མདུན་ངོས། » གསར་རྩོམ། » བོན་ཆོས་དབར་གྱི་ཞིབ་འཇུག » བླ་ཆེན་དགོངས་པ་རབ་གསལ་གྱི་ངོས་འཛིན་སྐོར།

བླ་ཆེན་དགོངས་པ་རབ་གསལ་གྱི་ངོས་འཛིན་སྐོར།

 

བླ་ཆེན་དགོངས་པ་རབ་གསལ་གྱི་ངོས་འཛིན་སྐོར། 

རང་རྩོམ་བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང་ལས་དྲངས།

བླ་ཆེན་ལ་བོན་པོས་ངོས་འཛིན་བྱེད་སྟངས།

བླ་ཆེན་འདི་ནི་བོན་གྱི་འདུལ་བའི་རྒྱུད་འཛིན་ཞིག་ཡིན་པར་བོན་ལུགས་སུ་ཡོངས་སུ་གྲགས་ཤིང་གྲུབ་པ་ཡིན་ཏེ། རྗེ་ཡི་འདུལ་འགྲེལ་ལས། བླ་མུ་ཐུར་དགོངས་པ་རབ་གསལ་ལོ། ཡ་ཟི་བོན་སྟོན་ཡང་ཟེར་རོ། །ཚུལ་མིང་ཤེས་རབ་ཚུལ་ཁྲིམས་སོ། །ཞེས་དང༌། ལེགས་བཤད་མཛོད་ངོས་༢༢༨ལས། <ཚུལ་ཁྲིམས་གཙུག་ཕུད་ཀྱི་>དེའི་སློབ་བུ་ནི་གཟི་ཁྲོམ་འབར་གྱི་བུ་ཡ་ཟི་བོན་སྟོན། ཚུལ་མིང་ཤེས་རབ་ཚུལ་ཁྲིམས་ཏེ། བླ་མུ་ཐུར་དགོངས་པ་རབ་གསལ་ཞེས་ཀྱང་ཟེར། དམུ་ཙ་ཏྲ་ཧེའི་སྤྲུལ་པ་ནི། དྲང་སྲོང་ལུས་ལ་མཁྱེན་པ་ཅན། ཡ་ཟི་བོན་སྟོན་ཞེས་ཀྱང་བྱ། །བར་དུ་མུ་ཐུར་དགོངས་པ་གསལ། །ཚུལ་མིང་ཤེས་རབ་ཚུལ་ཁྲིམས་མཚན། །སུམ་སྣང་རྨ་ཡི་བྲག་ལ་འབྱུང༌། །ཞེས་སྲིད་པ་རྒྱུད་ཀྱི་རྣམ་ཐར་ནས་གསལ་བའི་རྗེས་སུ་འབྲངས། དེར་མ་ཟད་ཕྱིས་ཀྱི་བན་དྷེ་རྣམས་ལ་བླ་ཆེན་ནས་འདུལ་བསྟན་མེ་རོ་གསོས་པས་བན་དྷེའི་སྡོམ་རྒྱུན་བོན་པོ་ལ་ཐུག་ཚུལ་ཡང་ཡང་བཤད་ཡོད་དེ། སྲིད་རྒྱུད་ལས། དེ་རྗེས་ཆོས་ཀྱི་སྡོམ་པའི་རྒྱུད། །སོག་འདན་གྲུམ་གསུམ་ནས་བརྒྱུད་པའི། །མུ་ཐུར་དགོངས་པ་རབ་གསལ་ཞེས། །གཉོས་བཙུན་ཨ་རིན་བྱ་བས་ཞུས། །བན་དེ་རྣམས་ལའང་དེ་ལྟར་འབོགས། །ཞེས་དང༌། ལེགས་བཤད་མཛོད་དུ། དེའི་སློབ་བུ་གཉོས་ཨ་རིན་བྱ་བས་དཀའ་བ་སྤྱད་ནས་གཙང་ནས་མདོ་སྨད་དུ་ཕྱིན་པ། མུ་ཐུར་དགོངས་པ་རབ་གསལ་དང་མཇལ་ནས་རབ་བྱུང་མཛད་པའི་ཚུལ་མིང་རིན་ཆེན་རྒྱལ་མཚན་ཏེ། ཁྲི་ལྡེ་འོད་པོའི་སྤྲུལ་པ་ཡིན། ཞེས་དང༌། ལེགས་བཤད་མཛོད་༢༢༩ལས། ཕྱིས་ཆོས་ཀྱི་བསྟན་པ་སྤེལ་དུ་བོད་ན་ཆོས་བཙུན་མེད་པའི་ཚེ། གཉོས་བཙུན་ལ་ལྷ་ལུང་དཔལ་རྡོས་དྲིས་ནས་ཁྱོད་ཀྱི་མཁན་པོ་སུ་ཡིན་བྱས་པས། ངའི་མཁན་པོ་རྨ་རི་དེལ་གསུམ་གྱི་བྲག་ལ་བླ་མུ་ཐུར་དགོངས་པ་རབ་གསལ་བྱ་བ་ཡོད་གསུངས། དེར་བོད་པ་རྣམས་གྲོས་བྱས་ཏེ་གཙང་ནས་མི་བཞི། དབུས་ནས་མི་གསུམ་ཏེ་བདུན་ཕྱིན་ཏེ། དྲུག་མཁན་པོ་དང་མཇལ། སྡོམ་ཁྲིམས་རྣམས་རྫོགས་པར་བླངས་སོ། །ཞེས་སོགས་ལུང་ཚིག་འདྲ་མིན་དུ་མ་འདུག་ཀྱང་ངོས་འཛིན་སྡོམ་ཚིག་ནི་དེ་ལྟ་བུ་རེད། །

བོན་ལུགས་འཛིན་པ་རྣམས་ཀྱིས་བོད་ཀྱི་ཆོས་པ་རྣམས་ཀྱི་སྡོམ་རྒྱུན་བོན་ལ་ཐུག་ཚུལ་གྱི་བཤད་པ་དེའང༌། ད་ལྟའི་བོད་ཀྱི་འདུལ་བའི་རྒྱུན་འདི་བླ་ཆེན་ནམ་བོན་ལ་ཐུག་པར་བརྗོད་དཀའ་སྟེ། བོད་ཀྱི་བན་ལུགས་པ་རྣམས་ལ་འདུལ་བའི་སྡོམ་རྒྱུན་ལ་མི་འདྲ་བ་གཉིས་བྱུང་ཡོད་པས་སོ། །དེ་ལྟར་ཡང་ལྡེའུ་ཇོ་སྲས་ཀྱིས། དེ་ཐམས་ཅད་ཀྱི་མེས་པོ་བླ་ཆེན་ལ་ཐུག་པས་ཐམས་ཅད་ཀྱི་མེས་པོ་ལྟ་བུར་གྱུར་ཏེ། བླ་ཆེན་ཁམས་པ་ཡིན་པས། ད་ལྟ་ཡང་ཁམས་པ་ལ་ཨ་མིར་འབོད་པ་དེ་ལྟར་ལགས། ཕྱིས་ན་རྒྱ་གར་ནས་སྟག་ཚོ་དང༌། དཔུང་ཚོ་ལ་སོགས་པ་ཤས་ཙམ་འཕེལ་ཏེ་བོད་ན་སྡོམ་པ་རིགས་གཉིས་ཡོད་པར་གྲགས་སོ། ཞེས་སོགས་ཀྱིས་ཤེས་ནུས་པ་ཡིན། །
བླ་ཆེན་ལ་བན་དྷེས་ངོས་འཛིན་བྱེད་སྟངས།
བོད་ཀྱི་ཐུབ་དབང་གི་ཆོས་རྒྱུད་འཛིན་པ་རྣམས་ཀྱི་དབང་དུ་བྱས་ན་བསྟན་པ་ཕྱི་དར་གྱི་དུས་སུ་མདོ་གམ་གྱི་ཕྱོགས་ནས་བླ་ཆེན་ལས་བརྒྱུད་པའི་སྡོམ་རྒྱུན་ལ་སྨད་འདུལ་དང༌། ཡང་དུས་སྐབས་དེར་མངའ་རིས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ནས་པནྚི་དྷརྨ་པཱ་ལ་སོགས་སྤྱན་དྲངས་ཤིང་རབ་ཏུ་བྱུང་བའི་འདུལ་བའི་རྒྱུད་པ་ལ་སྟོད་འདུལ་ཞེས་རིགས་གཉིས་ཡོད་པ་ཡིན་པས་དེའི་ནང་ནས་སྨད་འདུལ་གྱི་སྡོམ་པའི་རྒྱུན་ནི་བླ་ཆེན་འདི་ཉིད་ལ་ཐུག་པར་ཡོངས་སུ་གྲགས་པ་ཞིག་རེད། དེའི་དོན་བསྡུས་ཏེ་བཤད་ན། ཀློང་ཆེན་ཆོས་འབྱུང་༣༨༩ལས། བཙུན་པ་གསུམ་པོས་གོས་རེ་བས་དྲིལ་ནས་སྤྲང་ཆས་སུ་ཞུགས་ཏེ་ཁམས་སུ་བྲོས་ནས་དན་ཏིག་ཤེལ་གྱི་དགོན་པར་སླེབས་པ་དང་སྔར་གྱི་གོས་གྱོན་པས། དེ་ན་ཡོད་པའི་མི་ཀུན་ན་རེ། རྒྱལ་པོའི་ཁྲིམས་ཀྱིས་མ་ཕོགས་པར་ཐར་བ་ཚོ་༣༩༠ཟེར་བས། བྲེད་ནས་ནགས་སུ་སྒོམ་ཞིང་ཡོད་ཙ་ན། རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ་དགོང་ཁ་མི་འདུས་པ་རྣམས་ལ་སྨྲས་པས། ལས་དང་སྐལ་པར་ལྡན་པའི་མོས་པ་སྤྱོད་པའི་ས་ལ། མུ་གཟུགས་གསལ་འབར་བྱ་བས་བལྟར་ཕྱིན་པས་དད་ནས་རབ་ཏུ་བྱུང་བར་ཞུས་པས་འདུལ་བའི་པོ་ཏི་གཏད་ནས་དད་ན་རབ་ཏུ་ཕྱུང་གསུངས། བལྟས་པས་དད་ནས་མཆི་མ་བྱུང་ངོ༌། །མཚན་ཡང་མཁན་སློབ་དང་སྦྱར་ཏེ་དགེ་བ་རབ་གསལ་དུ་གྲགས་སོ། །དེ་ནས་བསྙེན་རྫོགས་ཞུ་བ་ལ་དཔལ་གྱི་རྡོ་རྗེར་ཞུས་པས། ངས་རྒྱལ་པོ་བསད་པས་ཁ་སྐོང་མི་གཏུབ་ཀྱིས་གཞན་བཙལ་ལོ། །གསུངས་ནས་རྒྱ་ནག་ཧ་ཤང་ཀེ་དབང་དང༌། བྲི་བན་བྱ་བ་གཉིས་བཙལ་ཏེ་བཏང་ངོ༌། དེ་ནས་དགེ་ཚུལ་ལོ་གཅིག་ལོན་ཏེ་སྔར་གྱི་མཁན་སློབ་ཀྱིས་མཁན་སློབ་བྱས། དམར་གྱིས་གསང་སྟོན་བྱས། རྒྱ་ཡི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ཏེ་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་སོ། །ཞེས་དང༌། རྒྱལ་རབས་གསལ་མེ་ལས། དབུས་ཀྱི་འཕན་ཡུལ་ཁོག་གི་བོན་པོ་རྨུ་གསལ་གཤེན་འབར་གྱི་བུ་རྨུ་ཟ་འཕན་ཟེར་བས་སྔོན་གྱི་ལྷ་ཁང་གི་གྱང་རིས་ལ་རབ་བྱུང་ཆོས་ཉན་བཤད་བྱེད་པ་མཐོང་བས་དད་དེ་ལུས་སྲོག་ལ་མ་བལྟས་པར་ཁམས་སུ་སོང༌། ལྷ་ལུང་དཔལ་གྱི་རྡོ་རྗེས་གྲོགས་བྱས་ནས་བཙལ་བའི་དམར་གཡོ་གཙང་གསུམ་དྲུང་ནས་རབ་ཏུ་བྱུང་རྗེས་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས། ཞེས་དང༌། ཚེ་ཏན་ཞབས་དྲུང་གིས་སྡིག་རྒྱལ་གླང་དར་མས་བསྟན་པ་བསྣུབས་པའི་དུས་དེར། དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ན་བཞུགས་པའི་འཇད་ཀྱི་གྱེལ་མི་གཙང་རབ་གསལ་དང༌། བོ་དོང་བ་གཡོ་དགེ་འབྱུང༌། སྟོད་ལུང་བ་དམར་ཤཱཀྱ་མུ་ནེ་གསུམ་གྱིས་འདུལ་བའི་པོ་ཏི་དྲེལ་ཁལ་གཅིག་བཀལ་ནས་ཉིན་མོ་ཡིབ་ཅིང་མཚན་མོ་བྲོས་ཏེ་མངའ་རིས་ནས་ཐོན། གར་ལོག་དང༌། ཧོར་ཡུལ་རྣམས་བརྒྱུད། རིམ་བཞིན་མདོ་སྨད་དུ་སླེབས་ནས། ཐོག་མར་ཨན་ཆུང་གནམ་རྫོང་དང༌། ལོ་རྡོ་རྗེ་བྲག་ཏུ་བཞུགས། དེ་ནས་རང་རེའི་དན་ཏིག་ཤེལ་གྱི་ཡང་དགོན་གྱི་སྙན་པའི་གྲགས་པའི་དྲི་བསུང་གིས་ཐུགས་རང་དབང་མེད་པར་ཕྲོགས་ནས་དན་ཏིག་ཏུ་ཕེབས། དེར་ཡུན་རིང་བཞུགས་པའི་སྐབས་སུ་ཁོང་རྣམ་པ་གསུམ་ལ་བོད་ཀྱི་མཁས་པ་མི་གསུམ་ཞེས་མཚན་ནས་འབོད། དེའི་སྐབས་སུ་རྒྱ་ཞུར་རྨ་ཆུ་ཁའི་ཕྱུགས་རྫི་རྣམས་ཀྱིས་མཐོང་ནས་དགོང་ཁར་གྲོང་གི་མི་རྣམས་ལ་དེའི་གཏམ་སྨྲས་པ་ན། བོད་རྒྱལ་པོའི་བློན་ཆེན་འབྲོ་སྟག་སྣང་ཁྲི་སུམ་རྗེ་ཞེས་པ་དགུང་ལོ་སོ་ལྔ་པ་ལྕགས་མོ་ཕག་གི་ལོར་འདས་པའི་སྐབས་སུ་བསམ་བཞིན་ཐུགས་སྨོན་གནང་ནས། ཡབ་བོན་རྒན་རྨུ་གཟུ་གསལ་བཟང་ཟེར་བའི་བུར་འཁྲུངས་པ་མུ་གཟུ་གསལ་འབར་ཞེས་བྱ་བའི་ཁྱེའུ་ལ་རིགས་ཀྱི་བག་ཆགས་སད་ནས་ཕྱི་ཉིན་ལྟ་བར་ཕྱིན། ཞེས་དང༌། དེ་ནས་གཙང་རབ་གསལ་གྱིས་མཁན་པོ་བྱས། གཡོ་དགེ་བའི་འབྱུང་གནས་ཀྱིས་སློབ་དཔོན་དང༌། དམར་ཤཱཀྱ་མུ་ནེས་དུས་གོ་བ་བྱས་ཏེ་རབ་ཏུ་བྱུང་སྟེ་དགེ་ཚུལ་དུ་བསྒྲུབས་ནས་མཚན་ལ་དགེ་བ་རབ་གསལ་དུ་བཏགས། ཕྱིས་སུ་མཁྱེན་རབ་ཤིན་ཏུ་ཆེ་བར་གྱུར་པས་དགོངས་པ་རབ་གསལ་དུ་གྲགས། ཞེས་གསལ། བླ་ཆེན་གྱི་སོ་ཐར་མཁན་པོ་དངོས་དེ་དབུས་ནས་མར་བྲོས་པའི་དམར་གཡོ་གཙང་གསུམ་ལ་ཐུག་པ་འདི་ནི་བན་དྷེའི་ལོ་རྒྱུས་ཕལ་མོ་ཆེ་ནས་ཡོངས་སུ་གྲགས་པ་ཞིག་ཡིན། འོན་ཀྱང་དེ་ལས་ཤོད་ཚུལ་གཞན་ཞིག་ལ་དཔའ་བོ་གཙུག་ཕྲེང་གིས་ལོ་རྒྱུས་ཆེན་མོ་ལས་ལུང་དྲངས་ཏེ། དབུས་ནས་ཞང་མངའ་འཇམ་དཔལ་དང༌། ཡང་གོང་ཤེས་རབ་འབྱུང་གནས་གཉིས་ཁམས་སུ་བྱོན་དུས་ཞང་མངའ་འཇམ་དཔལ་ལས་བླ་ཆེན་བསྙེན་པར་རྫོགས་པར་བཤད་པ་འདི་ནི་ཡོངས་གྲགས་མིན་པའི་འདོད་ཚུལ་ཞིག་ཡིན་པས་དཔྱད་གཞི་ཆེ་བ་ཞིག་གོ །
བླ་ཆེན་འཁྲུངས་པའི་གནས་ནི་ཙོང་ཁ་བདེ་ཁམས་ཀྱི་ཤར་ལྷོའི་ཆར་དན་ཏིག་དང་ཉེ་བའི་ས་རྨ་འགྲམ་དུ་ཆགས་པའི་རྒྱ་ཞུར་གྲོང་ཚོ་དེར་ཡིན་པར་བཤད་མོད། ཚུལ་གཞན་ཞིག་ནི་དན་ཏིག་དེ་ཁམས་དང་ཨ་མདོ་གང་ཡིན་ལ་དཔྱད་རྒྱུ་ཡོད་པར་སྙམ་སྟེ། ལྡེའུ་ཇོ་སྲས་ཀྱིས།དམ་པ་ཆོས་ཀྱི་མེ་རོ་ནི། ཁྲི་ཆུང་ཁྲི་ལྡེ་མགོན་བཙན་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གསུམ་གྱི་སྐུ་དྲིན་ལ་ཁམས་པ་མུ་ཟུ་ཀ་ར་འཕན་གྱིས་བླངས། ཞེས་དང༌། དེའི་ངོས་༡༥༩ལས། དམ་པ་ཆོས་ཀྱི་མེ་རོ་ཁམས་ནས་བླངས་པ་ཞེས་གསལ་བ་ལྟར་ན་བླ་ཆེན་ཁམས་ནས་ཡིན་པའི་ཚུལ་གསལ་བར་བསྟན་ཡོད་པ་རེད། །
དམར་གཡོ་གཙང་གསུམ་དབུས་ནས་བྱོལ་བའི་དུས་ཚིགས་ལ་ཅུང་ཟད་དཔྱད་དགོས་ཡོད་པར་སྣང་སྟེ། མང་པོ་ཞིག་གིས་དར་མས་བསྟན་པ་བསྣུབས་པ་དང་བསྟུན་ཏེ་བྲོས་བྱོལ་དུ་ཕེབས་པར་བཤད། དེ་ལྟར་ན་རྗེས་སུ་དབུས་གཙང་གི་མི་བཅུ་བླ་ཆེན་ལ་སྡོམ་པ་ཞུ་བར་ཡོང་སྐབས་དང་འཕྲད་པའི་ལོ་རྒྱུས་ཡོད་པ་ལྟར་ན་དམར་གཡོ་གཙང་གསུམ་ལོ་བརྒྱ་སྐོར་ལ་བཞུགས་དགོས་པ་ཡིན་པས་དེ་བས་ཁོང་རྣམས་འབངས་གྱེན་ལོག་བྱུང་བའི་སྐབས་ནས་བྲོས་བྱོལ་དུ་ཕེབས་པ་ཞིག་ཏུ་ངོས་འཛིན་བྱ་ཆོག་ཚུལ་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ཏུ་བཤད། །
བླ་ཆེན་གྱི་མཚན་ལ་སྐབས་འགར་ཡ་ཟི་བོན་སྟོན་ཞེས་འབོད་པའི་ཚུལ་ཞིག་གསལ་བ་སྟེ། འདུལ་བའི་ལོ་རྒྱུས་གླིང་གྲགས་ཞེས་པ་ངོས་༩ལས། དམུ་ཏྲ་ཧེ་པེ་སྤྲུལ་པ་ནི། །ཡབ་ཟི་ཁྲོམ་འབར་སྲས། །ཡ་ཟི་བོན་སྟོན་བྱ་བ་འབྱུང༌། །ཚེ་སྟོད་མཚན་མ་སྔགས་སྤྱོད། །ཚེ་སྨད་ཚུལ་ཁྲིམས་ཉམས་སུ་ལེན།། ཞེས་དང༌། །དེ་མཚུངས་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས།དྲུམ་ཤིང་སླག་ཅན་ཏེ། ཚུལ་མིང་གཙུག་ཕུད་ཚུལ་ཁྲིམས་སོ། །དེའི་མཁན་བུ་བླ་མུ་ཐུར་དགོངས་པ་རབ་གསལ་ལོ། །ཡ་ཟི་བོན་སྟོན་ཡང་ཟེར་རོ། །ཚུལ་མིང་ཤེས་རབ་ཚུལ་ཁྲིམས་སོ། །ཞེས་ཡ་ཟི་བོན་སྟོན་ནི་བླ་ཆེན་ཉིད་ལ་གོའང༌། འདོད་ཚུལ་གཞན་དག་ཏུ་ཁོང་གི་སློབ་མར་བཤད་པའང་མཐོང་སྟེ། གོང་ས་ལྔ་པ་ཆེན་པོའི་འདུལ་བའི་ལས་ཆོག་ལས། བླ་ཆེན་པོའི་མཁན་བུ་ཡ་ཟི་བོན་སྟོན་ཞེས་ཡ་ཟི་བོན་སྟོན་བླ་ཆེན་གྱི་སློབ་མར་བཤད་པ་ནི་མི་མཐུན་པའི་ཚུལ་ཞིག་གོ །
བླ་ཆེན་འདི་ཉིད་བོན་པོ་དང་འབྲེལ་ཆེ་བའི་ལོ་རྒྱུས་ནི་བོད་ཀྱི་བན་ལུགས་པ་རྣམས་ཀྱིས་ཀྱང་མང་དུ་གསུངས་འདུག་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་ངོས་༤༧༠ལས། བོན་པོའི་བུ་སྨུ་གསལ་འབར་རབ་ཏུ་བྱུང་སྟེ༑ ཤཱཀྱ་དགེ་བ་གསལ་དུ་བཏགས་ནས་མཁས་པར་གྱུར། དེ་ནས་བལ་རྡོ་རྗེ་དབང་ཕྱུག སྣུབས་དཔལ་གྱི་བྱང་ཆུབ། ཡང་གོང་ཡེ་ཤེས་གཡུང་དྲུང༌། སྦར་རིན་ཆེན། ལྕང་ཡེ་ཤེས་སེང་གེ ཅོག་རོ་ཤེར་བྱང༌། ཤོད་ཆུང་པ་ཤེར་གྲགས། ཨན་འབར་བ་བྱང་ཆུབ། གྲུམ་ཡེ་རྒྱན། སྣུབས་དཔལ་བྱང༌། སྒྲོ་མཉྫུ་ཤྲི་སོགས་མཁས་བཙུན་མང་དུུ་བྱོན། ཞེས་དང༌། ལྡེའུ་ཆོས་འབྱུང་རྒྱས་པ་ངོས་༢༩༠ལས། རྨ་ལུང་རྡོ་རྗེའི་བྲག་ར། དན་ཏིག་པདྨའི་ཡང་གོང༌། རྩེ་དྲུག་ལྷུན་གྱི་གོང་བ། གཡུང་དྲུང་ཤེལ་གྱི་བྲག་ཕུག་ཅེས་བྱ་བའི་གནས་དེར། བླ་ཆེན་པོ་དགོངས་པ་གསལ་སྐུ་འཁྲུངས་ཏེ། སྐྱ་བོའི་མིང་ཀ་ར་འཕན། བོན་བསླབས་པས་བོན་པོའི་མིང་མུ་ཟུ་གསལ་འབར། མེ་རོ་བསླངས་པས་བླ་ཆེན། མཁན་སློབ་ཀྱི་མཚན་ལས་དྲས་པས་དགོངས་པ་གསལ་དང་བཞིའོ། །ཞེས་དང༌། ཉང་རལ་ཆོས་འབྱུང་<དེབ་གཟུགས།>༤༤༢ལས། ཨ་མྱེས་ཆེན་པོའི་སྤྲུལ་པ་ཡིན་པས་བླ་མ་དང་མཁན་སློབ་མེད་ཟེར། སྡོམ་པའི་བཀའ་བོན་གྱི་ཡིན། དེའི་རྟགས་ཀྱང་བཞི་ཡོད་ཟེར། ཞེས་དང༌། ལེགས་བཤད་མཛོད་༢༣༣དུ་དྲངས་པ་ལྟར་ན། བན་དྷེའི་ཆོས་འབྱུང་ཀུན་གསལ་གནམ་ལྕགས་རྡོ་རྗེས་མཛད་པ་ལས་ཀྱང༌། བོན་དགོངས་པ་རབ་གསལ་ལ་དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