མདུན་ངོས། » གསར་རྩོམ། » རྫོགས་ཆེན། » དྭོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ་ཞེས་བྱ་བ་བཞུགས།།

དྭོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ་ཞེས་བྱ་བ་བཞུགས།།

 

དྭོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ་ཞེས་བྱ་བ་བཞུགས།།

ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ། 

ཐོག་མ་མེད་ནས་བསགས་པའི་སྒྲིབ་ཚོགས་སྤྲིན། །དགོངས་རྟོགས་ཡེ་ཤེས་ཆེན་པོའི་ཉི་གཞོན་གྱིས། །ཕ་མཐར་བྱས་ཏེ་སྐུ་གསུམ་རྒྱལ་བའི་མཛོད། །སྣང་བར་མཛད་པོ་ཏ་པི་ཧྲི་ཙའི་ཞབས། །རང་འདྲའི་བསྟན་སྒོར་ཞུགས་པ་འགར། །རྣམ་དཔྱོད་རྟོགས་པའི་ཤེད་མ་རྒྱས། །གཞུང་དོན་ཟབ་ཅིང་ཕྲ་བའི་དོན། །གསལ་བར་འདོད་ལ་གྲོས་འདེབས་ཚུལ། །རྫོགས་པ་ཆེན་པོའི་གཞུང་རྣམས་སུ། རྟོགས་ཏེ་སངས་རྒྱས་སུ་མ་བྱུང༌། སྐུ་དང་ཡེ་ཤེས་སུ་མ་གྲུབ། མ་རྟོགས་ཏེ་སེམས་ཅན་མ་བྱུང༌། ངམ་གྲོག་གཡང་ས་ཚེར་དོང་གང་ཡང་མེད་པའི་དུས་ན། ཞེས་དང༌། རྟོགས་ཏེ་ཨ་ཐ་མ་བྱུང༌། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན། གཞི་དངོས་པོ་གཤིས་དོན་གྱི་འདུག་ཚུལ་ཇི་ལྟར་གནས་པ་ནི། ཞེས་སོགས་དུ་མ་གསུངས་པ་དང༌། གཞན་ཡང་གཞུང་འགའ་ནས། འཁོར་བ་ཐོག་མ་མེད་པ་ནས། ཞེས་སོགས་གསུངས་པ་ལ། ཚིག་དེ་རྣམས་མཐོང་མ་ཐག་ཏུ་ནང་འགལ་དང་ཁྱབ་མེད་སོགས་མི་བརྗོད་པར། འདི་ལྟར་རང་གི་ཤེས་རབ་ཀྱི་མིག་ནི་ཤིན་ཏུ་མི་གསལ་ཡང་མི་མང་གི་དཀྱིལ་དུ་གསལ་མདོག་གི་ང་རྒྱལ་མི་བྱེད། གཞུང་དོན་འདི་རྣམས་ཤིན་ཏུ་དགོངས་གཞི་དང་དགོས་པ་རྒྱ་ཆེ་བས། ལྷག་པའི་ལྷ་ཡིས་གཞུང་དོན་འདི་རྣམས་རྟོགས་པར་བྱིན་གྱིས་རློབས་ཞེས་གསོལ་བ་འདེབས་ཤེས་པར་བྱེད། དེ་ནས་སྔར་གཞུང་ལས་འཁོར་བ་ཐོག་མ་མེད་གསུངས་པ་དེ་སྤྱིར་སེམས་ཅན་ཇི་ལྟ་བུ་ཞིག་ཡིན་རུང་དེ་ཡི་ཤེས་རྒྱུད་དེ་ཡི་འགོ་གང་ནས་བརྩམས་པ་དང༌། དུས་ནམ་བརྩམས་པ་སོགས་ཕྱིར་ལོག་ནས་ཁུངས་ལ་བརྟགས་ན་འགྲོ་བ་ཕལ་པས་ག་ལ་རྟོགས་ཀྱང༌། རྣམ་མཁྱེན་གྱིས་ཀྱང་མི་མཐོང་བས་ན་འཁོར་བ་ཐོག་མ་མེད་ཅེས་སོགས། དཔེར་ན་ད་ལྟ་རང་གི་ཤེས་རྒྱུད་འདི་སྐྱེ་བ་སྔོན་མའི་གནས་སྐབས་ཀྱི་ལས་ཉོན་གྱི་འཕངས་འབྲས་དང༌། སྔོན་མ་སྔོན་མའི་ལས་ཉོན་གྱི་འཕངས་འབྲས་སུ་གྱུར་པ་ཡར་ཅི་ཙམ་བརྩིས་ཀྱང་གྲངས་ཚད་གཏན་ནས་མི་རྙེད་པས་སེམས་ཅན་རེ་རེ་བཞིན་གྱི་ཤེས་རྒྱུད་ཀྱི་ཡ་མཐའ་མི་རྙེད་པའི་ཕྱིར་ན། འཁོར་བའི་ཐོག་མ་མེད་པར་གསུངས། ཁོ་ན་རེ། ཐོག་མ་མེད་གསུངས་པའི་དོན་དེ་ལྟར་མི་འཐད་དེ། ད་ལྟའི་སེམས་ཅན་འདིའི་ཤེས་རྒྱུད་འདི་སྔ་མའི་ལས་ཉོན་གྱི་འཕངས་འབྲས་ཡིན་ན། སྔར་ལས་ཉོན་དེ་གསོག་པའི་དུས་དེ་དེ་ཡི་འགོ་ཡིན་དགོས་པའི་ཕྱིར་ཟེར་ན། དེ་ལྟར་ལས་ཉོན་གསོག་པོ་དེ་ཡི་རྒྱུ་ལས་ཉོན་སྔོན་དུ་འགྲོ་དགོས་ལ། མ་སོང་ན་དེ་ལས་ཉོན་གསོག་པ་པོ་དང༌། ལས་ཉོན་དེ་ཡི་རྒྱུར་མི་འགྱུར་བའི་ཕྱིར། ཡང་ཁོ་ན་རེ། འཁོོོར་བའི་ཐོག་མ་མེད་པ་མི་འཐད་པར་ཐལ། མཛོད་ལས། ཡོད་མེད་ཀྱི་སྲིད་པ་ཡབ་ཡུམ་གཉིས་ཀྱིས་ཡོད་ཁམས་ཀྱི་འགྲོ་བ་དང༌། མེད་ཁམས་ཡབ་ཡུམ་གཉིས་ཀྱིས་མེད་ཁམས་ཀྱི་འགྲོ་བ་སྤྲུལ་པར་གསུངས་པས། དེ་འདྲའི་འགྲོ་བ་དེ་རྣམས་ནང་བཅུད་སེམས་ཅན་གྱི་གྲོལ་ཕུགས་སུ་གསུངས་པ་གང་ཞིག གྲོལ་ཕུགས་ཡིན་ན་དེ་འགྲོ་བའི་ཐོག་མ་ཡིན་དགོས་པའི་ཕྱིར། ཟེར་ན། དེའི་དགོངས་དོན་ནི། འགྲོ་བ་དེ་དག་གི་ལུས་རིགས་སོ་སོར་བྱུང་བའི་ཁུངས་སུ་སྤྲུལ་པ་ལས། འགྲོ་བ་དེ་དག་གི་ཤེས་རྒྱུད་ཀྱི་ཐོག་མ་ཡིན་པ་མ་གསུང་པའི་ཕྱིར། དེ་ལྟར་མ་ཡིན་པ་ལུས་སེམས་གསར་དུ་གྲུབ་མཉམ་དུ་འདོད་ན། ལུས་སེམས་རྫས་གཅིག་ཏུ་གྱུར་པས། ལུས་ཞིག་ཙམ་ན་སེམས་ཀྱང་ཞིག་པས། རྒྱང་འཕེན་གྱི་ལུགས་བསླངས་པ་ལས་གཞན་དེ་ལྟར་སྨྲ་བ་སུ། འཁོར་བ་ཐོག་མེད་འདི་ལྟར་ན། འཁོར་བའི་སེམས་ཅན་གསར་འབྱུང་མི་སྲིད། གྲུབ་ཟིན་པའི་སེམས་ཅན་ལས་འཁོར་བ་སྤངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་རིམ་བཞིན་སེམས་ཅན་ཉུང་ངུར་སོང་བས་མཐར་སེམས་ཅན་གྱི་གྲངས་དང་མཚུངས་པའི་སངས་རྒྱས་ཤ་སྟག་ལས། སེམས་ཅན་སྟོང་པར་གྱུར། དེ་དུས་སངས་རྒྱས་ཀྱི་མཛད་པ་གང༌། ལུང་ལས། སེམས་ཅན་དོན་བྱ་མ་གཏོགས་པ། སངས་རྒྱས་ལ་ནི་ལས་གཞན་མེད། ཅེས་གསུངས་པ་ཅི་ལ་གོ། ཞེས་སོགས་ལ་ཐུགས་བསམ་གཞིག་རྒྱུ། གོང་གི་རྫོགས་ཆེན་གྱི་ལུང་དེ་རྣམས་ཀྱིས་གསུངས་པའི་འཁོར་འདས་གང་རུང་མ་བྱུང་བའི་སྔོན་རོལ་ན། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་གསུངས་པ་ལྟར་ན། འཁོར་བའི་ཐོག་མ་ཡོད་པ་ཐལ། འཁོར་བ་མ་བྱུང་བའི་སྔོན་རོལ་དེ་འཁོར་བའི་ཐོག་མ་ཡིན་པའི་ཕྱིར་སྙམ་ན། འདི་ལྟར་གསུངས་པའི་འཁོར་བའི་ཐོག་མ་ནི། སེམས་ཅན་ཞིག་ཤི་བའི་དུས་འདོད་ཁམས་པ་ལྟ་བུ་ཞིག་ཡིན་ན་ལུས་ཀྱི་ཕུང་པོ་འདི་འབྱུང་བའི་རྡུལ་རྫས་ལས་བྱུང་བ་དང་ནང་གི་ཤེས་རྒྱུད་གཉིས་གསོན་པོའི་ཚེ་རྟེན་དང་བརྟེན་པའི་འབྲེལ་བ་ཤིན་ཏུ་དམ་པ་ཞིག་ཡོད་པ་དེ་འཆི་བའི་ནད་ཀྱི་རྐྱེན་གྱིས་ལུས་སེམས་ཀྱི་འབྲེལ་བ་བཅད་པའི་རྗེས་སུ་གཤིན་པོ་དེའི་ཤེས་རྒྱུད་ལ་སྣང་བ་འཆར་ཚུལ་གྱི་རྣམ་པ་མདོ་སྔགས་སེམས་གསུམ་གྱི་གཞུང་དང་བསྟུན་ནས་བཤད་ན། དང་པོ་མདོ་ལས་བསྟན་ཚུལ། གཤིན་པོ་དེ་ལ་སྣང་མཆེད་ཐོབ་གསུམ་གྱི་སྣང་བ་འགགས་ནས་ཅི་ཡང་སྣང་བ་མེད་པའི་ངང་དུ་དྲན་མེད་བརྒྱལ་བའི་ཚུལ་དུ་གནས་པར་འདོད་པ་དང༌། གནས་པའི་དུས་རིང་ཐུང་ངེས་མེད་དུ་འབྱུང་བའི་མཐར་གཉིད་འཐུག་པོ་ལས་ལྡང་ནས་རྨི་ལམ་རྨིས་པའི་སྣང་ཆ་བཞིན་འཆར་བ་དང༌། གང་འཆར་བ་ནི། རང་གི་ལས་ཀྱི་རྗེས་སུ་འབྲངས་ཏེ་འཆར་བས། དགེ་ལྡན་ལ་སྣང་བ་རྣམས་ཡིད་འོང་དང༌། ཕན་པ་ཅན་དང༌། དགའ་སྤྲོ་ཅན་དང་བདེ་བའི་རང་བཞིན་དུ་སྣང༌། སྡིག་པ་ཚན་ཆེ་བ་ལ་སྣང་བ་དེ་རྣམས་འཇིགས་སྐྲག་ཅན་དང༌། སྡང་བར་བྱེད་པ། གནོད་པར་བྱེད་པ། ཡིད་དུ་མི་འོང་བ། མི་བདེ་བའི་མཚན་མ་ཅན་དུ་སྣང༌། དགེ་སྡིག་ཤས་ཆེ་ཆུང་སྙོམས་པ་དང༌། འགྲོ་བ་ཕལ་པ་རྣམས་ལ་ཟས་དང་སྐོམ་དང༌། ཡུལ་ཞིང་བང་ཁང་སྔར་འདྲིས་པའི་མི་དང་དུད་འགྲོ་སོགས་དང་འགྲོགས་པ་དང༌། ལོངས་སྤྱོད་པ་སོགས་ཀྱི་སྣང་བ་འཆར་རོ། །བར་དོ་དེ་ཡི་ཚེ་ཚད་ནི་སྤྱིར་གང་ཟག་རེ་རེ་བཞིན་ངེས་པ་མེད་ཀྱང༌། ཐུན་མོང་སྤྱི་ཡི་དབང་དུ་བྱས་ན་ཤི་ནས་ཞག་གསུམ་དྲོ་བཞིའི་རྗེས་ནས་ཞག་ཞེ་དགུའི་བར་དུ་གནས་པར་གསུངས་པ་དང༌། ཞག་གསུམ་དྲོ་བཞིའི་རིང་དུ་ཐུན་མོང་སྤྱི་ཡི་དབང་དུ་བྱས་ཏེ་བརྒྱལ་བའི་ཚུལ་དུ་གནས། ཞག་ཞེ་དགུའི་ཡར་ཕྱེད་ཞག་གཅིག་ནས་ཞག་ཉེར་བཞི་དང་ཕྱེད་ཀྱི་བར་སྔར་ལུས་ཀྱི་རྣམ་པ་འཛིན། ཕྱེད་ཕྱི་མར་ལུས་གང་ལེན་པའི་རྣམ་པར་སྣང་ཞིང༌། དེ་གཉིས་ཀྱི་བར་དུ་སྐྱེ་འཆི་བྱེད་པའི་སྣང་བས་ལུས་བརྗེ་བསོར་བྱེད་པ་སོགས་གསུངས། སྔགས་ཀྱི་དབང་དུ་བྱས་ན། བར་དོ་དང་པོ་སྣང་མཆེད་ཐོབ་གསུམ་གྱི་རྗེས་སུ་བསམ་མེད་དྲན་མེད་བརྒྱལ་བའི་རྣམ་པ་ཅན་དེ་སྦྱང་བྱ་དང༌། རྣལ་འབྱོར་པའི་རིག་ངོར་ཤར་བའི་ཀ་དག་བོན་སྐུའི་བར་དོའི་ངོ་བོ་དེ་སྦྱོང་བྱེད། དེ་ལས་སྡང་སྟེ་བོན་ཉིད