་སྤེལ་བའི་བཤེས། །

ངེས་དོན་སྤྲུལ་པའི་སྐུ་ཡི་སྙན་པ་འབར། །

 

ངག་གི་དབང་ཕྱུག་སྨྲ་བའི་ཟླ་བ་མཆོག །

དབྱངས་ལྡན་ལྷ་མོའི་བྱིན་རླབས་རབ་ལྕི་བས། །

སྲས་བཅས་རྒྱལ་བ་དགྱེས་པའི་བློ་གྲོས་ཀྱི། །

གྲགས་པ་བླ་ན་མཐོ་བ་གང་དེས་སྐྱོངས། །

 

སངས་རྒྱས་ཞི་བར་གནས་པའི་སྐབས་མེད་ཅིང་། །

བྱང་སེམས་གཞན་དོན་གཡོལ་བའི་དུས་མེད་པས། །

ཟབ་མོའི་འབྲེལ་ལྡན་གདུལ་བྱའི་རེ་བ་བཞིན། །

སྤྲུལ་པའི་སྐུ་མཆོག་འབྱོན་པ་འགོག་མེད་ཕྱིར། །

 

ཡེ་ཤེས་གཟིགས་པ་ལྡན་པའི་ལྷ་སྲུང་དང་། །

རིས་མེད་དམ་པའི་ལུང་ལས་བྱང་སེམས་ཀྱི། །

ཡང་སྲིད་དགོས་འབྱུང་ཡིད་བཞིན་ནོར་བུ་གང་། །

ལུང་རིགས་ཆུ་གཏེར་ཀློང་ནས་དྲངས་པ་མཚར། །

 

འཇིག་རྟེན་བྱ་བ་ཆུང་ངུའང་ལམ་སྟོན་གྱི། །

རྒྱུས་ཡོད་འགའ་ལས་ངེས་པ་རྙེད་དགོས་ན། །

ངེས་ལེགས་གཏན་བདེའི་གོ་འཕང་བསྒྲུབ་པའི་ཕྱིར། །

ཚད་ལྡན་བཤེས་གཉེན་བསྟེན་པའི་རྣམ་ཐར་མང་། །

 

ཐར་འདོད་ཐར་པ་སྟོན་པའི་ནུས་མེད་ཀྱང་། །

རིགས་ལ་འཆེལ་བའི་བྲམ་ཟེའི་ཆོས་ལུགས་བཞིན། །

མ་ཡིན་ཡང་དག་བཤེས་ལ་བསྟེན་པ་འདི། །

བསྐལ་མང་ཚོགས་ཀྱི་འབྱོར་བས་བསྐྲུན་པ་ཙམ། །

 

ཕལ་ཆེར་ཕྱོགས་འཛིན་གྱིས་གཟིར་དམ་པའི་བཤེས། །

མི་བསྟེན་མ་ཟད་དེ་བཞིན་གཤེགས་པ་ལའང་། །

བསྐུར་པ་འདེབས་ལ་སྐྱི་ཤ་མི་གཟེང་བ། །

བསོད་ནམས་འཛད་པའི་རྒྱུ་ཚོགས་གངྒཱའི་རྡུལ། །

 

ཕྱོགས་འཛིན་མུན་པ་ཕ་མཐར་བསྐྲད་པ་ཁྱོད། །

ཕྱོགས་ཀྱི་ཤེས་ལྡན་བསྙེན་པའི་སྐལ་བཟང་དེས། །

རིག་གནས་མན་ཤེལ་ནོར་བུའི་གཏེར་གྱུར་ཅིང་། །

རང་ཉིད་བདེ་ལེགས་བཞེད་པའི་རྣམ་ཐར་དངོས། །

 

ཉིན་གཅིག་བརྩོན་པ་བསྟེན་པའི་ལུགས་མེད་པར། །

དད་པ་རབ་ཏུ་བརྟན་པར་བརྩི་མོད་ཀྱང་། །

མཁས་བྱ་གསུམ་པོར་འཇུག་པ་ཉལ་འགྲོ་བཞིན། །

འཕགས་ནོར་མཛོད་གྱུར་ཁྱོད་མིན་གཞན་ན་གང་། །

 

གོ་ནུས་དབེན་པའི་དགུན་གྱི་འཁྱག་རོམ་ཐོག །

ཟབ་ཟབ་ལྟ་བའི་ཁང་བརྩེགས་བསྐྲུན་ན་ཡང་། །

ལེགས་དཔྱད་ཉི་མའི་འོད་ཟེར་འཕྲོས་པའི་ཚེ། །

ངེས་ཤེས་རྩེག་རྨང་ཞིག་པའི་ཚུལ་མིན་པར། །

 

ཐུན་མོང་ལམ་སྦྱོང་ཞིང་ས་གཤིན་པོ་རུ། །

བསགས་སྦྱོང་སོ་ནམ་རྒྱུ་ཚོགས་གྲངས་མེད་ཀྱིས། །

སྙིང་པོ་སེམས་ཀྱི་ས་བོན་རིན་པོ་ཆེ། །

ཉམས་རྟོགས་དབྱར་སྐྱེས་སྨྱུ་གུའི་སྐྱེ་འཕེལ་བཞིན། །

 

བཀའ་ལུང་རྒྱ་མཚོའི་སྙིང་པོ་མར་ཞི་ལྟར། །

སྐྱེས་བུ་གསུམ་གྱི་གཞུང་ལམ་གསལ་བྱེད་པའི། །

མངོན་མཐོ་ཐར་པ་ཐམས་ཅད་མཁྱེན་པའི་ལམ། །

རིམ་པ་གསུམ་གྱི་ཉམས་ལེན་པད་མོའི་ཟླ། །

 

དབང་སྐུར་ཞེས་པའི་ཐ་སྙད་སྐམ་པོ་ཡིས། །

བླུན་པོ་མལ་ལས་དཀྲོག་པའི་སྟོང་གཏམ་གྱིས། །

མི་རིགས་མང་པོ་བྱུར་གྱིས་དེད་པའི་ཚུལ། །

ངེས་པར་བསམ་ན་ཡི་མུག་སྐྱེ་མོད་ཀྱི། །

 

གསང་སྔགས་འཆང་བ་བོན་གྱི་རིང་ལུགས་ཞེས། །

ངེས་དོན་མིང་གི་སྙན་པ་འཕུར་བ་དེའི། །

རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་བརྒྱ་རྩ་ཡི། །

དགོངས་དོན་ཐུགས་སུ་ཆུད་པར་མཛད་པ་རྨད། །

 

གནས་ལུགས་ཟབ་མོའི་དོན་རྟོགས་སྐྱེ་བོ་ཡིས། །

འདུས་བྱས་དགེ་བ་སྤོང་བའི་སྡིག་ཚིག་གིས། །

འཁོར་གཡོག་ངན་འགྲོར་འཁྲིད་པའི་ལུགས་ངན་གྱི། །

གོལ་ས་མཐའ་དག་བཅད་པ་མཆོག་གི་སྲོལ། །

 

ཡེ་གྲོལ་གཞི་ལ་ཅར་ཕོག་ངོ་སྤྲོད་པ། །

ཀ་དག་ལྟ་བ་ཁྲེག་ཆོིད་ལ་བཟླ་དང་། །

གནད་བཞིས་སྣང་བཞི་མཐར་ཕྱིན་ཐོད་རྒལ་ཏེ། །

བླ་མེད་ཐེག་པའི་འཇོག་སྒོམ་སྐྱོང་ལ་འདུད། །

 

ཀ་ཁའི་མགོ་རྔ་མི་ཤེས་བྱིས་པ་འགའ། །

གཏུམ་མོའི་མེ་དྲོད་སྦར་བའི་ཧོལ་རྒྱུགས་ཀྱིས། །

གྲོད་ཁོག་ཕུ་ཡིས་དགང་བའི་དཀའ་ཚེག་གིས། །

གྲོང་སྡེ་འུར་བའི་གཏམ་དང་མཚུངས་མིན་པར། །

 

ཟབ་དཀར་རིམ་པ་གཉིས་པའི་ཉམས་ལེན་གྱི། །

དབུ་མར་རླུང་སེམས་ཞུགས་གནས་ཐིམ་གསུམ་ལས། །

བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི། །

རྫོགས་རིམ་ཟབ་མོའི་གནད་དུ་འཁྱེར་བ་གང་། །

 

