མདུན་ངོས། » གསར་རྩོམ། » གསར་རྩོམ། » རྨི་ལམ།

རྨི་ལམ།

 

རྨི་ལམ།
རང་རྩོམ་གངས་རིའི་བརྩེ་དུང་ནས་དྲངས།

བར་མཚམས་མེད་པར་མུན་ནག་གིས་གཡོགས་པའི་ལྷིང་འཇག་གི་ནམ་གུང་དུ། ཤིན་ཏུ་སྤྱང་གྲུང་དོད་པའི་སྒོ་ལྔའི་དབང་ཤེས་རྣམས་ལྐོག་ཏུ་གྱུར་ཏེ་རྣམ་རྟོག་གི་གོམས་པ་ཟ་ཟི་བའི་བདག་རྐྱེན་གྱིས་བསླངས་པའི་ཆེས་སྒྲོ་འདོགས་ལས་ཀྱང་སྒྲོ་འདོགས་པའི་ཡིད་ཤེས་ཤིག
རྒྱུ་ཚོགས་འགའ་ཞིག་གྲངས་ཚང་སྟེ་མངོན་དུ་གྱུར་པའི་ཚེ་ན། མཐའ་ཡས་པའི་ཡུལ་ལྗོངས་དང༌། ཉམས་དགའི་གྲོང་ཁྱེར། གཞན་ཡང༌། གསེར་འོད་འཕྲོ་བའི་ཕོ་བྲང་དང༌། རིན་ཆེན་གྱི་དངོས་རྫས་གནོད་སྦྱིན་གྱི་བང་མཛོད་ལ་འགྲན་པ།
དེར་མ་ཟད། ལྷ་དང་ཀླུའི་ཡིད་འོང་མ་སོགས་འཇིག་རྟེན་གྱི་དཔལ་ཐམས་ཅད་དུས་གཅིག་ཏུ་རང་ལ་ཐོབ་པའམ་འཐོབ་ཏུ་རུང་བའི་སྐབས་ཡོད་པ་སོགས་ཀྱི་འཆར་སྣང་ནི་གྲངས་ཀ་ཉུང་ཉུང་ཞིག་མིན།
མིག་གི་བདུད་རྩི་དང༌། རྣ་བའི་བཅུད་ལེན། ཡིད་ཀྱི་འཐད་ཡུལ་འདི་དག་གིས་ཤིན་ཏུ་ཉམས་དགའ་ལ། རབ་ཏུ་ཡིད་སྤྲོ་ཞིང༌། ལུས་སེམས་བདེ་དགའ་ཀུན་ནས་རྒྱས་པའི་རྒྱུར་འགྱུར་བ་སྨོས་ཅི།
སྐབས་དེ་དག་ཏུ་ཁྱོད་ཀྱིས་དེ་རྣམས་ལ་རང་དབང་དུ་ལོངས་སུ་སྤྱོད་མི་སྲིད་པ་མ་ཡིན་ལ། སྤྱོད་པའི་ཚེ་ཁྱོད་ཀྱི་ཚོར་བདེའང་རྨི་ལམ་མ་ཡིན་པའི་གནས་སྐབས་དང་ཕལ་ཆེར་འདྲ། དེའི་ཚེ་ཁྱོད་ལ་བདེ་སྐྱིད་ཆེ་ཤོས་ཤིག་ཡོད་པ་ནི། ཁྱོད་ཀྱིས་མི་རྣམས་བག་ཕེབས་པའི་དུས་ཏེ་ཁུ་སིམ་པོའི་མུན་ནག་གི་དུས་སྐབས་ཡིན་པ་མ་ཤེས་པས་རེད།
གལ་སྲིད་ཁྱོད་ཀྱིས་དུས་སྐབས་དེ་ནི་འབྱུང་པོའི་བྱ་རྣམས་རང་དབང་དུ་རྒྱུ་བའི་དུས་ཚོད་ཅིག་ཡིན་པ་ཤེས་ཚེ། ཁྱོད་ཀྱི་སུམ་རྩེན་གྲོང་ཁྱེར་གྱིས་ཀྱང་འགྲན་མི་བཟོད་པའི་འབྱོར་བ་དེ་དག་མིག་ལམ་ནས་ཡལ་བར་འགྱུར་ཞིང༌། ཁྱོད་ཀྱིས་དེ་དག་ལ་ལོངས་སུ་སྤྱོད་པའི་ཚོར་བདེ་རྣམས་ཀྱང་བ་སྤུའི་ཁུང་བུ་ནས་འཚང་ཀ་ཆེན་པོས་ཕྱིར་ཐོན་འགྲོ་བ་ལ་ཐེ་ཚོམ་ཅི་ཞིག་ཀྱང་མེད།
དེར་མ་ཟད། སྐབས་དེ་དུས་རང་ཉིད་ཀྱིས་རང་ཉིད་ལ་ལེ་ལན་བདའ་སྲིད་ལ་རང་དབང་མེད་པར་སེམས་གཏིང་ནས་རང་ལ་ཁོང་ཁྲོའང་ལངས་སྲིད་པ་ཞིག་རེད།
