མདུན་ངོས། » གསར་རྩོམ། » བོན་ཆོས་དབར་གྱི་ཞིབ་འཇུག » བླ་ཆེན་གྱི་རྣམ་ཐར་ལ་དཔྱད་པ་ཤཱཀྱའི་རྗེས་འཇུག་དགྱེས་པའི་དགའ་སྟོན།

བླ་ཆེན་གྱི་རྣམ་ཐར་ལ་དཔྱད་པ་ཤཱཀྱའི་རྗེས་འཇུག་དགྱེས་པའི་དགའ་སྟོན།


 

བླ་ཆེན་གྱི་རྣམ་ཐར་ལ་དཔྱད་པ་ཤཱཀྱའི་རྗེས་འཇུག་དགྱེས་པའི་དགའ་སྟོན།
ཨོ་རྒྱན་ཉི་མ།

 

གང་སྐུ་མཚན་བཟང་གསེར་ཞུན་འབུམ་ལྡན་དཔེ་བྱད་ཉི་འོད་བྱེ་བས་འཁྱུད།། གསུང་དབྱངས་དྲུག་ཅུ་དྲི་ཟའི་དབྱངས་ཀྱིས་ཐེག་གསུམ་ཆོས་ཀྱི་རང་སྒྲ་འབྱིན།། ཇི་ལྟར་ཇི་སྙེད་མཁྱེན་པའི་སྟོབས་བཅུས་བློ་གྲོས་མཆོག་རྣམས་ཟིལ་གྱིས་གནོན།། སྲིད་གསུམ་འདི་ན་མཚུངས་ཟླ་བྲལ་བ་ཤཀྱའི་རྒྱལ་པོས་དགེ་ལེགས་སྩོལ།།། ཅེས་མཆོད་པར་བརྗོད་པའི་ངག་གིས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་བདག་ཅག་གི་སྟོན་པས། ང་ཡི་བསྟན་པ་འདི་བྱང་ནས་བྱང་དུ་དར་བར་འགྱུར་རོ། ཞེས་པའི་ལུང་དོན་བཞིན་བསྟན་པའི་སྦྱིན་བདག་ཆེན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་ལས་བོད་ཡུལ་མུན་པའི་གླིང་དུ་རྒྱལ་བསྟན་ཉིན་མོར་བྱེད་པའི་མཁྱེན་རབ་དང་ཐུགས་རྗེ་གཞན་དྲིང་མི་འཇོག་པའི་ངེས་པ་དོན་གྱི་པཎ་ཌི་ཏ་ཆེན་པོ་ཨོ་རྒྱན་སངས་རྒྱས་གཉིས་པ་དང་། མཁན་ཆེན་བྷོ་དྷི་ས་ཏྭ་རྣམ་གཉིས་གཙོས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཞལ་འཛོམས་ཏེ། ཐེག་པ་གོང་འོག་གི་གྲུབ་མཐའི་ལམ་སྲོལ་ཚང་ལ་མ་ནོར་ཕྱེས། དེ་ལས་ཀྱང་སངས་རྒྱས་ཀྱི་བསྟན་པ་རྣལ་མ་ཞིག་གནས་མིན་དམ་ཆོས་འདུལ་བ་ལ་རག་ལས་ཏེ། སོར་མདོ་ལས། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་བསྟན་པ་ཡིན། །ཞེས་དང་། ལུང་རྣམ་འབྱེད་ལས། རྒྱལ་བ་སྟོན་པ་འདི་ནི་དམ་ཆོས་ནི། །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་པ་ཉིད་ཡིན་དེ་ཡི་ཕྱིར། །གཉིས་གྱུར་ཕྱག་བྱར་འོས་པའི་ཆོས་གཅིག་ཡིན། །ཞེས་གསུངས་པ་ལྟར་རྒྱལ་བ་མཉམ་མེད་བུ་རམ་ཤིང་པས་སྟོན་པ་དང་བསྟན་པ་གཉིས་ཀར་བསྔགས་པའི་འདུལ་བསྟན་གྱི་སྒྲོན་མེ་དེ་ཉིད་སྨད་ནས་འདེགས་པའི་ཐུགས་བསྐྱེད་རྨད་དུ་བྱུང་བའི་བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་ལ་དཔྱོད་ལྡན་དང་དཔྱོད་ལྡན་མ་ཡིན་མང་པོ་སྒྲོ་འདོགས་དང་བསྐུར་འདེབས་ཀྱིས་རིགས་པའི་ལམ་ནས་ཕྱི་རོལ་ཏུ་སྨ་བ་རྣམས་ལ་སྨན་དུ་རེ་ནས་ཆུང་ཟད་དཔྱད་པའི་ཁུར་བླང་བ་ལས།