ཉམས་ལེན་ཡོངས་སུ་འཕྱུགས་པ་སྔ་མོའི་དུས། །

བཅས་ལྡན་སོ་སོར་ཐར་པའི་བསླབ་པ་དང་། །

དམ་རྫས་བདུད་རྩི་བླང་བའི་སྔགས་ལམ་གཉིས། །

མེ་ཆུ་འཕྲད་པའི་ཚུལ་དང་མི་འདྲ་བར། །

 

ཕྱི་རུ་སོ་ཐར་ཀུན་སྤྱོད་བག་ཕེབས་ཤིང་། །

ནང་དུ་གསང་སྔགས་ཐབས་ཤེས་རྨད་བྱུང་བ། །

ཟུང་འབྲེལ་ལམ་བཟང་མཉམ་མེད་བླ་མའི་སྲོལ། །

ཐུགས་རྒྱུད་ཉམས་བཞེས་གནང་བ་མཛད་པའི་ཕུལ། །

 

ཐམས་ཅད་མཁྱེན་པར་འགྱུར་བའི་ཕུལ་བྱུང་རྒྱུ། །

རིག་པའི་གནས་ཀུན་བརྩོན་དགོས་རྒྱལ་བའི་བཀའ། །

ཡིན་ཕྱིར་སྒྲ་ཚད་གཟོ་གསོ་ཕྱི་ནང་རིག། །

ཚད་ལྡན་བཤེས་ལས་བརྩོན་པ་འབབ་ལྡན་བཞིན། །

 

རྒྱལ་ཁྲིམས་བཙན་པོས་བསྟན་འགྲོ་གཟིར་བའི་དུས། །

རིས་མེད་ཡང་དག་བཤེས་ཀྱི་གྲིབ་བསིལ་དུ། །

གཞུང་ལུགས་དཀའ་གནས་འབུམ་ལ་ངལ་བསོས་པ། །

དྲན་དབང་བྱང་ཆུབ་ལྗོན་པ་བསྐྱེད་པའི་རྒྱུ། །

 

ཐེག་ཆེན་རྒྱལ་སྲས་སྤྱོད་པས་བརྒྱན་པ་ཁྱོད། །

ཉམ་ངའི་གཡང་དུ་ལྷུང་བའི་གང་ཟག་ལ། །

འཛེམས་མེད་བཟོད་དཀའི་ནད་གཡོག་མཛད་པའི་ཚུལ། །

ཟས་གཙང་སྲས་པོའི་ཚུལ་དང་རྗེས་སུ་མཐུན། །

 

སྤོང་ཀློག་བྱ་བ་ལས་ཀྱི་འཁོར་ལོ་ཞེས། །

རྒྱལ་བའི་བསྟན་ལ་གྲགས་པའི་བསྟི་གནས་ཆེ། །

གཞལ་མེད་ཁང་ཆེན་རྟེན་དང་བརྟེན་པ་ཡི། །

ངོ་མཚར་སྣོད་བཅུད་འཇིག་རྟེན་རྒྱན་དུ་འབར། །

 

སྣང་མཐའི་རོལ་གར་པཎ་ཆེན་ཨིར་ཏི་ནིའི། །

ཐུགས་བརྩེ་ཆེན་པོའི་བཀའ་གསུང་དང་བླང་སྟེ། །

སྨན་རི་བཤད་སྒྲུབ་གླིང་སོགས་འདུལ་སྔགས་སྡེ། །

དུ་མ་བཙུགས་པའི་གྲགས་དཀར་ནམ་མཁའི་མཐའ། །

 

རང་ཉིད་ཡོན་ཏན་རྒྱ་མཚོས་ཕྱུག་ན་ཡང་། །

གཞན་གྱི་ལེགས་བྱང་ཆུང་ངུའང་དོན་གཉེར་བ། །

རྣམ་ཐར་གཅིག་གིས་དམ་པ་ཀུན་གྱི་ཚུལ། །

མཁའ་ནས་དོག་ལ་ཤར་བའི་རྟ་བདུན་བཞིན། །

 