གསལ་ལ་མི་གསལ་བའི་ནམ་གྱི་སྨད་ཆར་ཁྱོད་ཉིད་ཤིན་ཏུ་རྒྱུ་བའི་དུས་སྐབས་ཤིག །ཕལ་ཆེར་མི་རྣམས་ཀྱིས་འདི་ལ་བདེན་པར་གྲུབ་པའམ་ཚད་བཟུང་ཡོད་པའི་རང་བཞིན་ཅན་ཞིག་ཏུ་ཁས་ལེན་པར་བྱེད་ཅིང༌། དེའི་དབང་གིས་སྐབས་འགར་འཇིགས་སྐྲག་དང༌། མཚམས་རེར་དགའ་སྣང་སོགས་སེམས་འབྱུང་སྣ་ཚོགས་འདྲེན་པར་བྱེད་དེ། དེར་མ་ཟད་རེ་དྭོགས་ཀྱི་ལྟ་བ་འདྲ་མིན་གླེང་རེས་བྱེད་བཞིན་མཐར་མི་དང་མིའི་དབར་ལུས་ངག་གི་རྩོད་པའང་ཡོང་བཞིན་ཡོད། ད་དུང་མི་འགའ་ཞིག་གིས་འདིའི་ཆེད་རེ་དྭོགས་ཆེན་པོས་རིམ་གྲོ་བྱེད་ཅིང་ཡོད་ལ། ཁ་ཅིག་གིས་འདིའི་ཆེད་འབད་བརྩོན་ཆེན་པོས་གསོལ་འདེབས་ཀྱང་བྱེད་བཞིན་ཡོད།
འོན་ཀྱང༌། སྔར་རྟོག་པས་ཇི་ལྟར་བཏགས་པའི་དོན་འབྲས་ལ་ངང་སྒུགས་བྱེད་པ་ལས་ཐབས་གཞན་ཟད་པས་རང་གཞན་དབར་མི་མཐུན་པའི་རྩོད་པ་རྣམས་རྒྱལ་ཕམ་འབྱེད་པའི་བདེན་དཔང་ནི་སྦལ་པའི་སྤུ་ལས་དཀོན་པས་གང་འབད་བརྩོན་བྱ་དགོས་ཞེ་ན། མུ་མཐའ་མེད་པའི་དུས་ཚོད་ལ་ངང་སྒུགས་བྱ་རྒྱུ་དེ་རེད་ལ། དུས་སྐབས་དེའི་མཐའ་ནི་ང་ཚོས་རེག་མི་ཐུབ།
ང་ཚོ་འཇིག་རྟེན་འདིར་ཇི་ཙམ་འཚོ་བ་དེའི་རིང་ངམ། དེ་བཞིན་ང་ཚོ་ལ་བདག་གཞན་དང་ཐོབ་ཤོར༌། ཇི་སྲིད་དཔལ་དང་ཡོན་ཏན་མཐའ་མེད་དུ་འཕེལ་བར་འདོད་ཅིང་དོན་དུ་གཉེར་བ་དེ་སྲིད་དུ་འཁྲུལ་སྣང་འདི་དང་གཏན་དུ་འགྲོགས་པ་ཡིན་ལ། འདི་ཉིད་ལས་ཁ་གྱེས་ཏེ་ང་ཚོས་ཁ་ནས་རླུང་ལྟར་གྲག་པའི་ཀུན་མཁྱེན་གྱི་གོ་འཕང་ངམ། དེ་མིན་འཕགས་པའི་ས་གང་ཞིག་ལ་མ་རེག་གི་བར་དུ་རྨི་ལམ་གྱི་འཇིག་རྟེན་ལས་ཁ་འབྲལ་མི་ཐུབ་པ་འདི་ཤེས་དགོས་ལ། དེའི་དབར་ང་ཚོའི་སྣང་ངོ་འདི་དག་སྣང་བ་ཚད་མ་ལས་འཁྲུལ་སྣང་མ་ཡིན་པའང་ཤེས་དགོས། དེར་མ་ཟད་ང་ཚོས་རྨི་ལམ་གྱི་སྣང་བ་ལ་ཆ་འཇོག་དང་བདེན་པར་ཁས་ལེན་བཞིན་ཡོད་པ་ནི་དེ་བས་ཀྱང་ངོས་ཟིན་དགོས་ལ། ང་ཚོས་འཁྲུལ་སྣང་འདི་ལ་འགྲན་ཟླ་དང་བྲལ་བའི་རྒྱབ་བརྟེན་འགའ་བཅོལ་ཡོད་པའང་ཤེས་དགོས།
གལ་སྲིད་ང་ཚོས་རྨི་ལམ་འདི་རྨི་ལམ་དུ་ངོས་ཟིན་ཚེ། འཁྲུལ་སྣང་འདི་སྣང་ཚུལ་ལྟར་མ་གྲུབ་པ་རྟོགས་ཚེ། ང་ཚོའི་ལུས་དབྱིབས་ཀྱང་འགྱུར་འགྲོ་ལ། ང་ཚོའི་གྲོགས་པོས་ཀྱང་ང་ཚོ་ངོ་མི་ཤེས་པར་འགྱུར་ཞིང༌། ང་ཚོ་ད་ལྟ་འཚོ་སྡོད་བྱ་བའི་ཡུལ་ཡང་གང་དུ་ཡོད་པ་ངོ་མི་ཤེས་མོད།
སྐབས་དེར་ང་ཚོས་རྫས་རྒྱུན་སྔ་མ་ལ་ལེ་ལན་བདའ་སྲིད་པ་ལས། ང་ཚོས་ཀྱང་ང་ཚོ་ཆ་མི་འཚལ་བའི་དུས་སྐབས་ཤིག་ཏུ་གྱུར་པ་ཡིན། མདོར་ན་ང་ཚོ་ནི་ད་ལྟ་བ་ཡིན་པས་ང་ཚོའི་མ་འོངས་པ་དང་འདས་པ་ནི་ང་ཚོས་ག་ལ་ཤེས་ཏེ་ཤེས་དགོས་པའང་མ་ཡིན་ནོ།། །།༢༠༠༣ཟླ་༡༢ཚེས་༢༥ལ། །