མང་པོས་གཏུགས་ཏེ་བསྙེན་པར་རྫོགས་པར་མཛད། དེར་ཀླུ་མེས་མཁན་པོ་ལ་བདག་དབུས་སུ་འགྲོ་བ་ལ་མཆོད་པའི་རྟེན་ཞིག་ཞུ་བྱས་པས། བོན་པོས་འབོ་ཞུ་ཕོག་ནས་ཞྭ་ལ་ས་སེར་བཏབ་ནས་འདི་གྱོན་ལ་ང་དྲན་པ་གྱིས་གསུངས། ཞྭ་སེར་སེར་གྱོན་པ་དེ་ནས་དར། དབུས་གཙང་བོད་དུ་འདུལ་གྲྭ་བསམ་གྱིས་མི་ཁྱབ་པ་འབྱུང༌། ཞེས་ལུང་བསྟན་ཏོ། །ཞེས་དང༌། ཚལ་པའི་དེབ་དམར། ངོས་༤༡ལས། བོན་པོའི་མུ་ཟུ་གསལ་འབར། ཞེས་དང༌།དགེ་འདུན་ཆོས་འཕེལ་གྱིས།ཞྭ་དེ་བོན་ཞུ་རྣ་ལེབ་བཅད་པ་ལ་ཚོས་སེར་བསྒྱུར་བ་ཞིག་ཡིན་པར་གསལ་ལ། འབྲུག་པ་པད་དཀར་གྱིས། བླ་ཆེན་གྱིས་ཞྭ་གནང་བ་དེ་ནས་བཟུང་ཞྭ་སེར་གྱོན་པའི་སྲོལ་བྱུང་གསུངས། དེས་ན་རང་རེའི་ཞྭ་སྣེ་རིང་གི་ཕྱི་མོ་དེ་བོན་ཞྭ་ཡིན་པར་གསལ། ཞེས་དང༌། ལར་ཞྭ་སྣེ་རིང་འདིའི་དབྱིབས་དང༌། རྩེ་མོའི་རྣོ་ཆ་ལྕཀྱུའི་དབྱིབས་སུ་གནས་པ་སོགས་གང་ལ་བལྟས་ཀྱང་སྔགས་བོན་གྱི་ཞྭ་ཞིག་ཡིན་པ་ཁོ་རང་གིས་ཁ་གྲག་པ་ལྟར་འདུག །ཅེས་དང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ སྟོད་ཆ་༤༧༣ལས། དེའི་ཕྱི་ལོ་ཀླུ་མེས་ཀྱིས་མཁན་པོ་བླ་ཆེན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་རྟེན་སྐལ་ཅིག་ཞུ་བྱས་པས། བོན་པོའི་འོབ་ཞུ་ལ་ས་སེར་བསྐུས་པ་གསོལ་འཕྲོ་ཞིག་གནང་སྟེ། འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས། དབུས་སུ་ཚད་པ་ཆེ་བས་ཀླུ་མེས་ཀྱིས་རྒྱབ་ལྟེབ་པ་གསོལ་བས་ཞྭ་སྣེ་རིང་དུ་གྲགས་པ་བྱུང་ལ། དབུས་གཙང་མི་བཅུ་ལས་མཆེད་པ་ཕལ་ཆེར་གྱི་ཞྭ་ཚུགས་དེ་ཡིན། ཕྱིས་བཀའ་གདམས་གཞུང་པ་དང༌། གདམས་ངག་པ་གཉིས་ལའང་འདི་ལས་གྱེས་པའི་ཞྭ་ཚུགས་ཅུང་ཟད་མི་འདྲ་བ་ཡོད་ཅིང༌། དྭགས་པོ་སྒོམ་ཚུལ་གྱིས་འདིའི་རྒྱབ་ལྟེབ་སྟེ་གསོལ་བ་ནས་བཟུང་སྒོམ་ཞྭ་རུ་གྲགས་ཞེས་དཔའ་བོ་གཙུག་ལག་ཕྲེང་བས་བཤད་དོ། །ཞེས་སོགས་ གསལ་བ་དག་གིས་བླ་ཆེན་དེ་ཉིད་བོན་དང་འབྲེལ་བ་ཟབ་པའམ་བོན་ལ་ཐུགས་ཞེན་ཆེ་བ་ཞིག་ཡིན་པའི་ཚུལ་ཅི་རིགས་ཤིག་བན་དྷེའི་དཔེ་ཁག་ནས་ཀྱང་གསལ་ཡོད་པ་འདིས་བླ་ཆེན་གྱི་ལོ་རྒྱུས་ལ་འཁྲུག་ཆ་དོད་པའི་དཔྱད་གཞིའི་རྒྱུ་ཆ་སྦྱིན་ཡོད་པར་ངོས་འཛིན་བྱ་ཆོག་པ་རེད། །