 

དང་པོ་བླ་ཆེན་འཁྲུངས་ཡུལ་ལ་དཔྱད་པ།
 

ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་རབ་བྱུང་བདུན་པའི་ས་འབྲུག་སྤྱི་ལོ་༡༣༨༨ལོར་བརྩམས་པའི་རྒྱལ་རབ་གསལ་མེ་ལས། ཆོས་བསྣུབས་ནས་ལོ་དྲུག་ཅུ་ན་འཕན་ཡུལ་། ཞེས་པ་ནས། བྱིས་པ་དེས་ལུས་སྲོག་ལ་མ་ལྟོས་པར་ཕྱིན་ཏེ་རབ་ཏུ་བྱུང་བས་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས། ཞེས་སྨྲས་པའི་འཕན་ཡུལ་ཞེས་པ་ནི་དབུས་གཙང་གི་ས་ཆ་ཞིག་ཀྱང་ཡོད་དེ། ད་ལྟ་བོད་རང་སྐྱོངས་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་ངན་ཆུའི་རྒྱུད་ཀྱི་ཡུལ་སྤྱིའི་མིང་ཡིན་པས་། དེ་ལ་འཁྲུལ་སོང་ན་བསྟན་པའི་མེ་རོ་གསོ་བ་པོ་མདོ་ཁམས་སྨད་ནས་ཡིན་པར་མི་གྲུབ་ཅིང་། མཁས་པའི་ལོ་རྒྱུས་ཕལ་ཆེ་བ་དང་འགལ་བས། འཕན་ཡུལ་ཞེས་པ་འདི་ཙོང་ཁ་བདེ་ཁམས་སམ། རི་བོ་ཏན་ཏིག་ཕྱོགས་ཀྱི་མིང་གཞན་པ་ཞིག་ཡིན་པར་མངོན། །གལ་སྲིད་འཕན་ཡུལ་ཞེས་པ་དེ་དབུས་ལ་འཁྲུལ་སོང་ན་མི་འགྲིགས་པའི་ཚུལ། དཔའ་བོ་གཙུག་ལག་ཕྲེང་བས། དེའི་ལུགས་ལ། ཞེས་པ་ནས། དབུས་གཙང་མི་བཅུ་སུས་ཀྱང་བླ་ཆེན་དང་དེའི་སློབ་མ་ལའང་མ་ཐུག་ན་དེའི་བསྟན་པའི་མེ་རོ་གསོས་པར་ཇི་ལྟར་འཆད། ཅེས་དབུས་སུ་འཁྲུངས་པ་དགག་པ་གནང་ཡོད། ཡང་ལོ་རྒྱུས་འགའ་ཞིག་ནས་ཙོང་ཁ་བདེ་ཁམས་སམ་འཕན་ཡུལ་ཞོགས་པར་སྐུ་འཁྲུངས། ཞེས་གདམ་ངའི་འཕྲད་དང་བཅས་སྨྲ་ཁུལ་བྱས་པ་ཙམ་ལས་གསལ་པོ་ཞིག་མི་འདུག་མོད། འགའ་ཞིག་གིས་ཟེར་ན་ཙོང་ཁའི་ཕྱོགས་སུ་ཡང་ཕན་ཡུལ་ཞེས་པ་ཡོད་པར་བཤད། འབྲུག་པད་དཀར་གྱིས་རབ་བྱུང་བཅུ་པའི་ལྕགས་སྦྲུལ་སྤྱི་ལོ་༡༥༧༡ལོར་མཛད་པའི་ཆོས་འབྱུངལས། །ཁམས་སུ་འཁྲུངས་ཞེས་བཤད་པ་ནི་། སྤྱིར་བཏང་ཁམས་ཞེས་པ་དེ་ཡུལ་དབུས་ལས་གཞན་ཕྱོགས་ཀྱི་རྒྱལ་ཕྲན་ནམ་རྒྱལ་ཁབ་དེའི་ས་མཐའི་ཁུལ་དག་ལ་གོ་བའི་དབང་དུ་བྱས་པ་ལས་། ད་ལྟའི་ཆོལ་ཁ་གསུམ་གྱི་ནང་ཚན་ཁམས་ལ་གོ་མི་རུང་ཡང་། ཁ་གསལ་ཞིག་མ་གསུངས་པ་ནི་བླ་ཆེན་ཁམས་སུ་ཕེབས་ཏེ། ཤེར་ཕྱིན་གསན་བསམ་མཛད་པའི་ཚུལ་ཞིག་ཀྱང་ཡོད་མཆི་བས། དེ་དང་གཅིག་ཏུ་སེམས་པའམ། ཡང་ན་ཡུལ་དབུས་ལས་མཐའ་འཁོབ་ཡིན་པས་ཙོང་ཀ་བདེ་ཁམས་ལ་ཁམས་ཞེས་གསུངས་པ་ཡིན་ནམ་བསྙམ། ཡང་ཚལ་པ་ཀུན་དགའ་རྡོ་རྗེས་རབ་བྱུང་དྲུག་པའི་མེ་ཁྱི། སྤྱི་ལོ་༡༣༤༦ལོར་བརྩམས་པའི་དེབ་དམར་ལས། མདོ་སྨད་དུ་འཁྲུངས་ཞེས་བཞེད་པའང་། གནའ་བོའི་མཁས་པ་དག་གིས་ཆབ་མདོ་ཡན་ལ་མདོ་སྡོད་དང་། དེ་མན་ལ་མདོ་སྨད་ཅེས་པ་འབོད་པ་ཁྱབ་ཆེ་ལ། དེང་སང་མདོ་སྨད་ཆེས་པ་ནི་རྒྱལ་རོང་དང་། མགོ་ལོག་མན་གྱི་ཡུལ་གྲུ་རྣམས་ལ་འབོད་པས་ཁྱབ་ཆུང་བས། མདོ་སྨད་ངོས་འཛིན་སྟངས་ཐད་ལ་འདྲ་མིན་སྣ་ཚོགས་ཡོད་པར་སྣང་། འགོས་ལོ་གཞོན་ནུ་དཔལ་གྱིས་རབ་བྱུང་བརྒྱད་པའི་ས་ཁྱི། སྤྱི་ལོ་༡༤༧༨ལོར་མཛད་པའི་དེཔ་སྔོན་ལས། ཙོང་ཁ་བདེ་ཁམས་སུ་ཆུ་བྱི་ལ་འཁྲུངས་། ཞེས་གསུངས་པ་དེ་གཙིགས་སུ་བཟུང་དགོས་ཏེ། དེའི་རྗེས་འབྲངས་གུ་རུ་བཀྲིས་ཀྱིས། སྤྱོ་ལོ་༡༨༠༧་་་༡༨༧༣ ལ་དང་། ཞེ་ཆེན་རྒྱལ་ཚབ་ཀྱིས། སྤྱི་ལོ་༡༩༡༠ ལོར་བརྩམས་པ་གཉིས་ཀྱིས་མཚོན་མཁས་པ་མང་པོའི་ཞལ་གཅིག་མཐུན་དུ་ཙོང་ཁའི་ཕྱོགས་སུ་འཁྲུངས་པར་བཞེད་པ་མ་ཟད་། ད་ལྟ་འཚོ་བཞིན་པའི་བླ་ཆེན་གྱི་གདུང་རུས་སུ་གཏོགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་། རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཡོས་། སྤྱི་ལོ་༡༩༦༣་ལོར་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བླ་ཆེན་གྱི་རྣམ་ཐར་ལས་རྟོགས་ཐུབ། རབ་བྱུང་དང་པོའི་ཆུ་སྟག་སྤྱི་ལོ་༡༠༦༢་ལོར་འཁྲུངས་ནས་༡༡༢༨་ལ་གཤེགས་པའི་མཁས་པ་ལྡེའུ་ཆོས་འབྱུངས་ལས་ཀྱང་། རྨ་ལུང་རྡོ་རྗེ་བྲག་ར་། དན་ཏིག་པདྨའི་ཡང་དགོན་། རྩེ་དྲུག་ལྷུན་གྱི་གོང་བ། གཡུང་དྲུང་ཤེལ་གྱི་བྲག་ཕུག་ཅེས་བྱ་བའི་གནས་དེར་། བླ་ཆེན་པོ་དགོངས་པ་རབ་གསལ་སྐུ་འཁྲུངས་ཏེ། ཞེས་གསུངས་པ་ལྟར་ཙོང་ཁ་བདེ་ཁམས་ཀྱི་ཤར་ལྷོ་། དན་ཏིག་དང་ཉེ་བའི་རྨ་ཆུའི་འགྲམ་དུ་ཆགས་པའི་རྒྱ་ཞུར་གྲོང་ཚོ་སྟེ། ད་ལྟ་མཚོ་སྔོན་ཞིང་ཆེན་ཧ་ལུང་རྫོངས་ཁོངས་སུ་འཁྲུངས་པར་མཁས་མང་མགྲིན་པ་བསྒྲིགས་ནས་སྨྲ་བས་ཁུངས་དང་ལྡན་པར་སེམས་སོ།


