མདུན་ངོས། » གསར་རྩོམ། » གསར་རྩོམ། » འཇམ་དཔལ་དགྱེས་པའི་བཞད་སྒྲ།

འཇམ་དཔལ་དགྱེས་པའི་བཞད་སྒྲ།

 

འཇམ་དཔལ་དགྱེས་པའི་བཞད་སྒྲ།

བཀྲ་ཤིས་རྒྱལ་པོ།
དམར་སེར་ལང་ཚོ་རྒྱས་པའི་འཇམ་དཔལ་བཞད།།
ས་གསུམ་སྙན་པ་ཀུན་བསྡུས་དབྱངས་ཅན་གླུ།།
འགྲོ་བ་ཀུན་ལ་བརྩེ་བའི་གཏེར་གྱི་འཛུམ།།
འདི་གསུམ་སྙན་ངག་པ་ཡི་ལྷ་གསུམ་ཡིན།།

 

མཐོ་པོ་ལོངས་སྐུའི་འཇིག་རྟེན་ནས།།
དམའ་བོ་ན་རག་དམྱལ་བའི་བར།།
ཡོད་ཚད་སྨྱུག་གུས་མངའ་བསྒྱུར་བ།།
སྙན་ངག་པ་ཡི་དབང་ཐང་རེད།།

 

དགྲ་ཡི་ཚིག་མཚོན་མི་སྐྲག་ཅིང་།།
གཉེན་གྱི་བསྟོད་ཚིག་མི་རེ་བར།།
རེ་དོགས་བྲལ་བའི་སེམས་པ་དེ།།
སྙན་ངག་པ་ཡི་སྙིང་སྟོབས་རེད།།

 

དངོས་པོའི་གནས་ལུགས་བརྟགས་པའི་ཚེ།།
བརྗོད་བྱ་རོ་མཉམ་བལྟ་བའི་བློ།།
ལྟོས་གྲུབ་རིག་པས་འཛིན་པ་འདི།།
སྙན་ངག་པ་ཡི་གྲུབ་མཐའ་རེད།།

 

གོ་མེད་ཅ་ཅོའི་ཚིག་མཚོན་ལ།
ལན་གྱི་དུས་ཚོད་མི་གཏོང་བར།།
ཤ་ཚའི་ལ་རྒྱ་འཛིན་པ་འདི།།
སྙན་ངག་པ་ཡི་བཟོད་པ་རེད།།

 

བརྡ་སྤྲོད་ཁྲིམས་ལུགས་གཙུག་ཏུ་བཀུར།།
ཚིག་སྦྱོར་ཆུ་བོ་དལ་གྱིས་འབབ།།
གྲོང་ཚིག་དམར་ཧྲེང་མི་རྒྱུ་བ།།
སྙན་ངག་པ་ཡི་ཚུལ་ཁྲིམས་རེད།།

 

གང་ཞིག་ཡིད་ལ་ཤར་བའི་ཚེ།།
འབྲི་བའི་སྤྲོ་བ་འཕེལ་དང་ལྷན།།
སྨྱུ་གུའི་གར་སྟབས་འཇགས་མེད་འདི།།
སྙན་ངག་པ་ཡི་བརྩོན་འགྲུས་རེད།།

 

གཞུང་ལུགས་ཆུ་གཏེར་ཡངས་པོ་རུ།།
བློ་གྲོས་པད་མོ་འདབ་བརྒྱ་གྲོལ།།
ཚིག་དོན་སྦྲང་རྩི་་འཇོ་བ་འདི།།
སྙན་ངག་པ་ཡི་སྦྱིན་པ་རེད།།

 

བརྗོད་བྱ་གང་ཞིག་བློ་གཏད་ཚེ།།
སེམས་པའི་རྩེ་གཅིག་གནས་པའི་ངང།།
དཔྱད་པའི་ལྷག་མཐོང་བརྟན་པ་དེ་།།
སྙན་ངག་པ་ཡི་བསམ་གཏན་རེད།།

 

རྨོངས་པའི་མགོ་བོ་གཅོད་པའི་ཚེ།།
དབུལ་ཕྱུག་མཐོ་དམའ་མི་བལྟ་བའི་།།
རིག་པའི་རལ་གྲི་སོ་གཉིས་འདི།།
སྙན་ངག་པ་ཡི་ཤེས་རབ་རེད།།

 

རྩོམ་ལ་ཚེགས་མེད་རང་དབང་ཐོབ།།
བརྩམས་པས་འགྲོ་བའི་རྨོངས་མུན་སེལ།།
སྙན་གྲགས་ས་གསུམ་གཡོ་བ་འདི།།
སྙན་ངག་པ་ཡི་གོ་འཕང་རེད།།