ཡ་མཚན་པ་ཞིག་ལ་བླ་ཆེན་གྱི་སློབ་རྒྱུད་དུ་བན་བོན་གཉིས་ཀའི་ལོ་རྒྱུས་ནས་འདྲ་མཚུངས་ཀྱི་མཚན་མང་པོ་ཞིག་གསལ་འདུག་པ་འདིར་བརྗོད་མེད། བླ་ཆེན་གྱི་མཁན་རྒྱུད་ལ་མཁས་རྒྱུད་དང༌། བཙུན་རྒྱུད་གཉིས་ཡོད་པར་བཤད་དེ། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་༤༤༥ལས། སྣུབས་ཕག་ཤིང་རྟའི་རྒྱུད་པ་ལ་མཁས་རྒྱུད་ཟེར། གྲུམ་ཤིང་རླག་ཅན་གྱི་རྒྱུད་པ་ལ་བཙུན་རྒྱུད་ཟེར་ཏེ་ཡོངས་གྲཌ་སོ། །སྡེ་པ་ནི་མང་དུ་འཕེལ་ལོ། །མཆེད་པོ་གཉིས་འཚོགས་ནས་ལྷན་ཅིག་ཏུ་ཆོས་ཀྱི་བཀའ་བགྲོ་བ་མཛད། དུས་ལན་ཅིག་ཙ་ན། འབྲེལ་གཏམ་བྱས་པས་གྲུམ་ཤིང་སླག་ཅན་གྱི་ཞལ་ནས། ད་གཟིམས་པར་བགྱི། ང་མལ་གང་དུ་བགྱི་གསུངས། སྣུབས་ཕག་ཤིང་རྟ་ན་རེ། དཔལ་གྱི་དབང་ཕྱུག་ཀྱང་ཟེར། ཞེས་བཤད་པ་འདིས་གསལ་བར་བསྟན།
ཆོས་ཕྱོགས་ནས་ཀྱང་བུ་སྟོན་གྱི་སྐབས་ནས་དབུས་གཙང་གི་མི་བཅུ་དེ་བླ་ཆེན་གྱི་དངོས་སློབ་ཡིན་པར་འདོད་པ་ལ་མི་མཐུན་པ་གཉིས་བྱུང་འདུག་མོད། ས་སྐྱ་བླ་མའི་ཆོས་འབྱུང་དུ་གཞན་དུ་འཆད་ཅིང༌། མཁས་པའི་དགའ་སྟོན་དུ་རྗེ་རང་བྱུང་རྡོ་རྗེ་དང༌། བུ་སྟོན་སོགས་ཀྱིས་བླ་ཆེན་ལས་མནོས་པར་བཤད།ལྡེའུ་ཆོས་འབྱུང་ལས། ཁམས་ཀྱི་སོག་མོ་མི་དྲུག་གིས་ཀྱང་བླ་ཆེན་ལས་སྡོམ་པ་བླངས་པར་བཤད་ཡོད། དེ་དྲུག་ནི། ཡང་གོང་ཡེ་ཤེས་གཡུང་དྲུང༌། སྤར་རིན་ཆེན་གསལ། ཇ་ཡེ་ཤེས་སེང་གེ ཅོག་རོ་ཤེས་རབ་བྱང་ཆུབ། འལ་པ་རྡོ་རྗེ་བྱང་ཆུབ། སྣུབས་པ་ཤིང་རྟ་ཆེན་པོ་བཅས་སོ། །དེ་དྲུག་གི་ནང་ནས་ཡང་གོང་དང༌། འལ། སྣུབས། ལྕོག་རོ་བཞི་ནི་མཁས་པ་མི་བཞི་བྱུང་བར་བཤད་དོ། །༼འདིར་མ་དེབ་ལ་ཡོད་པའི་མཆན་འགོད་དེ་དག་བཀོད་མ་ཐུབ་པས་དགོངས་དག་ཞུ༽