མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » དུས་རབས་ཤིག་ལ་བལྟས་པ།

དུས་རབས་ཤིག་ལ་བལྟས་པ།

 

དུས་རབས་ཤིག་ལ་བལྟས་པ། 
 

གཡག་ཕྲུག
རང་སྐྱོན་རི་སྦས་གཞན་སྐྱོན་ཁབ་རྩེས་འབྲུ། །
རང་བདེ་གཞན་གནོད་ཐོབ་ཤོར་རྒྱལ་ཕམ་གྱིས། །
ཆེན་པོའི་ཁྲི་འཛིན་མིང་གི་ཆོ་ལོ་བཙན། །
བདེན་དྲང་རྒྱལ་མེད་དཔོན་ངན་དུས་རབས་ཤིག །

 

བླ་མར་སྐྱབས་ཞུ་དཔོན་པོར་ལྟག་སྒོ་དང་། །
ཆེན་པོར་ངོ་བསྟོད་ཉེ་གྲོགས་སྦྲེལ་བ་སོགས། །
ལེགས་ཉེས་མཐོ་དམན་ཁྱོད་ཀྱི་མཐུ་ལས་འབྱུང་། །
ལུགས་གཉིས་དབང་སྒྱུར་སྒོར་མོའི་དུས་རབས་ཤིག །

 

རང་འཛུགས་གཞན་བཅོམ་ཐབས་ལམ་ཡི་དམ་མཛད། །
སྣོད་ལྡན་འགྲོ་བློར་བདག་འཛིན་སྣོན་མ་བཀྱེ། །
རང་འདྲིས་ལེ་འུ་ཞིག་ལས་གཞན་སྐྱོན་འཛིན། །
ཕྱོགས་འཛིན་དྲྭར་ཚུད་མཁས་དབང་དུས་རབས་ཤིག །

 

འདུ་འཁྲུགས་སྙོམས་པའི་ཟབ་གདམས་མྱོང་བ་མེད། །
ཉམ་ཐག་ནད་པར་སྨན་དཔྱད་ཚོད་ལྟ་བྱེད། །
འཇིག་རྟེན་ཐོག་གི་ཡ་མེད་ཇག་པ་ཞིག །
རང་ཁེ་འཆང་བ་སྨན་པའི་དུས་རབས་ཤིག །

 

རང་ཐོས་ཚད་མར་འཛིན་ལ་ཨུ་ཚུགས་སྲ། །
ཁ་ཆོས་ལག་སྲིད་དབང་སྒྱུར་ཁོག་ཏུ་བཅང་། །
ཆོས་གོས་འོག་ཏུ་གོ་མཚོན་ཚེར་མའི་དབལ། །
སྐབས་རེའི་ངུར་སྨྲིག་འདུལ་འཛིན་དུས་རབས་ཤིག །

 

སངས་རྒྱས་བཀའ་བས་མོ་མའི་ཟབ་རྫུན་བཀུར། །
དབང་ལུང་ཁྲིད་དབེན་འོལ་ཚོད་བཅའ་འདོན་གྱེར། །
རིམ་གཉིས་བྲལ་བའི་སྔགས་ཆོག་ལུང་པ་འུར། །
རྒྱལ་བསྟན་ལྟར་སྣང་གྲོང་ཆོག་དུས་རབས་ཤིག །

 

སྒོ་ཡི་ཕྱུགས་སྟོང་མདའ་ཡི་ཞིང་ས་སྐམས། །
འཁྲུག་རྩོད་བུན་སྐྱི་ཆག་སྒོ་ཁྱིམ་གཞིས་ཕྲོགས། །
གནས་སྐབས་ནོར་ལྡན་མ་འོངས་གཡང་ལ་འཕེན། །
ལེགས་ལས་ཉེས་ཆེའི་རྩ་འབུའི་དུས་རབས་ཤིག །

 

ཁ་རྒྱབ་འཚོ་བ་ཁ་ཚིག་སྙན་མོས་གསོ། །
རང་འདོད་ཕུག་བཞག་གཞན་དཀྲུག་སྡིག་མི་འཛེམས། །
གཞོན་སྐྱེས་ཨར་ཁང་འཁྲིད་པའི་དེད་དཔོན་གང་། །
ཚོར་བ་དབྱངས་འཐེན་གླུ་གཞས་དུས་རབས་ཤིག །

 

སྐྱིད་སྡུག་ཀྱག་ཀྱོག་འཁོར་བའི་ཟུར་གྲུ་ན། །
མི་ཚེའི་བཤུལ་ལམ་འཛའ་མཐུན་གཉོར་སྐྱོང་དབེན། །
ངོ་སྲུང་ཡིན་མདོག་རྒྱབ་ཏུ་སྒྲོ་བསྐུར་འཁོན། །
མི་བརྟན་གཡོ་བའི་ཉེ་གྲོགས་དུས་རབས་ཤིག །

 

དད་འདུན་སྒྲིག་གིས་འཚོ་བའི་ཆོས་ལུགས་པ། །
དབང་སྒྱུར་ཁྲིམས་ཀྱིས་གཅུན་པའི་གཞུང་ཞབས་པ། །
གཞན་ལ་ལད་མོར་འགྲན་པའི་འཇིག་རྟེན་པ། །
རང་དབང་མདུན་ལམ་འཚོལ་དཀའི་དུས་རབས་ཤིག །
མདོ་སྟོད་འགའ་ཡིས་རུས་པ་བླ་མར་བརྩི། །

མདོ་སྨད་ཕལ་གྱིས་སྤྲུལ་སྐུ་གཙིགས་སུ་འཛིན། །
རྒྱུས་མེད་མདུན་དུ་ཚད་མའི་སྒམ་ཚུགས་བརླིང་། །
བསླབ་གསུམ་མི་ལྡན་བླ་མའི་དུས་རབས་ཤིག །

 

བོད་ཆོས་འདྲེ་དང་ལྷོ་ཆོས་ལྷར་བཀུར་ཞིང་། །
ལུགས་གཉིས་བོད་སྲོལ་གང་ཡང་མུན་པར་བདས། །
ཁ་འཇམ་ཁོང་སྡུག་རྒོད་པའི་དུས་ཚིགས་ཀྱི། །
ཡིག་རྫོབ་བདེན་པར་འཛིན་པའི་དུས་རབས་ཤིག །

 

འཇོན་ན་ཚོད་མེད་སྟོད་སྨད་འཁྲུགས་གཞི་སློང་། །
ཉེས་ན་རང་སོ་མི་བརྟན་གཡང་ལ་མཆོང་། །
བདེ་སྡུག་ཆགས་སྡང་གྱ་གྱུའི་སྤྱི་ཚོགས་ཁྲོད། །
དབུ་མའི་བདེ་ལམ་བཙལ་ལ་དཔང་པོ་སུ། །

༢༠༡༦།ཟླ་༦ཚེས་༡༣ཉིན་བྲིས། །