་འོད་གསལ་གྱི་བར་དོའི་སྣང་བ་རྣམས་ཡི་དམ་གྱི་སྐུ་རུ་བཞེངས་པའི་རྣམ་པ་སྦྱོང་བྱེད། དེ་ཡི་སྦྱང་བྱ་བར་སྲིད་ཀྱི་སྣང་བ་རྣམས་དང༌། ཐ་མལ་པ་རྣམས་སྔགས་ཀྱི་རྟོགས་པ་མེད་ཀྱང་སྣང་ཆ་རྣམས་སུ་དབལ་མོ་ལས་མཁན་དང༌། གྱད་དམག་རྒྱལ་ཆེན། ཞི་བ་ཁྲོ་བོ་སོགས་རང་རང་གི་ལས་དག་པ་དང་མ་དག་པ་དང་མཐུན་པར་འཆར་བ་འདོད། དེ་ནས་སྲིད་པའི་བར་དོའི་སྣང་བ་རྣམས་སྦྱང་བྱ་དང༌། དེ་དང་བསྟུན་ཏེ་རྣལ་འབྱོར་གྱི་སྣང་ཆའི་རྣམ་འགྱུར་སྒྱུ་ལུས་ཀྱི་བཀོད་པ་རྣམས་སྦྱོང་བྱེད་དུ་འདོད་པའོ། །རྫོགས་ཆེན་ལྟར་ན། འཆི་སྲིད་ཀྱི་སྣང་མཆེད་ཐོབ་གསུམ་གྱི་མཇུག་ཏུ་ཀ་དག་བོན་སྐུའི་བར་དོ་སྟེ། རྣལ་འབྱོར་རབ་རྣམས་ཆུ་ཡུར་རྐ་ནས་དྲངས་པ་བཞིན་གནས་པ་ཚེ་ཡི་བར་དོའི་སྐབས་ཀྱི་ཉམས་ལེན་གྱི་རྒྱུན་མཐུད་དེ་འཆི་སྲིད་ཀྱིས་བར་མ་བཅད་པར་གཞི་ཐོག་ཏུ་གནས་པའི་མཐར་གྲོལ་བ་ཐོབ་པ་ཡོད་པ་དང༌། དེའི་དུས་གཞི་ཐོག་ཏུ་གནས་མ་ནུས་ངོས་མ་ཟིན་པ་ལ། ལྷན་སྐྱེས་རླུང་གི་གཡོ་ལྡང་ལས་སྒྲ་འོད་ཟེར་གསུམ་གྱི་སྣང་བ་གློ་བུར་དུ་ཤར། དེ་ཤར་བ་དང་རྫོགས་ཆེན་གྱི་རྣལ་འབྱོར་ཐོད་བརྒལ་གྱི་སྣང་བ་ཉམས་འོག་ཏུ་ཚུད་པ་ལ། སྣང་བ་དེས་བར་མ་བཅད་པར་རྩལ་ཤར་གྱི་རིག་པའི་ཡེ་ཤེས་གཞི་ལས་མ་གཡོས་པར་རང་ས་ཟིན་པས་སྣང་བ་དེ་རྣམས་དག་སྣང་འབའ་ཞིག་ཏུ་ཤར། སྐབས་འདིའི་རིག་པའི་ཡེ་ཤེས་ཞེས་གཞི་ཡི་གནས་ལུགས་སྟོང་པ་ཉིད་དེ་སྟོང་པ་ཉིད་ཀྱིས་འཇལ་བའི་ཚུལ་ལས་ཡུལ་དང་ཡུལ་ཅན་དང་གཞལ་བྱ་འཇལ་བྱེད་ཅེས་སོགས་ཀྱི་ཐ་སྙད་བྱེད་པ་ཡོད་ཀྱང་བརྡ་མཚོན་བྱེད་ཙམ་ལས་ཚིག་རྗེས་སུ་འབྲང་རྒྱུ་མེད་དོ། །འདི་ལ་ཀུན་དུ་བཟང་པོས་དགེ་བ་སྤུ་ཙམ་མ་བྱས་ཀྱང་སངས་རྒྱས་པའི་གཏན་ཚིགས། ཞེས་པ་འདི་ཡང་སྐབས་འདིར་རྩལ་ཤར་གྱི་རིག་པའི་ཡེ་ཤེས་དེ་ཡུལ་སྒྲ་འོད་ཟེར་གསུམ་ཤར་བ་དེ་དང་ལྷན་ཅིག་ཏུ་བྱུང༌། ཚུལ་ནི་རྩལ་སྒྲ་འོད་ཟེར་གསུམ་གྱི་སྣང་བ་བྱུང་བ་དེ་ཡི་རྗེས་སུ་མ་འབྲེངས་པར། གཞི་སྟོང་པ་ཉིད་ཀྱི་ངང་ནས་གཡོ་བ་མེད་པར་གནས་པས་རང་ས་ཟིན་ཞེས་པའི་ཐ་སྙད་བྱེད། དུས་ཐག་ཉེ་བའི་ནང་དུ་དགེ་བ་བྱེད་པའི་གོ་སྐབས་མེད་ཅིང་སྟོང་པའི་ངང་ལས་བྱུང་བས་དགེ་བ་སྤུ་ཙམ་མ་བྱས་ཞེས་པ་ཙམ་ལས་རིག་པའི་ཡེ་ཤེས་སྐྱེས་ནས་རང་ས་ཟིན་པའི་རྒྱུ་ཡོད་དེ། གཞི་འདི་དང་འབྲེལ་བའི་གང་ཟག་སྐྱེ་འཆི་བྱེད་པོ་དེ་ཡི་རྒྱུད་ལ་སྔར་བསོད་ནམས་བསགས་པའི་སྟོབས་ལ་བརྟེན་ནས་གཞི་ལ་རང་ས་ཟིན་པ་ཡིན་པས། རྒྱུ་མེད་རྐྱེན་མེད་ཀྱི་ལྷན་སྐྱེས་ཡེ་ཤེས་སྐྱེས་པ་ཅི་ལ་སྲིད། འདི་ལ་ལྷན་ཅིག་སྐྱེས་ཞེས་པའི་དོན་ལ། གལ་མདོ་ལས། མ་རིག་པ་དང་ཡེ་ཤེས་ལྷན་ཅིག་སྐྱེས་ཏེ། ཞེས་གསུངས་པའི་དོན་གང་ཟག་གང་གི་རྒྱུད་ལ་ལྷན་སྐྱེས་ཡེ་ཤེས་སྐྱེས་པ་དེའི་རྒྱུད་ལ་མ་རིག་པ་དང་ལྷན་ཅིག་སྐྱེས་པ་གཏན་ནས་མི་རུང་ཞིང༌། དེ་ཡི་དོན་མ་རིག་པ་དང་ཡེ་ཤེས་གཉིས་ཀ་གཞི་གནས་མིན་པ་དང༌། རྩལ་ཤར་གློ་བུར་བ་ཡིན་པ་འདྲ་བས་ན། ལྷན་ཅིག་སྐྱེས་ཞེས་གསུངས། དེ་ལྟར་ཡིན་ཏེ། དེ་ཉིད་ལས། དེ་གཉིས་ཀ་གློ་བུར་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། གང་ཟག་གཅིག་གི་རྒྱུད་ལ་དེ་གཉིས་དུས་མཉམ་དུ་ལྷན་ཅིག་སྐྱེ་མི་རུང་སྟེ། དེ་ཉིད་ལས། གཞི་དེ་ཉིད་རྟོགས་ཤིང་ལྷག་མཐོང་དུ་སྐྱེས་པ་ལ། ཡེ་ཤེས་ཞེས་ཐ་སྙད་དུ་བཏགས་ལ། གཞི་དེ་ཉིད་མ་ཤེས་ཤིང་མ་རྟོགས་པའི་དུས་སུ་མ་རིག་པ་ཞེས་ཐ་སྙད་དུ་བཏགས་ཏེ། ཞེས་གསུངས་པའི་ཕྱིར། དེ་གཉིས་ཀ་རྩལ་ཤར་གློ་བུར་བ་ཡིན་པ་འདྲ་བའི་ཚུལ་ནི། རིག་པ་མ་རིག་པ་གཉིས་ཀ་གང་དུ་ལྷན་ཅིག་སྐྱེས་ན། གཞི་རང་འབྱུང་གི་ཡེ་ཤེས་ཀྱི་ངང་དུ་སྐྱེས། གང་དང་ལྷན་ཅིག་ཏུ་སྐྱེས་ན་རྩལ་སྒྲ་འོད་ཟེར་གསུམ་དང་ལྷན་ཅིག་ཏུ་སྐྱེས། གང་ལྷན་ཅིག་ཏུ་སྐྱེས་ན་ལྷན་ཅིག་སྐྱེས་པའི་རིག་པའི་ཡེ་ཤེས་དང༌། ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་གཉིས་སྐྱེས། ཚུལ་ཇི་ལྟར་སྐྱེས་ན། ལྷན་ཅིག་སྐྱེས་པའི་རིག་པའི་ཡེ་ཤེས་དེ་དང་པོ་སྐྱེས་དུས་ནས་གཞི་གནས་སྟོང་ཉིད་རང་འབྱུང་ཡེ་ཤེས་འཇལ་བཞིན་པ་ལས་སྒྲ་འོད་ཟེར་གསུམ་གྱི་རྗེས་སུ་མ་འབྲངས་དེ་ལ་བཀག་པ་མ་བྱས། རང་ཉིད་གཞི་གསལ་སྟོང་ཟུང་འཇུག་གི་ངང་ལས་མ་གཡོས་བཞིན་སྒྲ་འོད་ཟེར་གསུམ་གྱི་རྣམ་པ་འགག་མེད་དུ་ཡེ་ཤེས་དེ་ཡི་ངོར་ཤར་བ་དེ་རང་སྣང་སྒྱུ་མ་ལྷག་གིས་མཐོང་ཞེས་པའི་དོན་དུ་གོ། ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་ཡང་གང་དུ་སྐྱེས་པ་དང༌། གང་དང༌། གང་ལྷན་ཅིག་སྐྱེས་པ་རྣམས་སྔར་ལྟར་ལ། ཚུལ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པ་དེས་ཡུལ་སྒྲ་འོད་ཟེར་གསུམ་ཤར་བ་དང་དུས་མཉམ་དུ་ཡུལ་གྱི་རྣམ་པ་རྣམས་ཐོགས་མེད་འཛིན་པ་སྐྱེས་པས། ཡུལ་དེ་རྣམས་ཀྱི་རང་བཞིན་སྟོང་པའི་བདག་ཉིད་ཡིན་ཡང་བློ་དེས་ཡུལ་དེ་རྣམས་སྣང་བའི་གཞི་དེ་ནས་སྣང་བ་ལྟར་རང་དབང་གིས་བྱུང་བར་ངང་ངམ་ཤུགས་ཀྱིས་བཟུང་བས་ན་མ་རིག་པའོ། །དེ་ཡང་གློ་བུར་དུ་སྟོང་པའི་ངང་ལས་བྱུང་བ་བཞིན་ཤར་བ་ལ་བསམས་ནས། སྡིག་པ་སྤུ་ཙམ་མ་བྱས་ཞེས་སོགས་གསུངས་པ་མངོན། སྤྱིར་ལྷན་སྐྱེས་ཀྱི་མ་རིག་པ་ལ་རྒྱུ་ཡོད་དེ། རང་རྒྱུད་ལྡན་གྱི་གང་ཟག་དེ་ཡི་ལས་ཉོན་སྔ་མ་རྣམས་ལྷན་སྐྱེས་ཀྱི་མ་རིག་པའི་རྒྱུ་ཡིན་ནོ། །དེ་ལྟར་ཡིན་ཏེ། མ་རིག་པ་དེ་རྟེན་མེད་ཡན་ག་བའི་ཤེས་པ་མ་ཡིན་པའི་ཕྱིར། དེ་ལྟར་གནས་སྐབས་ཀྱི་མ་རིག་པ་འདི་གློ་བུར་དུ་རྩལ་ཤར་དུ་བྱུང་བ་དེ་ལ་བསམས་ནས་འཁོར་བའི་ཐོག་མ་ཞེས་བཏགས་པའོ། །འཁོར་བ་ཐོག་མ་མེད་པ་ནི་དོན་གྱི་ངོ་བོ་ཡིན་པ་ལ་འགལ་བ་མེད་དོ། །རྩལ་ཤར་གྱི་རིག་པའི་ཡེ་ཤེས་ཞེས་གཞི་གསལ་སྟོང་ཟུང་འཇུག་འགྲོ་བ་ཡོངས་ལ་ཁྱབ་གདལ་མཉམ་སྙོམས་སུ་གནས་ཤིང་དེ་རང་གི་ངོ་མ་ཤེས་པའི་སྐབས་སུ་ཡང་གཞི་ལ་ཉམས་པ་མེད། བརྡ་ཐབས་ཀྱི་རྟེན་འབྲེལ་ལ་བརྟེན་ནས་གཞི་ཡི་ངོ་བོ་གསལ་སྟོང་ཟུང་འཇུག་ལ་གོ་རྟོགས་ཐོག་མར་སྐྱེས་པའི་དུས་ཀྱི་གཞི་གསལ་སྟོང་མྱོང་རྣམ་ཅན་དེ་ལ་རྩལ་ཤར་གྱི་རིག་པའི་ཡེ་ཤེས་ཞེས་བྱ། དེ་འདྲའི་མྱོང་རྣམ་མ་སྐྱེས་པའི་སྐབས་དང་མྱོང་རྣམ་སྐྱེས་དུས་གཉིས་ཀའི་གཞི་ཡི་རང་བཞིན་ལ་འགྱུར་བ་གཏན་ནས་མ་བྱུང་ངོ༌། །རྩལ་ཤར་གྱི་རིག་པའི་ཡེ་ཤེས་ལྷན་ཅིག་སྐྱེས་ཞེས་པའི་ཐ་སྙད་བྱེད་པ་ཡིན་ཡང་དེ་ཡི་རང་བཞིན་ལ་གོ་རྟོགས་གསར་དུ་རྙེད་པ་དེ་ཙམ་ལས་རྒྱུ་རྐྱེན་གྱིས་ཕན་བཏགས་པའི་ཚུལ་གྱིས་སྐྱེས་པའི་ཐ་སྙད་གཏན་ནས་མེད་པ་ཤེས་དགོས། ཅི་སྟེ་ཞེ་ན། རང་རིག་ཡེ་ཤེས་ཞེས་ཡེ་ཤེས་ཀྱི་མིང་ཡོད་ཀྱང་དེ་ཡི་རང་བཞིན་གསལ་སྟོང་ཟུང་འཇུག་གི་བདག་ཉིད་དེ་ལས་འགྱུར་བ་གཏན་ནས་མ་བྱུང་བའི་ཕྱིར། ཉམས་རྒྱུད་རྒྱས་པ་ལས། གསལ་བ་ཡང་སེམས་ཉིད་དུ་གསལ། སྟོང་བ་ཡང་སེམས་ཉིད་དུ་སྟོང༌། ཞེས་དང༌། སྙན་རྒྱུད་ལས། བོན་ཉིད་ཀྱི་དབྱིངས་ལ་ཀུན་གཞི་ཞེས་བྱ། སེམས་ཉིད་ཀྱི་རིག་པ་ལ་ཡེ་ཤེས་ཞེས་བྱ། ཞེས་དང༌། གནད་དྲུག་ལས། རིག་པ་སྟོང་པ། སྟོང་པ་རིག་པ། ཞེས་གསུངས་པའི་ཕྱིར། དེས་ན་གཞུང་འདིས་བསྟན་པའི་ཡེ་ཤེས་ཤེས་པ་མ་ཡིན་ཞེས་པ་དང༌། ཡུལ་ཅན་མ་ཡིན་ཞེས་པ་དང༌། སྟོང་པས་སྟོང་པ་གསལ་བ་ཡིན་ཞེས་པ་དང༌། གསལ་བ་ཞེས་པ་ཡང་སྟོང་པ། སྟོང་པ་དེ་ཡང་གསལ་བ། དེ་དག་དབྱེར་མེད་པ་གནས་ལུགས་ཐིག་ལེ་ཉག་གཅིག་ཅེས་པ་དང༌། དེས་ན་གནས་ལུགས་གསལ་སྟོང་ཟུང་འཇུག་འདི་སྒྲ་རྟོག་གི་ཡུལ་མ་ཡིན་ཞེས་པ་དང༌། དེས་ན་འདི་ཤེས་བྱ་མ་ཡིན་པ་དང༌། ཡུལ་མ་ཡིན་པ་དང༌། སྒྲ་དང་རྟོག་པས་བཏགས་པ་ཙམ་མ་ཡིན་ཏེ། དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་དང༌། བདེན་གྲུབ་མ་ཡིན་པ་དང༌། རང་བཞིན་གྱིས་གྲུབ་པ་ཡང་མ་ཡིན་ཏེ། མ་རིག་པའི་འཛིན་སྟངས་ཀྱི་ཡུལ་མ་ཡིན་པའི་ཕྱིར། དེས་ན་གང་ཡིན་ཞེ་ན། མཐའ་བཞི་རྒྱ་གྲོལ་གྱི་སྟོང་པ་གསལ་བ་ཅན་ཞིག་གོ །དེ་ལྟར་ཡིན་པ་དེ་ཡང་སྟོང་པ་རང་གིས་མྱོང་བ་ཙམ་ལས་གཞན་སྨྲ་བསམ་བརྗོད་པའི་ཡུལ་མ་ཡིན་པའོ། །དེ་ལྟར་མཐའ་བཞི་རྒྱ་གྲོལ་སྨྲ་བསམ་བརྗོད་མེད་ཡིན་ཚད་རྫོགས་ཆེན་གྱི་ལྟ་བ་ཡིན་པ་འདོད་མི་ནུས་ཏེ། བོད་སྔ་རབས་པའི་ལྟ་བ་ཞེས་འགའ་ཞིག་གིས་ཐན་བཞིན་བལྟ་རྒྱུའི་སྨྲ་བསམ་བརྗོད་མེད་ཙམ་ཞིག་ས་སྐྱ་དང་བཀའ་བརྒྱུད་པའི་ཕྱག་ཆེན་སོགས་ཀྱིས་ཞལ་བཞེས་སྟབས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། ཞེས་པའི་ཚིག་ལ་བརྟེན་ནས་དོན་དམ་བདེན་པ་ཤེས་བྱ་མ་ཡིན་པར་འདོད་པའི་ཕྱིར། འོ་ན་རྫོགས་ཆེན་དུ་སྨྲ་བསམ་བརྗོད་མེད་དུ་སྨྲ་བའི་དོན་ཅི་འདྲ་ཞེ་ན། ཁྱད་བོན་དེ་ཙམ་འདྲ་ཡང༌། གཞི་དེ་ཉིད་འཁོར་འདས་ཀུན་གྱི་འབྱུང་གཞི་ཡིན་པ། འཁོར་འདས་གང་དུ་ལུང་མ་བསྟན་པ། ཕྱོགས་གང་དུ་མ་ལྷུང་པ། འབྱུང་རུང་མ་འགག་པ། ངོ་བོ་ཀ་ནས་དག་པ། འདི་ལྟ་བུའི་ཡོན་ཏན་ཚང་བའི་གཞི་ཡི་གནས་ལུགས་དེ་རྫོགས་ཆེན་དུ་འདོད། དེ་ཡང་རྫོགས་ཆེན་ཞེས། ཀུན་རྫོགས་ཡོངས་རྫོགས་ཐམས་ཅད་རྫོགས། ཞེས་པས། ཀུན་རྫོགས་པ་ནི་འཁོར་བ་དང་འཁོར་བའི་བོན། ཡོངས་རྫོགས་པ་ནི། མྱ་ངན་ལས་འདས་པའི་བོན་རྣམས་རྫོགས། ཐམས་ཅད་རྫོགས་ཏེ། ཤེས་བྱ་ཐམས་ཅད་རྫོགས་པའོ། །རྫོགས་པའི་ཚུལ་ནི། ལ་ཟློའི་བམ་པོ་ལས ཇི་བཞིན་སྐྱེ་མཆེད་ཤར་བ་ལ། འབྱུང་བ་ཆེན་པོ་ལྔ་ཡང་རྫོགས། ཞེས་དང༌། རྫོགས་ཆེན་ཉིད་དོན་རྟོགས་འདོད་ན། འཇིག་རྟེན་འཇིག་རྟེན་འདས་པ་རྫོགས། ཞེས་གསུངས་པ་གནས་ལུགས་ཐིག་ལེ་ཉག་གཅིག་ཅེས་སྟོང་པ་རང་གསལ་གྱི་བོན་འདི་ལས། འཁོར་འདས་ཐམས་ཅད་ཤར། ཤར་བའི་རྣམ་པ་དེ་སྟོང་པ་རང་གསལ་གྱི་བདག་ཉིད་དེ་ལས་ངོ་བོ་གཞན་དུ་མ་གྱུར། ཤར་བའི་རྣམ་པ་རེ་རེ་གྲོལ་བའི་ཚེ་ཡང་སྟོང་པ་རང་གསལ་གྱི་ངང་དུ་གྲོལ་བའམ་ཡལ་བ་ལས་གཞན་གང་དུ་མ་སོང༌། ཤར་བའི་ཚུལ་ཇི་ལྟར་སྙམ་ན་ད་ལྟ་རང་རྒྱུད་ཀྱི་གློ་བུར་བའི་དྲན་རྟོག་ཅིག་སྐྱེས་པ་ལ་ཚུར་ཁ་ལོག་སྟེ་བསམས་ན། དང་པོ་འཆར་བའི་རྒྱུ་གང་ཡང་མ་བྱས་ཀྱང་གློ་བུར་དུ་ཤར། བར་དུ་དེ་ལ་བསྒྱུར་བཅོས་མ་བྱས་པ་བཞག་ན་རང་སར་གྲོལ། གྲོལ་བའི་ཤུལ་དུ་མ་བརྟགས་ན་རྗེས་མེད། འདི་ཡི་ཚུལ་ལ་ཞིབ་ཏུ་བསམས་ན་ཤར་བའི་དོན་ཞིག་གོའམ་སྙམ། གཟེར་འགྲེལ་ལས། གཉིས་པ་རྫོགས་ལུགས་ནི། གང་རྫོགས་ན། འཁོར་འདས་མ་ལུས་རྫོགས་ཏེ། དེ་ཡང་སྣང་བ་རྣམ་གསུམ་རང་བཞིན་རྩལ་དུ་ཤར། ཞེས་དང༌། སུས་ཀྱང་མ་བྱས་རང་ཤར་ལྷུན་གྱིས་གྲུབ་སྟེ་རྫོགས་པའོ། །ཞེས་སོ། །ཁ་ཅིག་ན་རེ། རྫོགས་ཚུལ་ཐོག་མཐའ་བར་གསུམ་དུ་གནས་ལུགས་དེ་མ་དོར་བའི་སྒོ་ནས་བྱུང་བ་དེ་ལ་རྫོགས་ཚུལ་འཇོག་ན། དབུ་མའི་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དེ་ལ་འཁོར་འདས་ཐམས་ཅད་རྫོགས་པར་བཤད་ན་འཐད་པར་ཐལ། འཁོར་འདས་ཐམས་ཅད་རང་བཞིན་མེད་པ་ལས་མ་འདས་པའི་ཕྱིར། ཟེར་ན། མ་ཁྱབ་སྟེ། ཚིག་འགའ་འདྲ་མཚུངས་བཤད་གཏུབ་ཀྱང་དོན་དུ་གཞི་ཡི་ངོ་བོ་མི་འདྲ་བ་དང༌། གཞི་བྱེད་ཚུལ་མི་འདྲ། འབྱུང་རུང་ཞེས་པའི་དོན་སོགས་མ་ཚང་བའི་ཕྱིར། སྤྱིར་གཞི་འདི་འཁོར་འདས་གཉིས་ཀྱི་གཞི་ཡིན་ཡང༌། གཞི་ལ་སྦྱར་ནས་ངོས་བཟུང་ན། གང་ཟག་རིགས་མཆོག་ལྟ་བུ་ཞིག་ལ་མཚོན་ན། རིགས་མཆོག་གི་གཞི་དེ་འཁོར་འདས་གཉིས་ཀྱི་གཞི་ཡིན་ཡང༌། རིགས་མཆོག་འཁོར་བ་པ་ཡིན་པའི་རིང་གི་ཁོའི་གཞི་དེ་འཁོར་བའི་གཞི་ལས་མྱང་འདས་ཀྱི་གཞི་མ་ཡིན་ཏེ། གཞི་ཅན་གྱི་མྱང་འདས་དེའི་རྒྱུད་ལ་མ་གྲུབ་པའི་ཕྱིར། ཡང་ཁོ་ཡི་རྒྱུད་ལ་མྱང་འདས་ཀྱི་ཡོན་ཏན་སྐྱེས་པའི་ཚེ་འཁོར་བ་ལྡོག་དུས་དེའི་གཞི་དེ་མྱང་འདས་ཀྱི་གཞི་ལས་འཁོར་བའི་གཞི་མ་ཡིན་པའི་ཕྱིར། ནམ་ཞིག་གཞི་རྟོགས་པ་མཐར་ཕྱིན་སྒྲིབ་གཉིས་དྲུངས་ནས་དག སྣང་བཞི་ཟད་སར་འཁྱོལ། གཞི་སྣང་རྟོགས་མྱང་མཐར་ཕྱིན་ཏེ་སླར་མི་ལྡང་བའི་ཚུལ་དུ་གནས་པའི་དུས་སངས་རྒྱས་པ་དང༌། རྟོག་ཚོགས་སྐྱེ་བ་འགགས་ནས་ངོ་བོ་ཉིད་སྐུའི་ཀློང་ལས་འདའ་བར་མི་འགྱུར་བའོ། །གོང་དུ་བཤད་པའི་རྫོགས་ཚུལ་དེ་གཞི་འདི་ལ་ཡོད་དོ་སྙམ་པ་དང༌། འདི་ལྷུན་གྲུབ་འབྱུང་རུང་མ་འགགས་པ་ཡིན་ནོ་སྙམ་པ་དང༌། གཞི་འདི་ལ་ཡོན་ཏན་གྱི་ཁྱད་པར་དེ་རྣམས་རྫོགས་ཡོད་པར་ཤེས་དགོས་ཀྱང་ཤེས་པ་ཙམ་གྱིས་རྫོགས་ཆེན་ཤེས་པ་མ་ཡིན་ལ། གཞི་འདི་ལ་ཡོན་ཏན་གྱི་ཁྱད་པར་འདི་རྣམས་རྫོགས་པ་དང༌། འབྱུང་རུང་བ་དང༌། ཡོན་ཏན་འདི་རྣམས་ཀྱི་གཞི་ཡིན་པ་རང་རིག་གིས་མྱོང་དགོས་པས། མྱོང་བ་ལ་ངོ་སྤྲོད་པ་དང༌། ངོ་འཕྲོད་པ་སོགས་དགོས། མྱོང་བ་ལ་སྦྱོང་པའི་ཐབས་ལ་འོད་གསལ་ལ་ངོ་སྤྲད་པ་དང༌། འོད་གསལ་ལ་སྦྱང་བ་དང༌། ཐོད་བརྒལ་ལ་སྦྱང་བ་སོགས་ཟེར། ཐབས་དང་རྟེན་འབྲེལ་གྱི་གནད་ལ་བརྟེན་ནས་གཞི་ལས་མ་གཡོས་བཞིན་དུ་སྣང་ཆ་འགག་མེད་དུ་འཆར་བ་འདི་ལ་ཐོད་བརྒལ་གྱི་སྣང་བའམ་འོད་གསལ་གྱི་འཆར་སྒོ་སོགས་བཏགས། དོན་དུ་གཞི་སྨྲ་བསམ་བརྗོད་མེད་ཀྱི་དོན་རང་རིག་གིས་མྱོང་བཞིན་རང་རིག་དེའི་ངོར་གང་སྣང་ཐམས་ཅད་སྒྱུ་མ་ལྟ་བུའི་སྣང་ཚུལ་ལོ། །སྣང་བ་ལ་དག་པའི་སྣང་བ་དང༌། མ་དག་པའི་སྣང་བ་གཉིས་སུ་དབྱེ་བ་ཡོད་པས། དག་པའི་སྣང་བ་ནི། ཐོད་བརྒལ་ལམ། འོད་གསལ་གྱི་གནད་རྣམས་ལ་བརྟེན་ནས་ཤར་བའི་སྒྲ་འོད་ཟེར་གསུམ་གྱི་སྣང་བ་རྣམས་སོ། །ཅིའི་ཕྱིར་དེ་རྣམས་དག་སྣང་ཡིན་སྙམ་ན། སྣང་བ་དེ་རྣམས་ལ་མ་རིག་པས་མ་བསླད་པའི་ཕྱིར་ཏེ། མ་རིག་པས་བསླད་མ་ནུས་པའི་ཕྱིར། ཐུན་མོང་གི་སྣང་བ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འགྲོ་བ་ཐུན་མོང་ལ་སྣང་བ་འདི་རྣམས་ལ་མ་རིག་པས་བསླད་པ་ཞུགས་པའི་ཕྱིར། མ་དག་པའི་སྣང་བ་ཞེས་སོ། །དག་སྣང་དང་མ་དག་པའི་སྣང་བ་གཉིས་ཀ་གཞི་ཡི་བདག་ཉིད་ཡིན་ཚུལ་གཅིག་པ་ཡིན་པ་དང༌། རང་རང་གི་རང་བཞིན་ལ་གཞི་དེ་ཡིས་ཁྱབ་ཚུལ་ཁྱད་མེད་པ་སོགས་ཤེས་དགོས། ཤེས་རྒྱུ་ཡང་ཡོད་པའི་ཕྱིར། འདི་རྣམས་དབུ་རྫོགས་གཉིས་ཀྱི་ལྟ་བ་མི་འདྲ་བའི་ཁྱད་བོན་ཟུར་གཅིག་གོ །ཐུན་མོང་འདི་རྣམས་རང་རིག་ལ་སྣང་ཡང་མ་རིག་པས་བསླད་ཆ་དེ་རང་རིག་ལ་མ་སྣང་ལ། གཟུགས་སྒྲ་སོགས་འོད་གསལ་གྱི་སྣང་ཚུལ་དང་ཁྱད་མེད་པར་སྣང་བས་རང་རིག་གི་ངོར་དག་སྣང་ལས་མ་དག་པའི་སྣང་བ་མེད་དོ། །ད་དུང་ལྷུན་གྲུབ་ཅེས་པ་འདི་ལས་འཕྲོས་ཏེ་ལུང་དོན་ཅུང་ཞིག་བཤད་ན། གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཅེས་པ་འདི་ཡི་ཡོན་ཏན་གྱི་རྣམ་པ་ལ། དྲི་མ་ཡེ་དག་ཡིན་ཏེ། རང་གི་ངོ་བོ་ལ་དྲི་མ་ཆགས་པའི་གཞི་སྟོང་པས་ཀ་དག་གི་ཡོན་ཏན་ཚང༌། འཁོར་བ་དང་མྱང་འདས་ཀྱི་བོན་རྣམས་ཀྱི་འབྱུང་བའི་གཞི་དང་རྟེན་པའི་གནས། འདི་ཡི་རང་བཞིན་ལས་མ་འདས་པས་ན་ལྷུན་གྲུབ། ཁ་ཕྱིར་བལྟས་ཀྱི་རྣམ་རིག་གང་གིས་ཀྱང་འདིའོ་ཞེས་དངོས་ཡུལ་དུ་བྱེད་མ་ནུས་པས་ན་ངེས་མེད་དང༌། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་ཤར་ཡང་དེ་ལས་ཤར། གནས་ཀྱང་དེ་ལ་གནས། ཐིམ་ཡང་དེ་ལ་ཐིམ། གྲོལ་ཡང་དེ་རུ་གྲོལ་བས་ན། གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དུ་རང་ཤར་ཞེས་བྱའོ། །ནམ་མཁའ་འཕྲུལ་མཛོད་འགྲེལ་ལས་གསུངས་པ་ལྟར་ལྷུན་གྲུབ་གསུམ་དུ་འདུས་ཏེ། གསུམ་ནི། གཞི་ལྷུན་གྲུབ། བསམ་ངོ་ལྷུན་གྲུབ། མཐུན་སྣང་ལྷུན་གྲུབ་དང་གསུམ། དང་པོ་གཞི་ལྷུན་གྲུབ་རང་གི་ངོ་བོ་ནི། རིག་པ་བྱང་ཆུབ་ཀྱི་སེམས་མཐའ་མ་སྤངས་ལ་རང་གྲོལ་བའི་གནས་ལུགས་དེ་ལ་བྱ། དེ་ལྟ་བུའི་གནས་ལུགས་དེ་ལ་བོན་རྣམས་ལྷུན་གྱིས་གྲུབ་པའི་དཔེ་ནི། ཉི་མའི་སྙིང་པོ་ཡ་ཀི་ལ་ཆུ་བུར་གྱི་མིག་ཅན་གྱིས་བལྟས་པའི་དུས་ན་སྣང་བ་རྩལ་རྫོགས། སྣང་བར་བྱུང་ཐེབས། མུན་པ་ཀ་ནས་དག་པས་མུན་པའི་སེལ་མེད། ཉི་མའི་སྙིང་པོར་སྣང་བ་ལྷུན་གྱིས་གྲུབ། འོ་ན་སྣང་བ་གཅིག་པུ་ལྷུན་གྱིས་གྲུབ་བམ་ཞེ་ན། མ་གྲུབ་སྟེ། ཞག་མིག་ཅན་གྱིས་བལྟས་པའི་དུས་ན། ཉི་མའི་སྙིང་པོ་ཡ་ཀིར་མུན་པ་རྩལ་རྫོགས། མུན་པར་བྱུང་ཐེབས། སྣང་བ་ཀ་ནས་དག་ཅིང་སྣང་བའི་སེལ་ཙམ་ཡང་མེད་དེ། མུན་པ་ཡང་ལྷུན་གྱིས་གྲུབ། མིག་གཉིས་ཀྱི་རྐྱེན་གྱིས་མུན་སྣང་གཉིས་པོའི་སྣང་བ་འགྲན་བཟོད་པས་མུན་སྣང་གཉིས་ཀ་ལྷུན་གྱིས་གྲུབ། འོ་ན་སྣང་བ་དེ་གཉིས་ཁོ་ན་བདེན་ནམ་ཞེ་ན། ཉི་མའི་སྙིང་པོ་རང་གི་ངོ་བོ་ལ་མུན་སྣང་གཉིས་སུ་མེད་པས་གཉིས་མེད་དུ་ཡང་ལྷུན་གྱིས་གྲུབ་བོ། །དཔེ་དེ་དང་འདྲ་བར་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལྟར་སྣང་བ་འདི་ལ་རྟོགས་པའི་རྐྱེན་དང་འཕྲད་པའི་དུས་ན། ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས། མ་ཐ་དམྱལ་བའི་འཇིགས་ཚོགས་ཡན་ཆོད། སངས་རྒྱས་སུ་རྩལ་རྫོགས། སངས་རྒྱས་སུ་བྱུང་ཐེབས། སེམས་ཅན་ཀ་ནས་དག་ཅིང་སེམས་ཅན་གྱི་སེལ་མེད་པས་སངས་རྒྱས་ཀྱང་ལྷུན་གྱིས་གྲུབ། མ་རྟོགས་པའི་རྐྱེན་དང་འཕྲད་པའི་དུས་ན། སེམས་ཅན་དུ་རྩལ་རྫོགས་ཤིང༌། སེམས་ཅན་དུ་བྱུང་ཐེབས། སངས་རྒྱས་ཀ་ནས་དག་ཅིང་སངས་རྒྱས་ཀྱི་སེལ་ཙམ་ཡང་མེད་པས་སེམས་ཅན་དུ་ཡང་ལྷུན་གྱིས་གྲུབ། རྟོགས་པ་དང་མ་རྟོགས་པ་གཉིས་སམ་བདེ་བ་དང་སྡུག་བསྔལ་གཉིས་པོ་དེ་སྣང་བ་འགྲན་བཟོད་དེ། ཐད་ཀར་བདེན་པས་གཉིས་ཀ་ཡང་ལྷུན་གྱིས་གྲུབ་བོ། །དེ་གཉིས་ཁོ་ན་ཡང་བདེན་རྒྱུ་མེད་དེ། དོན་ཐིག་ལེ་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། དེ་ཉིད་དང་གཞན་དུ་དབྱེར་མེད་པས་གཉིས་མེད་དུ་ཡང་ལྷུན་གྱིས་གྲུབ་པས་ན། མུ་བཞི་ཕྱི་ལྡོག་ནང་ལྡོག་ནས། ཞེས་དང༌། གོང་གི་ཚུལ་དེས་མཚོན་ནས། སངས་རྒྱས་མ་རྒྱས་གཉིས་ཀ་དང༌། གཉིས་མེད་དང༌། བདེ་བ་དང་སྡུག་བསྔལ་དང༌། སྐྱོན་དང་ཡོན་ཏན། བོན་ཅན་དང་བོན་ཉིད། སྣང་བ་དང་སྟོང་པ། བེམ་པོ་དང་རིག་པ། གཉིས་བསྡུས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཚུལ་གོང་ལྟར་འགྲེས་ཏེ་རྟོགས་པར་བྱ། འདི་ཡི་ཚུལ་འདི་ཡིན་ཞེས་ཕྱོགས་གཅིག་ཏུ་ཞེན་ས་མེད་ཀྱང༌། འཁོར་འདས་གཉིས་ཀྱིས་བསྡུས་པའི་བོན་ཐམས་ཅད་ཐིག་ལེ་ཉག་གཅིག་དང་ངོ་བོ་གཅིག་ཡིན་ཞིང་ཐིག་ལེ་ཉག་གཅིག་དེ་འཁོར་བ་དང་མྱང་འདས་གང་ཡང་མ་ཡིན་པས་ན། འཕྲུལ་མཛོད་འགྲེལ་ལས། ཀུན་ཡིན་གང་མ་ཡིན་གྱི་ལྟ་བ་དང༌། ཞེས་གསུངས་པའི་ཕྱིར། ཚིག་གི་ཆ་ནས་འཐད་རུང་གི་བརྡ་ཆད་བཞག་པ་ཙམ་གྱིས་མ་ཚད་དོན་གྱི་ཡོན་ཏན་ནམ་རང་བཞིན་ལ་བསམ་གྱིས་མི་ཁྱབ་པའི་ཁྱད་བོན་ལྡན་པས་ན། ཐེག་པ་འོག་མ་རྣམས་ཀྱི་འཐོབ་བྱའི་ཡོན་ཏན་རྣམས་བསྒྲུབས་ཚུལ་ཁོ་དང་མཐུན་པར་བྱས་ཏེ་མ་བསྒྲུབས་ཀྱང༌། བླ་མེད་རང་གི་ལྟ་བ་བསྒྲུབས་པའི་ཞོར་ལ་ལྷག་ལུས་མེད་པར་འཐོབ་པ་དང༌། དེ་བཞིན་དུ་འོག་མ་རྣམས་ཀྱིས་སྤང་བྱར་ངོས་བཟུང་བ་རྣམས་ཀྱང་ཆེད་དུ་འོག་མའི་ལམ་དུ་གྱུར་པའི་གཉེན་པོ་བསྒྲུབས་པ་མེད་ཀྱང་བླ་མེད་ཀྱི་ལྟ་བ་འདིའི་ནུས་པས་ཞོར་ལ་དག་པར་འགྱུར་བའི་ཕྱིར་ཏེ། སེང་གེ་སྒྲ་བསྒྲགས་ལས། ཐེག་པ་གཞན་གྱིི་སྐྱོན་རྣམས་ཀྱང༌། སྤངས་པ་མེད་པར་རང་བཞིན་ཞི། ཐེག་པ་གཞན་གྱི་ཡོན་ཏན་ཡང༌། འབད་པ་མེད་པ་ལྷུན་གྱིས་གྲུབ། ཅེས་དང༌། ཡང་དེ་ཉིད་ལས། བདེ་བ་ཆེན་པོའི་ཀློང་དཀྱིལ་ན། རྣམ་རྟོག་མི་མངའ་ཅིར་ཡང་གསལ། ཐམས་ཅད་མ་སྤངས་ལྷུན་གྱིས་གྲུབ། ཅེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རྫོགས་ཆེན་གྱི་གཞི་ཇི་བཞིན་ཉིད་དེ་ལ་ལྷུན་གྲུབ་ཀྱི་ཡོན་ཏན་དང་ལྡན་པ་བཤད་ཚུལ་ལ་བརྟགས་ན། ཁྱོད་ཀྱི་གཞི་ལྷུན་གྲུབ་དེ་གྲངས་ཅན་གྱི་སྤྱི་གཙོ་བོ་དང་མཐུན་པར་འདུག་སྟེ། ཁོས་འབྲས་བུ་ཐམས་ཅད་རྒྱུ་དུས་སུ་མེད་ན་མི་འབྱུང་བ་དང༌། གཙོ་བོ་ནི་རྣམ་འགྱུར་ཐམས་ཅད་ཀྱི་རང་བཞིན་ཡིན་པ་དང༌། གཙོ་བོ་ནི་གཅིག་པུ་ཡིན་པ། རྣམ་འགྱུར་ཐམས་ཅད་འབྱུང་གནས་ཡིན་པ། གཙོ་བོ་ནི་རྟག་པ་ཡིན་པ་སོགས་སྒོ་དུ་མ་ནས་མཚུངས་པའི་ཕྱིར་སྙམ། ཁ་ཅིག་གིས། གཞི་བདེར་གཤེགས་སྙིང་པོའམ་གནས་ལུགས་རང་འབྱུང་ཡེ་ཤེས་དེ་མུ་སྟེགས་པས་བཏགས་པའི་བདག་རྟག་པ་དང་མཚུངས་སོ་སྙམ་པའི་ལོག་རྟོག་དང༌། ཡང་ཁ་ཅིག་གིས། གཞི་ཡེ་ཤེས་ལྷུན་གྲུབ་ཐིག་ལེ་ཉག་གཅིག་དེ། མུ་སྟེགས་དབང་ཕྱུག་པའི་དབང་ཕྱུག་དང་འདྲའོ་སྙམ་པའི་ལོག་རྟོག་སོགས་དང༌། ཡང་ཁ་ཅིག་གནས་ལུགས་རང་འབྱུང་ཡེ་ཤེས་དང་རང་རིག་ཡེ་ཤེས་ཞེས་པའི་ཐ་སྙད་ཡོད་ལུགས་ལ་བསམ་ནས་རྫོགས་ཆེན་གྱི་གནས་ལུགས་ཐུགས་རྗེ་སེམས་དཔའི་རང་རིག་དང་སྣང་བ་ཐམས་ཅད་སེམས་དང་བདག་ཉིད་གཅིག་པ་ལས་ཕྱི་རོལ་དུ་གྱུར་པའི་གཟུང་འཛིན་རྒྱང་ཆད་དུ་མ་གྲུབ་པར་འདོད་པ་སོགས་དང་མཚུངས་པར་སྨྲ་བ་དང༌། ཡང་ཁ་ཅིག་གིས། རྫོགས་ཆེན་གནས་ལུགས་ཐུན་མོང་གི་ཞི་གནས་རྐྱང་པ་ཞིག་ལས་ཁྱད་པར་འཕགས་པ་མེད་དོ་ཞེས་སྨྲ་བ་སོགས་དང༌། ཡང་ཁ་ཅིག་གིས། ཕྱག་ཆེན། རྫོགས་ཆེན། དབུ་མ་གསུམ་གྱི་ལྟ་བ་རང་ལ་ཁྱད་པར་མེད་ཅིང༌། སྒྲུབ་ཚུལ་གྱི་ཐབས་ལ་ཁྱད་པར་ཡོད་པར་སྨྲ་བ་བྱུང་ངོ༌། །དྭོགས་པ་དང་པོ་གྲངས་ཅན་གྱི་སྤྱི་གཙོ་བོ་དེ་སྙིང་སྟོབས་རྡུལ་མུན་གསུམ་ཆ་མཉམ་པ། རང་བཞིན་རྟག་པ། རྣམ་འགྱུར་ཐམས་ཅད་ཀྱི་བྱེད་པ་པོ། ཆ་མེད་དང༌། གཅིག་པུ་རྣམ་འགྱུར་ཐམས་ཅད་ཀྱི་རྒྱུ་ཡིན་པ་སོགས་འདོད་ལ། རྫོགས་ཆེན་གྱི་གཞི་རང་འབྱུང་ཡེ་ཤེས་སྙིང་སྟོབས་རྡུལ་མུན་གསུམ་ཆ་མཉམ་པ་ཡིན་པར་མི་འདོད་པའི་ཕྱིར་དང༌། རྟོག་ཡུལ་དུ་གྱུར་པའི་རྟག་པ་ཁྱོད་ཀྱིས་འདོད་པ་ལྟར་གྱི་ཕྱོགས་ན་ཡང་མེད་པའི་ཕྱིར་ཏེ། རྒྱུ་མཚན་སྔ་ཕྱིར་གཞི་བཤད་པས་ཤེས་ནུས་ལ། གཞི་ལས་རྩལ་གྱི་བོན་སྣ་ཚོགས་ཤར་བ་འདོད་ཀྱང་གཞི་ཡིས་འབྲས་བུ་བསྐྱེད་པ་མི་འདོད་པའི་ཕྱིར། ཐིག་ལེ་ཉག་གཅིག་གི་ཐ་སྙད་བྱེད་ཀྱང་ཆ་མེད་གཅིག་པུའི་བདག་ཉིད་དང༌། རང་བཞིན་དང་རྣམ་འགྱུར་བཞིན་གཞི་ཡི་རང་བཞིན་དང་རྩལ་གཉིས་རང་བཞིན་ཕར་ཡིན་ཚུར་ཡིན་མི་འདོད་པའི་ཕྱིར་དང་ཆ་མེད་ཡིན་པ་མི་འདོད་པའི་ཕྱིར། འདིས་འབྲས་བུ་རྣམས་རང་གི་རྒྱུ་ལ་མི་གསལ་བའི་ཚུལ་དུ་མ་གྲུབ་ན་འབྲས་བུ་འབྱུང་བ་མེད་པར་འདོད་ལ། རྫོགས་ཆེན་གཞི་ལ་འཁོར་འདས་ཐམས་ཅད་ལྷུན་གྲུབ་ཏུ་འདོད་ཀྱང༌། རྩལ་དང་རོལ་པའི་བོན་རྣམས་གཞི་ལ་བརྟེན་ནས་འབྱུང་རུང་བ་འདོད་པ་ལས། གཞི་ལ་གྲུབ་ཟིན་ཡོད་པ་གཏན་ནས་མི་འདོད་པའི་ཕྱིར། ལྷུན་གྱིས་གྲུབ་པས་འདུས་བྱས་སྐྱོན་ལས་གྲོལ། ཞེས་གསུངས། ཁྱོད་ཀྱི་འདོད་པ་ལྟར་གྱི་གཙོ་བོ་དེ་རང་གི་འདོད་བློ་གྲུབ་མཐས་བཞག་པ་ཙམ་ལས། ཡོད་པ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། གཞི་འདི་ཡོད་པ་སྒྲུབ་བྱེད་ཀྱི་ཚད་མ་མཐར་ཐུག་ཡོད་པའི་ཕྱིར་ཏེ། བཤད་པ་སྔ་འཕྱི་རྣམས་ནས་གསལ་བའི་ཕྱིར། དྭོགས་པའི་ལན་གཉིས་པ། དང་པོ་ཕྱོགས་སྔའི་འདོད་ཚུལ་ནི། གཏན་ཚིགས་ཐེག་མདོ་ལས། ཡང་བདག་ཅེས་བྱ་བ་འདོད་དེ། དེ་ནི་སེམས་དང་སེམས་ལས་བྱུང་བའི་སྤྱིར་གནས་ཤིང༌། བྱེ་བྲག་མ་ཕྱེ་བ་ཐམས་ཅད་ལ་ཁྱབ་པར་འདོད་དེ། དེའི་མཚན་ཉིད་དམ་མིང་ཤེས་རིག་དང་ཡུལ་རིག་དང་སྐྱེས་བུ་ཞེས་བྱའོ། །དེ་འདྲའི་བདག་གམ་སྐྱེས་བུ་དེ། ལས་བྱེད་པ་པོ་ནི་མ་ཡིན་ལ། གཟུགས་སོགས་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡིན་པ་དང༌། རང་བཞིན་རྟག་པ་ཆ་མེད་གཅིག་པུ་གཅིག་སྟེ། དེ་ལྟ་བུ་དེ་ནི་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ཡོད་པ་ཁོ་ནའོ། །ཞེས་སོ། །རྫོགས་པ་ཆེན་པོའི་གནས་ལུགས་རང་འབྱུང་ཡེ་ཤེས་ལ་བློ་གྲོས་ཀྱི་སྤྱན་ཡོད་པས་གཟིགས་ན་བདག་ཤེས་རིག་གི་སྐྱེས་བུ་དང་མཚུངས་པར་སྨྲ་བའི་འཁྲུལ་གཞི་འབྱུང་མི་སྲིད་པ་ཞིག་ལགས་ཀྱང༌། བསོོད་ནམས་ཀྱི་ཚོགས་དམན་པས་ཤེས་རབ་ཀྱི་མིག་མི་གསལ་བ་འགར་བྱུང་བར་འདིའི་ཚུལ་ཅུང་ཙམ་གསལ་བར་བཤད་ན། གུས་བཏུད་དང་བཅས་ཏེ་སྙན་གཏོད་ཅིག རྫོགས་པ་ཆེན་པོའི་གཞུང་རྣམས་ནས་སེམས་དང་སེམས་ཉིད་ཀྱི་ཁྱད་པར་ཕྱེས་ཏེ། སེམས་ནི་ཉོན་མོངས་ཀུན་གྱི་རུ་མར་གསུངས། ཡེ་ཤེས་ཀྱི་ངོ་བོ་མི་རྟོག་པའི་རང་བཞིན་ཡིན་པས། ཞེས་གསུངས། དེས་ན་གནས་ལུགས་རང་འབྱུང་ཡེ་ཤེས་ལ་ཁྱོད་ཀྱི་སེམས་དང་འཁྲུལ་པ་ཅི་ལ་འབྱུང༌། གཞན་ཡང་ཁྱོད་ཀྱི་སྐྱེས་བུ་དེ་རྟག་པ་ཆ་མེད་གཅིག་པུ་སོགས་འདོད་པ་ལྟར་འདི་ཡི་ཡེ་ཤེས་དེ་རྟག་པ་ཡིན་ཡང་བློ་རྟོག་གི་ཡུལ་དུ་གྱུར་པའི་རྟག་པ་མིན་ལ། ཉག་གཅིག་འདོད་ཀྱང་ཆ་མེད་མི་འདོད། གཟུགས་སྒྲ་སོགས་ཀྱི་འཆར་གཞི་རུ་འདོད་ཀྱང་དེ་རྣམས་ཡུལ་དུ་བྱེད་པའི་ཡུལ་ཅན་དུ་མི་འདོད་པས། བདག་དང་འཁྲུལ་དོན་གཏན་ནས་མེད་པའི་ཕྱིར། ཀློང་ཆེན་རབ་འབྱམས་ཀྱི་ཚིག་དོན་མཛོད་འགྲེལ་ལས། མུ་སྟེགས་ཀྱི་བདག་རྟག་པ་དང་མི་མཚུངས་ཏེ་སྙིང་པོ་ནི་ཡེ་ནས་འོད་གསལ་ཞིང་ལུས་ལ་གནས་ཀྱང་རྟག་མི་རྟག་ལས་འདས་པས། རྟག་པ་ཁོ་ན་མི་འདོད་པ་དང༌། འོད་གསལ་བ་དེ་བླ་མའི་མན་ངག་གིས་མཐོང་དུ་ཡོད་པའི་ཕྱིར་སུས་ཀྱང་མི་མཐོང་བའི་ལྐོག་གྱུར་དུ་མི་འདོད་པ་དང༌། ངོ་བོ་སྟོང་གསལ་མཐའ་བྲལ་ཡིན་པས་མཐེ་བོང་ལ་སོགས་པའི་དངོས་པོ་རང་མཚན་དང་ཆོས་མི་སྦྱོར་བ་དང༌། དངོས་པོ་དང་མཚན་མ་མེད་པས་ལུས་ཆེ་ཆུང་ལ་སྙིང་པོ་ཆེ་ཆུང་དང་བཟང་ངན་དུ་མི་འདོད་པ་ལ་སོགས་པའི་ཁྱད་པར་ཤིན་ཏུ་མང་ངོ༌། །མུ་སྟེགས་ཀྱིས་དེ་ལྟར་སྨྲས་པ་དེ་ནི་སངས་རྒྱས་ཀྱི་སྙིང་པོ་དང་ཀུན་དུ་མི་མཚུངས་ཀྱང་མིང་ཙམ་མམ་ཚིག་གིས་བརྗོད་པ་ལས་འདྲའོ་སྙམ་དུ་འཁྲུལ་པའི་ཁྱོད་ཅག་བློ་གྲོས་བླུན་པོར་ཁོ་བོ་ཅག་གིས་མཐོང༌། ཞེས་གསུངས། དྭོགས་པ་གསུམ་པའི་དྭོགས་སེལ་ལ། དང་པོ་དྭོགས་པ་ནི། ཡེ་སངས་རྒྱས་པའི་རྒྱུད་ལས། འཁྲུལ་པའི་གྲུབ་མཐའ་དབང་ཕྱུག་ཆེན་པོ་དེ། གཅིག་པུ་ཀུན་ལ་ཁྱབ་ཅིང་གཏན་དུ་རྟག མྱ་ངན་འདས་ཤིང་འཆི་བ་མེད་པར་གནས། འདུས་མ་བྱས་པའི་དངོས་པོ་ཡིན་ནོ་ལོ། །ཞེས་སོ། །དེ་འགོག་བྱེད་ནི། དབང་ཕྱུག་དེ་འདུས་མ་བྱས་པ་དང་དངོས་པོ་ཡིན་པ་ཁས་བླངས་པས་ནང་འགལ། རྒྱུ་རྟག་པ་ཡིན་པ་དང་འབྲས་བུ་དུ་མ་བསྐྱེད་པ་ནང་འགལ། དབང་ཕྱུག་མྱ་ངན་ལས་འདས་པ་ཡིན་པ་དང༌། ཁམས་གསུམ་གྱི་བྱེད་པ་པོ་ཡིན་པ་ཁས་བླངས་ནང་འགལ། རྫོགས་ཆེན་གྱི་གཞི་ཐིག་ལེ་ཉག་གཅིག་ཏུ་འདོད་ཀྱང་ཆ་མེད་བེམ་པོ་མིན། འཁོར་འདས་ཀྱི་བོན་ཀུན་ལ་ཁྱབ་ཀྱང་འབྲས་བུ་མི་བསྐྱེད། ངོ་བོ་རྟག་པ་ཡིན་ཡང་གློ་བུར་གྱི་སྒྲིབ་པ་སོགས་མ་འགག གཞི་འདི་ལ་སྐྱེ་འཆིའི་ཐ་སྙད་མེད་ཀྱང་གསལ་བའི་ངོ་བོ་དང་མ་བྲལ། མྱ་ངན་ལས་འདས་མ་འདས་གཉིས་ཀའི་ཕྱོགས་སུ་མ་ལྷུང་ཡང་གཉིས་ཀའི་གཞི་བྱེད། མདོར་ན་གཞི་ཡེ་སངས་རྒྱས་པ་འདི་ཉིད་ཕྱི་རོལ་པའི་བདག་སོགས་དང་མཚུངས་པར་འགོ་བགྲེ་ནས་དགག་པ་བྱེད་པའི་རིགས་པ་སྨྲ་བའི་ཁུར་ཁྱེར་བ་རྣམས་ཀྱིས་རྫོགས་ཆེན་གྱི་གཞིའི་ཡིན་ལུགས་དང་གང་ལྟར་འདོད་པའི་གྲུབ་མཐའི་གཏིང་མ་ཆོད་ཀྱང་མིང་ཙམ་དང༌། ཚིག་གི་ཟུར་གྱི་ཐ་སྙད་འཇོག་སྟངས་ཙམ་ལ་བསྙད་ནས་ཚིག་རྩུབ་དང༌། ཁྲོ་བ་ཇི་སྙེད་བྱེད་པ་རྣམས་ལ་ཚོགས་ངན་གྱི་རྣམ་པ་སྨིན་པའི་དབང་གིས་རྒྱལ་བའི་དགོངས་པ་མ་རྟོགས། ད་དུང་བསོད་ནམས་ངན་པ་གསོག་པ་ལ་ཡ་མི་ང་བ་རྣམས་ལ་རྒྱལ་བ་སྲས་དང་བཅས་པས་བརྩེ་བ་མི་འདོར་བར་གསོལ་བ་འདེབས། དྭོགས་ལན་བཞི་པ། དྭོགས་པ་ནི། རྫོགས་པ་ཆེན་པོའི་གཞུང་གི་ཡིག་སྣ་འགའ་ཞིག་སྟེས་དབང་གིས་ཕྱག་ཏུ་བྱུང་བར་བོན་བརྒྱད་འདུ་ལོང་གི་བར་གསེང་དུ་སྤྱན་དཀྱུས་གཡོས་ངོར་ཤར་ཚུལ་ཙམ་ལས། གཞུང་རྣམས་ལ་དད་མོས་ཀྱིས་སློབ་དཔོན་མཚན་ལྡན་བཙལ་ནས་མཉན་པའི་སྐལ་པ་ཁེངས་དྲེགས་ཀྱི་རླུང་གིས་ཁྱེར། གཞུང་ཚིག་གི་ང་འདི་ལྟར་ཡིན་ལོག་ལྟའི་མིག་གིས་ཡང་དག་གི་སྣང་བ་མ་འགེབས་ཞེས་མ་སྨྲས་པའི་དབང་གིས། སེམས་ཙམ་པའི་རང་རིག་ཅེས་པའི་ཐ་སྙད་གོ་མྱོང་བ་དང༌། སྣང་བའི་གཞན་དབང་རྣམས་རང་འཛིན་གྱི་ཤེས་པ་དང་ངོ་བོ་གཅིག་པར་སྨྲས་པ་དང༌། ཀུན་གཞི་ཁས་བླངས་པ་སོགས་ཀྱི་ཐ་སྙད་འགའ་ཞིག་འདྲ་བ་བྱུང་བས། འདི་ཡིས་གསུངས་ཚུལ་ལ་དགག་པ་རྫོགས་ཆེན་ཇི་ལྟར་མཐོ་སྐད་དང་ཟབ་སྐད་བཤད་ཀྱང་རབ་ན་སེམས་ཙམ་པའི་ལྟ་བ་དང༌། དེ་མ་ཡིན་ན་སེམས་ལ་ཁ་དོག་མེད་པ། དབྱིབས་མེད་པ་ཞེས་སོགས་ཟེར་ཁ་དོག་དང་དབྱིབས་སོགས་བཀག་པའི་ལྟ་བ་ཞེས་སོགས་སྐད་གསང་མཐོན་པོས་སྨྲ་བ་བྱེད་དོ། །ལན་ནི། དང་པོ་སེམས་ཙམ་པའི་རང་རིག་ནི་འཛིན་རྣམ་སྟེ་ཤེས་པའི་རྣམ་ཅན་ཡིན་པས་དེ་ལས་གཞན་པའི་ཡུལ་གང་ཡང་དངོས་ཡུལ་དུ་བྱེད་པ་མེད། རྫོགས་ཆེན་གྱི་རང་རིག་ཅེས་གཞི་གཤིས་ཀྱི་གནས་ལུགས་མྱོང་བ་ཡིན་པ་དང༌། དེ་ཡང་གཞི་རང་གི་བདག་ཉིད་གཅིག་པས་མྱོང་བ་ལ་རང་རིག་ཅེས་པ་ལས་ཁ་ཕྱིར་བལྟས་ཀྱི་འཛིན་རྣམ་གྱི་ཕྱོགས་ན་ཡང་མེད་པས་ཕྱོགས་སྔས་གང་འདོད་པའི་དོན་མ་རྟོགས་གོང་དགག་པ་སྔས་དྲགས་པས་ནོངས་སོ། །འདིིའི་རང་རིག་གི་ཡིན་ལུགས་ལུང་རིགས་དཔང་དུ་བཙུགས་ནས་ཞིབ་ཏུ་སྨྲ་རྒྱུ་ཡོད་ཀྱང༌། ཁ་མང་དཔུང་མང་གི་གསེབ་ཏུ་འདི་ཙམ་གྱི་འགྲིགས་པར་བྱས། སེམས་ཙམ་པས་སྣང་བ་ཐམས་ཅད་སེམས་དང་རྫས་གཞན་གྱིས་སྟོང་པ་དེ་དང་རྫོགས་ཆེན་གྱི་སྣང་སྲིད་སེམས་ཀྱི་བདག་ཉིད་སྨྲས་པ་གཉིས་ཕྱོགས་ནས་འདྲ་བ་ག་ལ་སྲིད། རྫོགས་ཆེན་གྱི་སེམས་དང་བདག་ཉིད་གཅིག་ཅེས་པའི་ཐ་སྙད་འཇོག་སའི་སེམས་དེ་སེམས་དང་སེམས་ཉིད་ཕྱེས་ཟིན་པའི་སེམས་ཉིད་ལ་གོ་རྒྱུ་མ་གཏོགས་སེམས་ལ་གཏན་ནས་མི་འཇོག་པར་རང་གཞུང་རྣམས་ལ་ཞིབ་ཏུ་གཟིགས་ཁོམ་ན་མཐོང་བའི་ཕྱིར། རང་ལུགས་ཀྱི་སྔགས་སེམས་རྣམས་ཀྱིས་རྣམ་ཤེས་ཚོགས་བརྒྱད་ཁས་བླངས་ཀྱང་སེམས་ཙམ་པ་ལྟར་གང་ཟག་གི་མཚན་གཞི་འཇོག་པའི་ཆེད་དང་བདེན་གྲུབ་ཁས་བླངས་པ་སོགས་གང་ནས་ཀྱང་སེམས་ཙམ་པ་དང་མི་མཚུངས་པའི་ཕྱིར། གོང་གི་རང་རིག་ཡེ་ཤེས་གྱི་ཚུལ་ཞིབ་པར་ལན་ལ་བསམ་ན་སྨྲ་དགོས་ཀྱང་མཉན་བྱེད་ལ་བསམ་ན་སྐབས་སུ་མ་བབ་པས་ལན་གཅིག་འདི་ཙམ་མོ། །དྭོགས་ལན་ལྔ་པ། རྫོགས་པ་ཆེན་པོའི་ལྟ་བ་ཐུན་མོང་ཀྱི་ཞི་གནས་ཞིག་ཏུ་འདོད་པ་རྣམས་ལ། དང་པོ་འདོད་ཚུལ་ནི། ཐུན་མོང་གི་ཞི་གནས་ནི། རྗེ་ཡི་ལམ་རིམ་ཆེན་མོ་ལས། འདིར་བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་ནི་ཁྱད་པར་གཉིས་དང་ལྡན་པ་ཞིག་ཡིན་ཏེ། འདི་ལྟར་སེམས་ཤིན་ཏུ་གསལ་བའི་གསལ་ཆའི་ངར་དང་ལྡན་པ་དང་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་མི་རྟོག་པའི་གནས་ཆ་དང་ལྡན་པའོ། །ཞེས་དང༌། དེ་ཉིད་ལས། འཛིན་སྟངས་ཀྱི་ཁྱད་པར་ནི། སེམས་ཀྱི་བརྗེད་པ་མེད་པ་ཞེས་པ་ཡུལ་དེ་སེམས་ཀྱིས་མ་བརྗེད་པའི་ཆ་སྟེ་སྐབས་འདིར་དམིགས་རྟེན་མ་བརྗེད་པའོ། །ཞེས་དང༌། དེ་ཉིད་ལས། བྱེད་ལས་ཀྱི་ཁྱད་པར་ནི། དམིགས་པ་ལས་སེམས་གཞན་དུ་མི་གཡེང་བར་བྱེད་པའོ། །དེ་ལྟར་སེམས་དམིགས་པ་ལ་བཏགས་ཏེ་འདུལ་བ་ནི། གླང་པོ་ཆེ་འདུལ་བའི་དཔེས་གསུངས་ཏེ། དཔེར་ན། སྡོང་པོའམ་ཀ་བ་ཤིན་ཏུ་བརྟན་པ་ལ་ཐག་པ་སྲ་བ་དུ་མས། མི་བསྲུན་པའི་གླང་པོ་བཏགས་ཏེ་གླང་རྫིས་ཇི་ལྟར་བསླབས་པ་ལྟར་བྱེད་ན་ལེགས། མི་བྱེད་ན་ལྕགས་ཀྱུ་རྣོན་པོས་ཡང་ཡང་བཏབ་ནས་ཚར་བཅད་དེ་འདུལ་བ་ལྟར། སེམས་གླང་པོ་ཆེ་མ་དུལ་བ་འདྲ་བ་འདི་ཡང༌། སྔར་བཤད་པའི་དམིགས་པའི་ཀ་བ་བརྟན་པོ་ལ་དྲན་པའི་ཐག་པས་བཅིང་ཞིང༌། དེ་ལ་སྡོད་དུ་མ་བཏུབ་ན། ཤེས་བཞིན་གྱི་ལྕགས་ཀྱུས་གཙགས་ནས་ཁད་ཀྱིས་ཁད་ཀྱིས་དབང་དུ་བྱ་སྟེ། ཞེས་པ་དང༌། གྲིམས་ལྷོད་རན་པའི་མཚམས་ནི། རང་གིས་བརྟགས་པ་ན་རིག་པ་འཕང་འདི་ཙམ་ཞིག་བསྟོད་ན་རྒོད་པ་སྐྱེ་ངེས་པར་འདུག་སྙམ་པའི་ཚད་དེ་ལས་ནི་ལྷོད་ལ། འདི་ཙམ་ཞིག་ལ་བཞག་ན་བྱིང་བ་སྐྱེ་སླ་བར་འདུག་སྙམ་པའི་ཚད་དེ་ལས་ཀྱང་འཕང་མཐོ་བའི་འཇོག་ཚུལ་ལ་བྱའོ། །ཞེས་གསུངས་པ་ལྟར་ཞི་གནས་ཀྱི་ཏིང་ངེ་འཛིན་ཡིན་ན་རང་གི་དམིགས་པ་ལ་རྩེ་གཅིག་ཏུ་གཏོད་པའི་འཛིན་སྟངས་དང་མ་བྲལ་བ་དགོས་པ་གསུངས་ལ། རྫོགས་པ་ཆེན་པོའི་ལྟ་བ་ནི། སྟོང་ཐུན་ལས། འོ་ན་ཡར་ལྡན་རྫོགས་པ་ཆེན་པོའི་སྒོམ་པ་གང་ཞེ་ན། ཤེས་པ་གསལ་ཆེ་ལ་འཛིན་ཆུང་བ་ཤེས་པ་ཡང་ཞིང་བདེ་བ་ལ་ཉམས་སུ་མྱོང་བ་མེད་པ། རི་དང་ཁང་ཁྱིམ་ལ་སོགས་པ་ཅིར་སྣང་ཡང་ལོག་རྟོག་གི་ཉམས་བློ་མི་སྐྱེ་བ། སངས་རྒྱས་དང་དམྱལ་བ་ལ་རེ་དྭོགས་ཀྱི་བློ་མེད་པ། སྣང་སྟོང་ཕྱོགས་རིས་མེད་པ་སྟོང་པ་གསལ་བ། བློ་རྟེན་གང་ལའང་མི་འཆའ་བ། ཤེས་པ་མ་འཐིབས་ལ་ཚོར་བ་མེད་པ། སྤངས་པ་གང་ཡང་མི་སྤོང་པ། དང་དུ་གང་ཡང་མི་ལེན་པ། ཞེས་གསུངས་པ་ལྟར་བློས་འཛིན་སྟངས་དམ་པོས་བཟུང་བ་དང༌། བློ་དང་དེ་ཡི་འཛིན་སྟངས་གཉིས་ཀ་ལས་འདས་པའི་བོན་གཉིས་ནོར་དྭོགས་ཤེས་ལྡན་སུ་ལའང་སྐྱེ་མི་སྲིད་པའོ། །དྭོགས་ལན་དྲུག་པ། དྭོགས་པ་འགོད་པ་དང༌། ལན་ནོ། །དང་པོ་ནི། ཕྱག་ཆེན་གྱི་ལྟ་བ་རྗེ་ཙོང་ཁ་བའི་དབུ་མའི་ལྟ་ཁྲིད་དུ་གསུངས་པ་ལྟར། དེ་ཐམས་ཅད་དམིགས་རྟེན་ལ་མི་བརྩི་བར་སེམས་འདི་ཀ་གང་ལ་ཡང་མི་འཇུག་པར་མ་ཡེངས་མ་འཕྲོས་མི་རྟོག་པར་ཙེན་ནེ་གནས་ཤིང་དེའི་ངང་ནས་སེམས་འདི་ཀ་སལེ་ཧྲིག་གེ་བའི་དྭངས་ཆ་ཅན་དེ་ལ་ཡུན་ཇི་ཙམ་སྡོད་ཐུབ་པའི་ཚེ་ནི། དེ་ལ་དྲན་ཤེས་བཞིན་དང་བདེ་གསལ་མི་རྟོག་པ་ལྔ་ཆ་ཚང་ཞིང་ཞི་ལྷག་ཟུང་འཇུག་ཀྱང་འདི་ཀ་ཡིན། མདོར་ན་ངེས་དོན་སྒོམ་པ། སྟོང་ཉིད་སྒོམ་པ་ཕྱག་རྒྱ་ཆེན་པོའི་དངོས་གཞི་ཡིན། སྦྱོར་བ་ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པ་རྣམས་འདི་ཀ་ཡིན་སྙམ་པ་ཡང་འདུག་སྟེ། ཞེས་དང༌། ཡང་འགའ་ཞིག་ཕྱག་རྒྱ་ཆེན་པོའི་ལྟ་བ་དངོས་གཞི་དེ་དང་སྦྱོར་བ་ཡན་ལག་དྲུག་གི་སོར་སྡུད་གཉིས་གནད་གཅིག་རང་སྟོང་ཡིན། དེའི་སྟེང་དུ་སྦྱོར་དྲུག་གི་བསམ་གཏན་གྱི་ལྟ་བ་གཞན་སྟོང་གི་ལྟ་བ་འཕར་རྒྱུ་ཡོད། དེས་ན་ཕྱག་ཆེན་ལས་སྦྱོར་དྲུག་ལྟ་བ་མཐོ་ཟེར་བ་སོགས་མཐའ་ཡས་པ་ཞིག་སྣང་ཞིང༌། ཞེས་སོགས་གསུངས་པ་ལ་བལྟས་ན་ཕྱག་ཆེན་པས་སེམས་ཅི་ལ་མི་སེམས་པ་མ་ཡེངས་པར་གནས་པ་ཟེར་བ་སོགས་ལ་འགའ་ཞིག་གིས་རྫོགས་ཆེན་གྱི་ཟེར་སྒྲོས་དང་འདྲ་འདུག་པས་ཕྱག་རྫོགས་གཉིས་ལྟ་བ་གཅིག་ཏུ་འདུག་བསམ་མཁན་མཆིས་མོད་ཀྱང༌། ཅི་ཡང་མི་སེམས་པར་གནས་པ་དང་སྒྲ་རྟོག་གི་ཡུལ་ལས་འདས་པར་རློམ་པ་སོགས་གང་སྨྲས་ཀྱང༌། གཞི་གསལ་སྟོང་ཟུང་འཇུག་ཀ་དག་དང་ལྷུན་གྲུབ་ཀྱི་ཡོན་ཏན་དང་ཕ་རོལ་ཕྱིན་བཅུ་སོགས་རྫོགས་པའི་རྫོགས་ཆེན་སྟོང་པ་རང་གསལ་གྱི་སྙིང་པོ་ཅན་གྱི་དོན་མ་རྟོགས་བར། ཚིག་འགའ་འདྲ་བ་ཙམ་གྱིས་རྫོགས་པ་ཆེན་པོའི་ལྟ་བ་དང་འདྲ་བསྡུར་བྱེད་པ་ཤིན་ཏུ་བྱབ་ཆུང་ཞིང་རྫོགས་ཆེན་གྱི་དོན་ལ་ངེས་པ་མ་རྙེད་པའི་རྟགས་མཐོང་ངོ༌། །དབུ་མ་ནི། རྗེ་ཙོང་ཁ་བའི་དབུ་མའི་ལྟ་ཁྲིད་ལས། འོན་ཀྱང་གནད་དུ་ཆེ་བ་ནི། དང་པོ་གང་ཟག་གི་བདག་རྣམ་པ་བདུན་གྱིས་བཙལ་ན་བདག་མེད་པ་དེ་ལྟ་བུ་ལ་ལེགས་པར་རིགས་པས་གཏན་ལ་ཕབ་ནས་མ་རྙེད་པ་དང་དེ་ཀའི་ངང་ལ་དྲན་ཤེས་བསྟེན་ནས་བཞག ནམ་འཕྲོ་བ་དང་ཡང་སྔར་བཞིན་རིགས་པས་བཙལ་ནས་མ་རྙེད་པ་དང་དེ་ཀའི་ངང་ལ་བཞག་སྟེ། ཞེས་དང༌། ཚིག་དོན་མཛོད་ཀྱི་འགྲེལ་པ་ལས། སེམས་ཉིད་སྟོང་ཉིད་ལ་སངས་རྒྱས་ཀྱི་རང་བཞིན་ནམ་སྙིང་པོ་ཟེར་གྱི། མཚན་དཔེ་སྟོབས་སོགས་ཀྱི་ཆོས་སུ་ཡོད་པ་ག་ལ་སྲིད། གནས་ལུགས་བདག་མེད་ནམ་མཁའ་སྟོང་པ་ལྟ་བུར་ཡུམ་བར་ལ་སོགས་ཐམས་ཅད་ནས་གསུངས་པའི་ཕྱིར་སྙིང་པོ་བསྟན་པའི་མདོ་རྣམས་དྲང་དོན་ཡིན་ནོ། །གལ་ཏེ་དེ་ལྟར་མ་ཡིན་ན་མུ་སྟེགས་པའི་བདག་རྟག་པ་དང་ཁྱད་མེད་པ་ཁོ་ནའོ། །ཞེས་ངེས་པ་དོན་གྱི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པར་སྣང་ངོ༌། །གཉིས་པ་ནི། ཚུལ་དེ་ལྟ་བུ་བཟང་པོ་མ་ཡིན་པས་རེ་ཞིག་ལུང་ཉིད་ཚད་མར་བྱས་ཏེ་སྤང་བ་ནི། ཅི་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་གསུམ་དུ་གསུངས་པ་ལས་གནས་འདི་ནི་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོར་གསུངས་པ་ཡང་ཁྱོད་ཀྱིས་མ་ཤེས། སྟོང་ཉིད་རྐྱང་པ་དོན་དམ་ཡིན་ན། འཁོར་ལོ་གསུམ་ལ་ཐ་དད་དུ་བསྟན་པའང་ཇི་ལྟར་འཐད་དེ། སྟོང་ཉིད་དྲང་དོན་དུ་གསུངས་ཀྱི། དེ་ཡང་གནས་ལུགས་ཀྱིས་སྐྲག་པ་དང༌། ལས་དང་པོ་བས་བདག་ཏུ་འཛིན་པ་དགག་པ་ཙམ་ལ་དགོངས་པ་སྟེ། ཞེས་གསུངས་པའི་ཕྱིར། ཚུལ་འདི་རྣམས་ལ་ཞིབ་ཏུ་དཔྱོད་པའི་བློ་གྲོས་ཅན་བྱུང་ན་ཕྱག་རྫོགས་དབུ་གསུམ་ལྟ་བ་གཅིག་ཏུ་སྨྲ་བའི་ལྕེ་ཐུང་ངུར་འགྱུར་རམ་སྙམ། ཞོར་འཕྲོས་གོང་གི་རྫོགས་ཆེན་གྱི་ལྟ་བ་མཐའ་བཞི་རྒྱ་གྲོལ་བཤད་པའི་དོན་ལ་ལུང་དང་རིགས་པའི་རྒྱབ་རྟེན་མེད་པར་འོལ་ཚོད་ཀྱིས་བྱས་པ་རེད་ཅེས་བཀྱོན་ཕབ་པ་འདུག་ཀྱང༌། ལྟ་བ་འདི་འདྲ་ལ་ལུང་རིགས་ཀྱི་རྒྱབ་སྐྱོར་ཤིན་ཏུ་མང་བ་ཡོད་དེ། ལུང་ནི་སྐུ་གསུམ་སངས་རྒྱས་ཀྱིས་གསུངས། འཁོར་ལྷ་ཀླུ་མི་གསུམ་ལ་གསུངས། འབྲས་བུ་ཟག་ཕུང་དྭངས་མའི་འོད་ལུས་ཏེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པ་ཡོད་པའི་ཕྱིར། ལུང་ཚིག་སོགས་འབྲི་བ་མང་བས་འཇིགས་ནས་བཞག