རང་ཉིད་ཇི་བཞིན་མཁྱེན་པའི་ལེགས་གསུང་ནི། །

སྦྲང་རྩི་དོན་གཉེར་ཅན་གྱི་རྐང་དྲུག་ཚོགས། །

རང་རང་རྒྱན་དུ་སྩལ་བའི་ངང་ཚུལ་དེས། །

ཕལ་པའི་སྐྱེ་བོས་ནམ་ཡང་བསྒྲུན་དུ་མེད། །

 

ཕྱོགས་རེ་མཐོང་ནས་རང་རྒྱུད་སྦོས་པ་ཡི། །

ཆེན་པོའི་མིང་འཛིན་གཞན་དང་མི་འདྲ་བར། །

དཀའ་གནད་མདུད་པ་འགྲོལ་བའི་དཔྱད་པ་ཡིས། །

སྣ་བརྒྱའི་རྩོམ་རིག་ཀུན་དགའི་སྐྱེད་ཚལ་བསྐྲུན། །

 

ཤེས་མེད་བླུན་པོ་སྟོང་གིས་མི་མྱོང་ཡང་། །

ཤེས་ལྡན་ཡིད་དབང་འཕྲོག་པའི་ལེགས་གསུང་ནི། །

དབྱངས་ཅན་མགྲིན་པར་ཁུགས་པའི་ཚིག་རྒྱན་གང་། །

གླིང་འདིའི་རིག་མཛོད་ཀུན་གྱི་ནང་ནོར་དངོས། །

 

ཕྱོགས་ཀུན་མཐོང་བའི་དཔྱད་པ་ཕྲ་མོ་ཡིས། །

ཤར་ནུབ་དཔྱོད་ལྡན་བགྲོ་གླེང་སྟེགས་བུ་རུ། །

ཟླ་བྲལ་ནགས་ན་རྒྱུ་བའི་གླང་པོ་ཡིས། །

ཤེས་ལྡན་རི་དགས་གཞན་རྣམས་འདར་བ་བཞིན། །

 

དེང་དུས་ལུགས་གཉིས་བརྗོད་བྱའི་དོན་གྱིས་སྟོང་། །

སྙན་འཇེབས་ཚིག་རྒྱན་རིག་པའི་གོ་ཐོས་དབེན། །

ད་དུང་ཡི་གེའི་སྦྱོར་སྡེབས་མི་ཤེས་ཀྱང་། །

ཕུལ་བྱུང་རྩོམ་ཡིག་བྲིས་པར་རློམས་པ་མང་། །

 

རང་ཉིད་གོ་བའི་རྣམ་དཔྱོད་རིང་ནས་བྲལ། །

གཞན་དག་མཐོང་བའི་ལྟ་བྱེད་དྲེགས་པས་ཟུམ། །

ཨུ་ཚུགས་གཅིག་པུས་གྲོང་ཁྱེར་འགྲིམས་འདོད་པའི། །

དེང་དུས་མཁས་རློམ་དམུས་ལོང་ས་ཡི་རྡུལ། །

 

དཔྱད་གསུམ་ཡང་དག་རིགས་པས་གཞལ་མིན་ཡང་། །

ལད་ཟློས་རི་མོའི་འཁར་བར་བརྟེན་པ་འགའ། །

ཉམ་ངའི་འདམ་རྫབ་ཁྲོད་དུ་ལྷུང་བཞིན་དུ། །

ལེགས་བཤད་འབྲུག་སྒྲ་སྒྲོག་སྙམ་ཡ་ངའི་གནས། །

 

དམ་པའི་ཞལ་རྒྱུན་རྣམ་ཤེས་རིང་ནས་སྟོང་། །

ཚད་མ་གསུམ་གྱི་གཡོ་འགུལ་ནུས་པ་ཕྲ། །

རང་བཟོའི་ནག་ནོག་བགོས་པའི་རྩིག་པ་ཡི། །

རི་མོའི་གཟུགས་དེས་ཤེས་ལྡན་སུ་མ་བསླུས། །

 

གང་ཞིག་ཚངས་དབྱངས་རིན་ཆེན་དང་པོའི་ཟླ། །

ལེགས་པར་གོ་བའི་མཁས་རློམ་མཆིས་སྲིད་ན། །

དེ་མ་ཐག་ཏུ་སྨྱུ་གུ་རྒྱང་རིང་དུ། །

ཅི་དགར་འབོར་བའི་བྱ་བ་ལྷུར་ལེན་ངེས། །

 

