མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་དགུང་སྟོན་ལ་ཕུལ་བ།

སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་དགུང་སྟོན་ལ་ཕུལ་བ།

སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་དགུང་སྟོན་ལ་ཕུལ་བ།

 

དགེ་བཤེས་དྲང་སྲོང་རྣམ་རྒྱལ།

རང་ཉིད་འཇིགས་ལས་རྣམ་གྲོལ་ཅིང་། །
གཞན་དག་སྐྱོབ་པའི་ཐུགས་རྗེ་ཅན། །
ཞུམས་པ་མེད་པའི་དམ་བཅའ་བཞིས། །
མི་འཇིགས་མངའ་བ་གང་དེས་སྐྱོངས།

 

དྲི་བྲལ་རྣམ་དཔྱོད་ཆུ་མཐོང་ལམ། །
དཔག་མེད་ཡོན་ཏན་རི་བོང་འཛིན། །
དུས་ཀྱི་སྨག་རུམ་མཐར་བྱེད་པའི། །
འོད་ཟེར་ཀུན་ནས་འཕྲོ་ལ་འདུད། །

 

བསྐལ་མང་དགེ་བའི་ཉལ་འགྲོའི་རྒྱུན། །
གཅིག་ཏུ་སྤུངས་པ་ཟླ་བས་འཕེལ། །
རིག་འཛིན་དུ་མས་དམ་པ་ཡི། །
རྣམ་པར་རོལ་པའི་བཀའ་ལུང་བརྗིད། །

 

བསྟན་འཛིན་དྲ་མའི་གླིང་མཆོག་ནས། །
ཁྱད་འཕགས་རིན་ཆེན་དབང་པོ་སྟེ། །
ཕྱོགས་ཀྱི་འཁོར་ལོར་རྣམ་རྒྱལ་བ། །
སླར་ཡང་སྐལ་ལྡན་གསོས་སུ་སྨིན། །

 

ཟླ་བྲལ་མཁས་པ་གདོང་ལྔ་པ། །
གྲངས་མེད་བསྙེན་པའི་བསོད་ནམས་ནི། །
བསྐལ་པ་དུ་མར་བསྐྲུན་དཀའ་བའི། །
རླབས་ཆེན་ཚོགས་ཀྱི་ལག་རྗེས་དངོས། །

 

རྣམ་པ་གསུམ་གྱི་དུཿཁ་ཡིས། །
རྣམ་པར་གཙེས་པའི་འཁོར་བ་ལས། །
ངེས་པར་འབྱུང་བའི་ངང་ཚུལ་ནི། །
སྡེར་ཆགས་སྲེག་ཟར་འཇུག་པ་བཞིན། །

 

མཁས་པའི་རྐང་འཐུང་དབེན་པ་ཡི། །
མྱ་ངམ་ཐང་དུ་ངལ་མིན་པར། །
དྲན་དབང་གླང་པོ་རྒྱུུ་བའི་ནགས། །
བསྟེན་པའི་འདམ་གྱི་གདོང་ལྔ་ཁྱོད། །

 

མཉན་བསམ་ཙམ་གྱིས་མི་ཚིམས་པར། །
ཐོས་དོན་རྒྱུད་ལ་སྦྱོར་བ་ནི། །
ཆོས་ཀྱི་སྙིང་པོར་རིག་ནས་སུ། །
བླང་དོར་ཉམས་ལེན་འབབ་ལྡན་བཞིན། །

 

བདག་ཏུ་འཛིན་པའི་གཏི་མུག་ནི། །
འཁོར་བའི་རྩ་བར་ངེས་རྙེད་དེ། །
དཔྱད་འཇོག་སྤེལ་བའི་སྒོམ་པ་ཡིས། །
རྟོགས་པའི་ཡོན་ཏན་དགའ་ཚལ་བཞིན། །

 

ཀུན་མཁྱེན་གྲོང་དུ་འཕུར་བ་ལ། །
སྤང་རྟོགས་གཤོག་ཟུང་བསྐྱེད་པའི་ཕྱིར། །
རིག་པའི་གཤོག་རྩལ་རབ་སྦྱངས་པ། །
དྲན་དབང་མཁའ་ལྡིང་དབང་པོ་བཞིན། །

 

གཡུང་དྲུང་སེམས་ཀྱི་ཀུན་སློང་གིས། །
འཚོ་བྱེད་གཞུང་ལ་ཞིབ་སྦྱངས་ཤིང་། །
ལག་ལེན་བརྒྱ་ཕྲག་ཕྱུག་པ་ཡིས། །
ཉམ་ཐག་དབུགས་དབྱུང་མཛད་པ་ཁྱོད། །

 

ཟབ་ཅིང་རྒྱ་ཆེའི་མདོ་ཡི་ལམ། །
ཟུང་འཇུག་ཆེན་པོ་གསང་བ་སྔགས། །
ཐུན་མིན་སེམས་ཀྱི་གདམས་པ་ཡིས། །
སྐལ་ལྡན་དགེ་ལེགས་སྣང་བ་སྦྱིན། །

 

ལེགས་གསུང་རི་དྭགས་མཚན་མ་ཡིས། །
གདུལ་བྱའི་ས་མོས་ཁ་འབྱེད་པ། །
འདི་ནི་གསུང་གི་མཛད་པ་སྟེ། །
རྒྱལ་བ་རྣམས་ཀྱང་ཡང་ཡང་བསྔགས། །

 

རང་ཉིད་གཅེས་འཛིན་མེ་ཡི་དོང་། །
གཟིགས་པའི་རྒྱལ་སྲས་སྤྱོད་པ་ཡིས། །
མ་རྣམས་གཅེས་འཛིན་གཏན་བདེའི་རྒྱུར། །
ལེགས་འདོམས་དེ་དག་རྨད་དུ་བྱུང་། །


 

དེ་ཕྱིར་ཞིང་འདིར་བྱང་སེམས་ཀྱི། །
ལེགས་སྤྱད་ཨ་ཤྭཏྠ་ཡི་ཤིང་། །
རྩ་བ་རབ་བརྟན་བརྒྱད་ཅུ་ལོའི། །
ཁྱད་འཕགས་དུས་བཟང་ཨེ་མ་རྨད། །


 

དེ་སྟེ་སླར་ཡང་གདུལ་བྱའི་ཆེད། །
ཡོན་ཏན་རིན་ཆེན་ཕུང་པོའི་གཏེར། །
ལྷུན་པོ་ལྟར་དུ་བརྟན་གྱུར་ནས། །
བསྟན་འགྲོའི་རྒུད་པ་སེལ་བར་མཛོད།། །།
ཅེས་རྐྱོང་སྤྲུལ་དྲི་མེད་འོད་ཟེར་མཆོག་བསྟན་འགྲོའི་དོན་དུ་དགུང་ལོ་བརྒྱད་ཅུར་སྐུ་ཚོ་གསལ་བར་བཞུགས་པའི་དགའ་སྟོན་དང་། ཞབས་པད་བརྟན་པའི་སྨོན་ཚིག་འདི་ལྟར་དགོས་ཞེས་གསུངས་པ་ལ་བརྟེན་ནས་དགེ་མིང་དྲང་སྲོང་རྣམ་རྒྱལ་གྱིས་ནུབ་ཕྱོགས་ཨ་རིའི་མཚོ་ངོགས་ཤིག་ལ་སྤྲོ་བས་སྦྱར་བའོ།། །།