གཉིས་པ་བསམ་ངོ་ལྷུན་གྲུབ་ལ་ངོ་བོ་དང༌། དགོས་པ་མེད་པའི་ལྷུན་གྲུབ་ཏུ་སོང་བའི་སྐྱོན་གཉིས། དང་པོ་ནི། ནམ་མཁའ་འཕྲུལ་མཛོད་འགྲེལ་བ་ལས། བསམ་ངོ་ན་ཅི་ལྟར་ཡང་འཆར་བ་ཡིན་ཏེ། རྡོ་ལ་གསེར་དུ་བསམ་དུ་བཏུབ། གསེར་ལ་བོང་བ་ཡང་བསམ་དུ་བཏུབ། མེ་ལ་ཆུ། ཆུ་ལ་མེ། རྟ་ལ་བ། བ་ལ་རྟ། མི་ལ་བྱ། བྱ་ལ་མི་བསམ་དུ་ཡང་བཏུབ་པས། བསམ་ངོ་ལྷུན་གྲུབ་བོ། །ལྷུན་མི་འགྱུར་བ་ཡིན་ཏེ། བསམ་པར་ཇི་ལྟར་ཤར་ཡང་སེམས་ཉིད་ཀྱི་བོན་ཉིད་ལས་གཞན་དུ་མི་འགྱུར་བའོ། །གྲུབ་འདའ་བ་མེད་པ་སྟེ། བསམ་ངོ་ཡང་གཞི་ལྷུན་གྲུབ་ལས་ཡར་འདའ་མ་མྱོང་བའོ། །དེས་ན་དེའི་སྨྲ་སྒོ་ནི། རང་གི་སེམས་ཀྱི་བོན་ཉིད་ལ་ཇི་ལྟར་ཡང་བསམ་དུ་བཏུབ་ལ། བསམ་པའི་དོན་ལ་ཁས་ཇི་ལྟར་བླངས་ཀྱང་སྐྱོན་མེད་པར་སྨྲ་བ་ཡིན་ནོ། །དེ་སྐད་བྱས་པས་མངོན་སུམ་གྱིས་བསལ་ཏེ། མེ་ལ་ཆུ་རུ་ཁས་བླངས་ཀྱང་མི་ཕན་ཟེར་ན། ཁྱོད་ཀྱི་མངོན་སུམ་ལ་མེ་རུ་འདུག་ཀྱང༌། ངའི་བསམ་ངོ་ལ་ཆུ་རུ་སྣང་བ་ཅི་སྟོ་ཁྱབ་པ་མ་གྲུབ་པའོ། །ཞེས་སོགས་ཀྱིས་སེམས་ཀྱི་ངོ་ན་ཤར་ཚུལ་ལ་དག་དང་མ་དག་ལུང་དུ་བསྟན་དང་མ་བསྟན་གང་ཤར་ཡང་གཞི་ཐིག་ལེ་ཉག་གཅིག་གིས་ཁྱབ་ཚུལ་ལ་ཁྱད་མེད་པ་དང༌། ཤར་བ་རྣམས་དོན་ལ་འཐད་དང་མི་འཐད་རུང་དང་མི་རུང་སོགས་སྒོ་གཞན་དང་བསྟུན་པ་ཡིན་ལ། སེམས་ཀྱི་ངོ་ན་ཤར་བ་ཙམ་ལ་བསམ་ངོ་ལྷུན་གྲུབ་ཅེས་བྱའོ། །འགྲེལ་ལས། བསམ་ངོར་ལྷུན་གྲུབ་ཀྱིས་དོན་བྱེད་ནུས་སམ་མི་ནུས། ཞེས་དྲི་བ་དང་ལན་འདུག་ཀྱང༌། དོན་ནི་གཞི་གྲུབ་ན་རྟོག་ཡུལ་ན་ཡོད་པས་ཁྱབ། རྟོག་ཡུལ་ན་ཡོད་ན་དོན་བྱེད་ནུས་པས་ཀྱང་མ་ཁྱབ། མི་ནུས་པས་ཀྱང་མ་ཁྱབ་པའི་ཕྱིར། འོན་ཀྱང་རྟོག་ཡུལ་ན་ཡོད་ན་གཞི་རང་འབྱུང་ཡེ་ཤེས་དང་བདག་ཉིད་གཅིག་པས་ཁྱབ་པའི་ཕྱིར། སྟོང་གཟུགས་དང་གཞི་ཡི་རྩལ་ཡིན་པས་ཁྱབ་པའི་ཕྱིར། འགྲེལ་ལས། འཁོར་འདས་ཕྱི་ནང་གིས་བསྡུས་པས་བོན་ཐམས་ཅད་བསྡུས་པས་བྱང་ཆུབ་ཀྱི་སེམས་སུ་གཅིག་ལ། ཞེས་དང༌། དེ་ཉིད་ལས། ལྷུན་གྲུབ་ཟེར་བའམ། རྫོགས་པ་ཆེན་པོ་ཟེར་བ་ཅི་སྟེ། ཐེག་པ་འོག་མ་བའི་བསྐྱེད་རིམ་བསྒོམ་པའམ། སྒོམ་སེམས་འཛིན་ཕྲ་མོ་བྱེད་པ་དང༌། མངོན་སུམ་དང་རྗེས་སུ་དཔག་པ་ལས་སོགས་པ་ཐམས་ཅད་བསམ་ངོ་ལྷུན་གྲུབ་ཏུ་འདུས་སོ། །ཞེས་དང༌། དེ་ཉིད་ལས། ཇི་ལྟར་བྱས་ཀྱང་གཉུག་མ་ལྷུན་གྱིས་གྲུབ་པ་ལས། འཕོ་ས་དང་འགྱུར་ས་མེད་དོ། །ཞེས་གསུངས། དགོས་པའི་དབང་གིས་ཐེག་འགྲེལ་ལྟར་ཤིན་ཏུ་དོན་ལྡན་གྱི་སྐབས་ཅུང་ཙམ་ཞིག་ལུང་དོན་བཞིན་འཆད་པ་ལ། གནས་པ་འོད་ཀྱི་ཀུན་གཞི་ལ་རང་ཆས་སུ་འོད་སྐུ་མཚན་དཔེས་སྤྲས་པ་ཞིག་ལྷུན་གྱིས་གྲུབ་པར་ཡོད་དེ། དུང་ཕོར་གཏེར་མ་ལུང་དྲི་མེད་འོད་གསལ་ལས། རིག་པ་འོད་ཀྱི་གཞལ་ཡས་ཁང་འདི་ནི། སངས་རྒྱས་དང་སེམས་ཅན་གཉིས་ཀའི་རང་བཞིན་དུ་འབྱུང་བའི་གཞི་རུ་གནས་པ་ཡིན་ནོ། །ཞེས་དང༌། ཡང་དེ་ཉིད་ལས། འོད་ཀྱི་རང་བཞིན་དེ་ལ་མཚན་དང་དཔེ་བྱད་དུ་གནས་པས། གནས་པ་འོད་ཀྱི་ཀུན་གཞི་ཞེས་བྱའོ། །ཞེས་དང༌། དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་ལས། འདི་ལ་ཁ་ཅིག་གིས། ཤེས་རབ་དང༌། ཡེ་ཤེས་དང་འོད་ཀྱི་ཁ་མིག་རྣ་བ་ཅན་ལས་སོགས་པར་བྱས་ནས་འདུག་སྟེ། ཤིན་ཏུ་དོན་ལྡན་གྱི་གོལ་ས་སྤོང་བར་མི་ནུས་སོ། །ཞེས་ཐེག་པ་འདི་ཡི་འདོད་པ་བསྟན། ཐེག་འགྲེལ་ལས། དཀྱིལ་འཁོར་དང་ཡོན་ཏན་ཐམས་ཅད་རང་ལ་ཡེ་ནས་གནས་པ་ལས་མ་གཏོགས་པ་བསྐྱེད་ཅིང་བཙལ་མི་དགོས་ཏེ། དེ་དག་ཀྱང་གདོད་ནས་འདུས་མ་བྱས། ཡེ་ནས་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་གནས་པའོ། །ཞེས་དང༌། དེ་ཉིད་ལས། ངའི་སེམས་ཉིད་ཀྱི་དབྱིངས་དེ། ཀུན་འབྱུང་བའི་ཁུངས་པོར་འགྱུར་བའི་ཕྱིར་རོ། །རྒྱུ་ཞེས་ཐ་སྙད་དུ་བཏགས་པ་ཡིན་ལ། སེམས་ཉིད་ཀྱི་རླབས་སམ་རོལ་པ་ལྷའི་དཀྱིལ་འཁོར་ཡེ་ཤེས་ཀྱི་སྐྱེ་མཆེད་སྣ་ཚོགས་སུ་རང་ཤར་བའི་ཕྱིར། འབྲས་བུ་ཞེས་ཐ་སྙད་དུ་བཏགས་པ་ཡིན་ཏེ། ཞེས་དང༌། དེ་ལྟར་གཞི་ལས་རྩལ་སྣང་གི་སྐུ་འཆར་བའི་གཞི་འགག་པ་མེད་ཅིང༌། ཤར་བའི་སྐུ་ཡི་རྣམ་པ་ཐམས་ཅད་ཤེས་རབ་དང་ཡེ་ཤེས་དང་འོད་ཀྱི་རང་བཞིན་གཞི་སྟོང་པའི་རང་གཟུགས་ལས་གཞན་དུ་ཕྱི་རོལ་ནས་བྱུང་བ་གཏན་ནས་མེད་པའི་ཚུལ་ནི། དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་ལས། དེ་ཡང་ངོ་བོ་སྐུ་ཡིན་པས་མི་འགྱུར། མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་ནི་མེད། རང་བཞིན་འོད་ཡིན་པས་རང་གསལ། ཁ་དོག་རིས་ཅན་དུ་ནི་མེད་དོ། །ཐུགས་རྗེ་ཡེ་ཤེས་ཡིན་པས་མཁྱེན་པའི་ཆ་མ་འགག་པར་སོ་སོར་གསལ་ལོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེ་ལ་འདི་ལྟར་དྭོགས་ན། འདི་རྫོགས་ཆེན་གྱི་ལྷུན་གྲུབ་ཀྱི་ཚུལ་བཤད་པ་ཡིན་གྱི་ཤིན་ཏུ་དོན་ལྡན་ལ་སྦྱར་དུ་མི་འཐད་པའི་ཕྱིར་སྙམ་ན། ཚུལ་འདི་རྣམས་ལ་དགོངས་ནས་སྒ་སྟོན་ཚུལ་རྒྱན་གྱིས་ཐེག་འགྲེལ་དུ། ཤིན་ཏུ་དོན་ལྡན་ནི་རྫོགས་ཆེན་ལ་ལྟ་སྒོམ་ཉེ་བའོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་ཤིན་རྫོགས་གཉིས་འདིའི་སྐོར་ཁྱད་པར་ཡོད་དེ། ཡིན་པ་ཡིན་པར་ངོ་ཤེས་བྱེད་ཀྱི་ཐབས་ཡེ་གཤེན་ཐེག་མདོ་སོགས་ནས་བསྟན་པའི་རིམ་གཉིས་ཀྱི་ཚུལ་དེ་ཡིན་པ། སྔར་བརྩམས་སྔགས་ཀྱི་མཆན་འགྲེལ་གྱི་སྐབས་གསལ་ལྟར། 363.L. 2 སྐབས་འདིར་ཇི་ལྟར་བཤད་པའི་བདེ་སྟོང་ཡེ་ཤེས་ཆེན་པོ་དེ་ཡི་ངང་ནས་མ་གཡོས་བཞིན་དུ་སྔར་དབུ་མའི་ནང་དུ་རླུང་སེམས་ཞུགས་གནས་ཐིམ་གསུམ་བྱས་པ་ལས་གྲུབ་པའི་སྐུ་དེ་གཉིས་ངོ་བོ་གཅིག་ཏུ་གྱུར་པ་དེ་ལ་ཅི་ཙམ་གོམས་ཤིང་སྟོབས་རྫོགས་རིམ་བཞིན་དུ། གོང་བཤད་ལྟར་གནས་པ་འོད་ཀྱི་ཀུན་གཞི་ལ་རང་ཆས་སུ་ལྷུན་གྱིས་གྲུབ་པའི་འོད་སྐུ་མཚན་དཔེས་སྤྲས་པ་དེ་ཡང་ཇེ་གསལ་དང་ཇེ་ཉེར་སོང་ནས་མཐར་སྒྱུ་མའི་སྐུ་དང་ལྷུན་གྲུབ་ཀྱི་སྐུ་གཉིས་ངོ་བོ་གཅིག་ཏུ་གྱུར་པ་དེ་མཐོང་ལམ་གྱི་སྐབས་སུ་ཡིན། དེ་ལྟར་དེ་གཉིས་ངོ་བོ་གཅིག་ཏུ་གྱུར་པ་དེ་གཞུང་གི་བསྟན་དོན་ལྟར། ཡིན་པ་ཡིན་པར་ངོ་ཤེས་པའི་དོན་ཡིན་ནོ། །དེ་ཡང་ངོ་ཤེས་བྱེད་རང་གིས་སྔར་ཚོགས་སྦྱོར་གྱི་སྐབས་སུ་བརྩོལ་བས་བསྒྲུབས་པའི་སྐུ་དང༌། ངོ་ཤེས་རྒྱུ་གཞི་ལ་ལྷུན་གྲུབ་ཏུ་ཡོད་པའི་སྐུ་དེའོ། །དེ་ལ་འདི་ལྟར་དྭོགས་ན་ངོ་ཤེས་པ་ལ་དགོས་པ་མི་ཆེེ་སྟེ། དངོས་བསྐྱེད་པ་ལྟར་རིམ་གཉིས་སྔར་ནས་བསྒྲུབ་དགོས་པའི་ཕྱིར་སྙམ་ན། དགོས་པ་ཆེན་པོ་ཡོད་དེ། ངོ་ཤེས་པའི་རྗེས་སུ་འབད་རྩོལ་རགས་པ་ལ་ལྟོས་མི་དགོས་པར་མཚོ་ལ་གཟིངས་འགྲོ་བ་ལྟར་བསྒྲུབ་པའོ། །ཐེག་འགྲེལ་ལས། ལྟ་བའི་དོན་རྟོགས་པ་དེ་ཉིད་ཀྱི་རྗེས་སུ་དེའི་ངང་ལ་འཇོག་པའོ། །ལྷའི་དཀྱིལ་འཁོར་དང༌། ཕྱག་རྒྱ་ཆེན་པོ་གང་བསྒོམ་ཡང༌། རྒྱུ་དང་རྐྱེན་གྱིས་མི་བསྐྱེད་དེ། ནམ་མཁའ་དངས་པའི་དབྱིངས་ནས་ཉི་ཟླ་ཤར་བ་ལྟར། རྫོགས་ཚུལ་དུ་བསྒོམ་པའོ། །སྒྲུབ་པའི་ཐབས་ནི། འབད་རྩོལ་གྱི་རྒྱུ་རྐྱེན་ཕུན་སུམ་ཚོགས་པས་འབྲས་བུ་ཐོབ་པ་ལྟར། བསྒྲུབ་མི་དགོས་ཏེ། ཡེ་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་པ་ཙམ་གྱིས་རྒྱ་མཚོ་ཆེན་པོ་ལ་གཟིངས་བསྐྱོད་པ་བཞིན་དུ་ཤུགས་ཀྱིས་འགྲུབ་པའོ། །ཞེས་གསུངས་པའི་ཕྱིར། ངོ་ཤེས་རྒྱུའི་གཞི་ལ་ལྷུན་གྲུབ་ཏུ་ཡོད་པའི་སྐུ་དེ་ཐོག་མ་མེད་པ་ནས་ཡོད་པ་ཡིན་ཏེ། འགྲེལ་ལས། ངའི་ལྟ་བའི་གདེང་ནི་ཡེ་ཕྱི་མོ་ནས་ཡོད་པའི་ཕྱིར། རྩོལ་བ་མེད་པའོ། །ཞེས་གསུངས་པའི་ཕྱིར། སྒ་སྟོན་ཐེག་འགྲེལ་ལས། མཐོང་ལམ་སྐྱེས་ཙམ་ནས་དེ་ལྟར་རྟོགས་པ་ཡིན་སྐད། ཅེས་གསུངས་པ་ཕྱོགས་སྔའི་འདོད་པ་དང༌། འདིའི་ལྟ་བའི་ངོ་བོ་ལྷུན་གྲུབ་ཀྱི་སྐུ་ངོ་ཤེས་པ་མཐོང་ལམ་ནས་འཇོག་པ་ལ་གསུངས་པ་ཡིན་པའི་ཕྱིར། འདི་ཕྱིན་རིམ་གཉིས་ཀྱི་ཉམས་ལེན་ཟུང་འཇུག་གི་སྐུ་ཡི་ཚུལ་དང་བདེ་སྟོང་ཡེ་ཤེས་ཀྱི་རྒྱུན་བསྐྱངས་ཏེ་བསྐྱེད་བསྲིང་པ་ལས་གསར་དུ་བསྣོན་པའི་ལམ་འགྲིག་མི་དགོས་པར་མངོན། འོན་ཀྱང་བོགས་འདོན་པའི་ཐབས་ཤེས་སོགས་དགོས་པར་ཡོད་དམ་སྙམ། ཐེག་འགྲེལ་ལས། ལྟ་བའི་དོན་དེ་ཉིད་ཀྱི་རྗེས་སུ་བློས་དེའི་ངང་ལ་འཇོག་པའོ། །ཞེས་གསུངས་པའི་ཕྱིར། འདིའི་སྐོར་སྔགས་ཀྱི་མཆན་འགྲེལ་གྱི་ཟུར་རྒྱན་དུ་རུང་ངམ་སྙམ། གསུམ་པ་མཐུན་སྣང་ལྷུན་གྲུབ་ལ་གཉིས། མཐུན་སྣང་ལྷུན་གྲུབ་རང་གི་ངོ་བོ་དང༌། ཐལ་དྲགས་པའི་ལྷུན་གྲུབ་ལས་སོགས་པ་ཡིས་སུན་དབྱུང་པ་རྣམ་པ་གཉིས་སོ། །དང་པོ་ནི། རྒོལ་ཕྱིར་རྒོལ་གཉིས་ལས་ཐུན་མོང་དུ་གྲུབ་པའི། བོན་ཅན་ཀ་པ་ལི་ལྟ་བུ་ཞིག་གཞིར་བཞག་པའི་དུས་ན། ལ་ལས་རྟར་མཐོང་ལ། ལ་ལས་བར་མཐོང་ན་འགལ་སྣང་ཡིན་ཏེ། དེ་ལྟར་མ་སོང་བའི་གཉིས་ཀས་ཀ་པ་ལི་ལྟ་བུ་ཡེར་རེར་མཐུན་པར་སྣང་བ་ལ་ཟེར་རོ། །ནམ་མཁའ་འཕྲུལ་མཛོད་ཀྱི་འགྲེལ་བ་ལྷུན་གྲུབ་ཀྱི་ཡིག་ཆུང་ལས། འཁོར་འདས་ཕྱི་ནང་གི་བསྡུས་པའི་བོན་ཐམས་ཅད་བསྡུས་པའི་བྱང་ཆུབ་ཀྱི་སེམས་སུ་གཅིག་ལ། སེམས་ཉིད་ཐིག་ལེ་ཉག་གཅིག་སྟེ་སྐྱེ་འགག་མེད་ཅིང་འཇུག་ལྡོག་འཕོ་འགྱུར་མེད་པས་ལྡོག་མེད་མཐུན་སྣང་ཡིན་ཏེ། ཐམས་ཅད་གཅིག་ཏུ་མཐུན་པར་སྨྲ་བོ་ཞེས་དང༌། འཁོར་བ་གཏན་འཇོམ་གྱི་མདོ་ལས། ལྡོག་བཅས་ལྡོག་མེད་བོན་ཉིད་དབྱིངས་གྲོལ། བསམ་ངོ་མཐུན་སྣང་རིག་པ་རང་གྲོལ། སྣང་གྲགས་ཐམས་ཅད་དེ་ལྟར་ཤེས་ན། ཡེ་ནས་ལྷུན་གྲུབ་དོན་ལ་གནས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་དེ་ལ་སུན་དབྱུང་བ་ནི། དཔེར་ན། ཀ་པ་ལིའམ་སྐྱོགས་ལྟ་བུ་ཞིག་ལ་ཐམས་ཅད་ལ་ཀ་པ་ལིའམ་སྐྱོགས་ལ་མཐུན་ནམ། འགའ་ཙམ་ལ་མཐུན་པར་སྣང་བྱ། ཐམས་ཅད་ལ་མཐུན་པར་སྣང་ཟེར་ན། སྣང་བ་བཅུ་བདུན་མི་བདེན་པ་ཐལ། ཐམས་ཅད་སྣང་བ་གཅིག་པའི་ཕྱིར། འདོད་ན། མི་དང་བ་གླང་ཁྱད་མེད་པ་ཐལ། འདོད་ན། མངོན་སུམ་གྱིས་བསལ་ལོ། །དེ་ལ་ལུང་རིགས་ཀྱི་སྐྱོན་མང་དུ་འབྱུང་ངོ༌། །མི་ལས་སོགས་འགའ་ཙམ་ལ་མཐུན་པར་སྣང་ཟེར་ན། དེ་མཐུན་སྣང་མ་ཡིན་པར་ཐལ། འགའ་ཞིག་མཐུན་ལ། འགའ་ཞིག་མི་མཐུན་པའི་ཕྱིར། ལྷུན་གྲུབ་ཀྱང་མ་ཡིན་ཏེ། ཐམས་ཅད་དེ་རུ་མ་འདུས་པའི་ཕྱིར། རང་གཞུང་གིས་སྐྱོན་སེལ་ན། གཞི་ཡི་རྩལ་ལས་རིགས་དྲུག་སོ་སོའི་སྣང་ངོར་རང་རང་གི་ལས་མཐུན་སྣང་བ་དཔེར་ན་མི་ཡི་རིགས་ལ་སྣང་ཚུལ་མེ་ཆུ་ས་རླུང་སོགས་ཀྱི་སྣང་ཚུལ་དང༌། གང་སྣང་བ་ཐམས་ཅད་གཞི་གསལ་སྟོང་ཟུང་འཇུག་ཐིག་ལེ་ཉག་གཅིག་གི་བདག་ཉིད་དུ་ལྷུན་གྲུབ་ཡིན་པར་བརྗོད་པ་དང་ཁས་བླངས་པ་ལ་དོན་འགལ་མེད་པས་བསམ་ངོ་ལྷུན་གྲུབ་ཅེས་པའི་མིང་ཙམ་ལས་འཕྲོས་པའི་འགལ་སྐྱོན་རྣམས་སེལ་ནུས་སོ། །སྤྱིར་ན་རྫོགས་པ་ཆེན་པོའི་གཞི་ཡི་གནས་ལུགས་སྟོང་པ་ཉིད་ཀྱི་ངོས་ནས་བསམ་ན་དགེ་སྡིག་ཕན་གནོད་གང་གིས་གཡོ་བསྐྱོད་མི་ནུས་ཏེ། སངས་རྒྱས་སྒམ་ཏེ་མ་མཛད། སེམས་ཅན་སྒྲིན་པོས་མ་བཅོས་པར་གནས་ཏེ། གཞི་སྟོང་པ་ཉིད་ལ་དེ་རྣམས་ཀྱི་བྱ་བ་མི་འཇུག་པའི་ཕྱིར། དེས་ན་གཞུང་འགའ་ནས་ལས་འབྲས་དང་ཕན་གནོད་སོགས་མེད་པར་གསུངས་པའི་དོན་དང༌། གཞི་ཡི་རྩལ་ཤར་རོལ་པའི་ཆ་ལ་ལས་འབྲས་ཕན་གནོད་བདེ་སྡུག་ཐམས་ཅད་ཡོད་པར་བསྟན་པས། གཞུང་གི་བསྟན་དོན་ཚུལ་བཞིན་དུ་ཐོས་བསམ་ཡང་དག་གི་ལམ་ནས་བཙལ་བར་མཁྱེན་ཞེས་རྗེས་སུ་འཇུག་པ་རྣམས་ལ་ཞུའོ། །གཞན་ཡང་སྔོན་འགྲོ་འབུམ་དགུ་ཙམ་གྲངས་ཚང་བསགས། དེ་རྗེས་ཉིན་ཤས་ཨ་དཀར་པོ་ཞིག་ལ་དམིགས་པ་བཏད་ནས་ཐུན་འགའ་སྦྱངས། ཇི་ཞིག་བླ་མས་སེམས་ཚོལ་ཤོག་གསུངས་ནས་ཕུ་རྒྱུག་མདོ་རྒྱུག་དང༌། སྡུག་བསྔལ་དང་སེམས་ཁྲལ། སེམས་མི་རྙེད་པའི་དངངས་སྐྲག་བྱེད། སླད་ནས་བླ་མར་ཞུ་བཏུག་འགའ་བྱས་ཏེ། ཕལ་ཆེར་སེམས་ལ་ཁ་དོག་མེད། དབྱིབས་མེད། བྱུང་ས་མེད། གནས་ས་མེད། འགྲོ་ས་མེད། སེམས་ལ་སྔར་འདས་པའི་རྗེས་གཅོད་མེད་པ། ཕྱིས་འབྱུང་གི་སྔོན་བསུ་མེད་པ། ད་ལྟ་བ་ལ་བཟོ་བཅོས་མེད་པ་སྟོང་པ་ཞིག་འདུག་ཅེས་ཞུ་ཤེས་ནས་ད་དེ་ལྟར་རྒྱུན་བསྐྱང་རྒྱུ་ཡིན་པར་བྱེད། ད་རྣམ་རྟོག་ཅིག་ཐོལ་གྱིས་བྱུང་དུས་དེ་ཡི་རྗེས་སུ་འབྲེང་ན་རྒོད་པ་དང༌། དེ་ནམ་བྱུང་མ་ཚོར་བ་མུག་གེ་འདུག་ན་རྨུགས་པ་སོགས་ཡིན་རྒྱུ་བྱེད། མདོར་ན་སྟོང་པ་ཞིག་ལ་དམིགས་པ་གཏད་པའི་འཛིན་སྟངས་ཅན་གྱི་སྒོམ་ནི་རྫོགས་པ་ཆེན་པོའི་ལྟ་བའི་ཕྱོགས་ན་མེད་དོ། །ཚུལ་འདི་རྣམས་ཤེས་པ་ཤིན་ཏུ་དོན་གལ་ཆེ། དེ་ཤེས་པ་ལ་ཡང་མཚན་ལྡན་གྱི་བླ་མ་དང་གདམས་པ་ཟབ་མོ་འཕྲད་པ་གཙོ་ཆེ། དེས་ན་བླ་མའི་རྣལ་འབྱོར་དང༌། ཟབ་མོའི་གཞུང་ལ་དད་པ་བསྐྱེད་ཅིང་གསོལ་བ་འདེབས་པར་ཞུ།། །། སླར་སྨྲས་པ། འདི་ལྟར་ཡིག་སྣ་མང་པོ་ནས། །ཚིགས་བཅད་ཟུར་བསགས་བྱས་ཙམ་གྱིས། །དོན་ཆེན་འབྱིན་པ་མ་མཐོང་ཡང༌། །  དྲན་ཤར་མ་བཀག་རི་མོ་བྲིས། །གང་ཞིག་བསྟན་བཅོས་མཐོང་བའི་དྲིན་ལས་སུ། །འགངས་ཆེན་དཀའ་གནད་ཁྲོལ་བའི་ངོ་སོ་ཆུང༌། །རང་འདོད་མ་ཁེངས་འགག་ལ་འཕྲད་པའི་དུས། །གང་བྲིས་ཐམས་ཅད་དཀའ་སླ་མཉམ་འདུག་སྐད། །གང་བྱས་རི་མོ་ཁྱེད་ངོ་བཟུང་ཆེད་མིན། །རྒྱལ་བའི་བསྟན་མཆོག་འགྲོ་བའི་ཕན་བདེའི་ཆེད། །དྲི་མེད་ལུང་རིགས་ལམ་ནས་མཐོང་བས་ན། །དེ་ཉིད་ཡུན་རིང་གནས་ཕྱིར་བཀུར་བསྟི་ཞུས། །གཤེན་བསྟན་འདོད་འབྱུང་དབྱིག་གི་གང་བུ་འདི། །རྨོངས་བློ་ངན་རྟོག་ཐལ་རྡུལ་འཁྲིགས་པའི་གསེབ། །ཕན་བདེའི་འོད་སྣང་འཕྲོ་བའི་སྐབས་ཕྲ་ཡང༌། །བོན་ཉིད་བདེན་པའི་དོན་བཞིན་གསལ་འགྱུར་ཅིག །ཅེས་པའི་ཚུལ་འདི་རྣམས་ཕན་བདེའི་གཞི་རྩ་རྒྱལ་བསྟན་རིན་པོ་ཆེ་ལས་གཞན་མ་མཐོང་བས། དེ་ཉིད་དྲི་མེད་ལུང་དང་རིགས་པས་བྱི་དོར་དང་བཅས་ཏེ་བསྐྱང་བའི་ཆེད་དུ་སྒོ་ཙམ་ཞིག་བྲིས་པའི་དགེ་བ་མ་རྒན་དྲིན་ཆེན་གང་དག་སྒྲིབ་བྱང་ཚོགས་རྫོགས་ཀྱི་རྒྱུ་རུ་བསྔོ་བ་དང་བཅས་ཏེ་སྨན་རི་བའི་གྲལ་མཐར་འཛིན་པ་༧བསྟན་འཛིན་རྣམ་དག་གིས་ཁྲི་བརྟན་ནོར་རྩེ་རྗེས་མར་བྲིས།། །།