དོན་ལྡན་ཡིད་བཞིན་གཏེར་གྱི་བརྗོད་བྱས་ཕྱུག །

སྡེབས་ལེགས་ཚངས་དབྱངས་ངག་གི་རོལ་མོ་འཁྲོལ། །

མཁས་རློམས་ཝ་སྐྱེས་འདར་བའི་གདོང་ལྔའི་དབྱངས། །

ཉེས་བཤད་ཚང་ཚིང་བསྲེགས་པའི་ལེགས་གསུང་མེ། །

 

ལེགས་བཤད་དོན་གཉེར་བུང་བ་གཞོན་ནུའི་ཚོགས། །

རྩོམ་རིག་པད་མོའི་ཚལ་ལ་རོལ་འདོད་ན། །

གཟུར་གནས་བློ་མིག་གཤོག་ཟུང་བསྐྱོད་པ་ཡིས། །

དོན་ལྡན་སྦྲང་རྩིའི་དོག་པ་འདིར་ཞུགས་ཤིག །

 

མང་ཐོས་དྲེགས་ལྡན་བདེ་འབྱུང་སྤྱི་བོ་རུ། །

ལེགས་པར་ངལ་གསོ་ཐོབ་པའི་ཟླ་རྒྱས་ཁྱོད། །

གྲགས་སྙན་སྒྲ་བརྒྱ་དགུང་ནས་ལྡིར་བའི་ཚེ། །

མཁས་རློམ་འཕར་འགྲོ་མཐའ་དག་བརྒྱལ་ཞིང་རེངས། །

 

ཕལ་ཆེར་དད་རྫས་བསྡུ་བའི་སྤྱང་གྲུང་ལྡན། །

ས་རྡོ་ཤིང་སོགས་བསྟན་པའི་སྙིང་པོེར་རློམས། །

ཁྱོད་ཀྱིས་གསུང་གི་གཅེས་མཛོད་དང་དུ་བླང་། །

ཚུལ་འདིས་མཆོག་དམན་བར་ཁྱད་མེ་ལོང་བཞིན། །

 

འདི་ན་གཞན་དག་སྡང་བའི་གཏམ་མིན་ཡང་། །

ལུགས་གཉིས་ཤེས་བྱའི་རྣམ་གཞག་གང་ལའང་། །

མི་མཐུན་ཕྱོགས་སྤངས་མཐུན་ཕྱོགས་ཡོན་ཏན་ཕྱིར། །

དམ་པའི་ཡོན་ཏན་ཅུང་ཟད་མཐོང་བས་སོ། །

 

བྱང་སེམས་གཅིག་ལ་དང་བའི་མིག་ལྟ་བ། །

ཁམས་གསུམ་འགྲོ་ཀུན་ལྟ་བྱེད་སྦྱིན་པ་ལས། །

ལྷག་པའི་བསོད་ནམས་འཐོབ་གསུངས་དེ་ཡི་ཕྱིར། །

དམ་པའི་ཡོན་ཏན་སྡེབས་ལེགས་ངག་གིས་སྤེལ། །

 

རིག་པ་འབྱུང་བའི་ཡུལ་གྱི་གསེར་ལྡན་མར། །

རིན་ཆེན་དང་པོའི་རིན་ཐང་ཕམ་མཛད་པའི། །

བཅུ་ཕྲག་བརྒྱད་ལས་བརྒལ་བའི་བྱང་སེམས་ཀྱི། །

སྐུ་ཡི་མཛད་པ་ད་ནི་བསྡུས་པར་སྐྱོ། །

 

དོན་བརྗོད་ཚིག་གི་མཆོད་པའི་ཨུཏྤལ་འདི། །

སུས་ཀྱང་མ་བསྐུལ་སྙིང་གི་འདབ་མ་ཡིན། །

སླར་ཡང་གདུལ་བྱའི་དོན་དུ་ཡང་སྲིད་ཀྱི། །

སྤྲུལ་པའི་ཉི་གཞོན་འཆར་བར་དགོངས་མཛོད་གསོལ། །