གཉིས་པ་བླ་ཆེན་རུས་ལ་དཔྱད་པ།
 

བདུད་འཇོམས་རིན་པོ་ཆེས་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་སྤྱི་ལོ་༡༩༦༢་ལོར་མཛད་པའི་ཆོས་འབྱུང་ལས། དམུ་གཟུགས་གསལ་འབར་དང་། མིང་ཤཀྱ་དགེ་བ་རབ་གསལ་དུ་ཕྱིས་མཁྱེན་རབ་ཆེ་བས་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས། ཞེས་དང། གཞན་ཡང་སྦ་བཞེད་ལས། མིན་ཛུ་དགེ་བར། ནེའུ་པན་དྲི་ཏས། མུ་ཟུ་གསལ་འབར། ས་སྐྱ་བླ་མའི་ཆོས་འབྱུངས་ལས། སྨུ་གསལའབར། དེབ་དམར་ལས་། མནྫུ་ཀ་ར་ཕན། འབྲུག་པད་དཀར་གྱི་ཆོས་འབྱུངས་ལས། བོན་གཞོན་སྨུ་གཟུགས་སོགས་མཚན་གྱི་རྣམ་གྲངས་ཤིན་དུ་མང་། ཁ་ཅིག་གིས་གཙང་གིས་མཁན་པོ་སྨར་གྱིས་སློབ་དཔོན་བྱས་། མཁན་སློབ་ཀྱི་མཚན་ལ་གྲས་ནས་དགེ་བ་རབ་གསལ་དུ་བཏགས། ཞེས་པ་ནི་གཏད་སོ་གང་ཡང་མེད་པར་བྱུང་རྒྱལ་དུ་སྨྲས་པ་ཙམ་ལས་མཁན་སློབ་ཀྱི་མཚན་ལ་རྟོག་དཔྱོད་རྩ་བ་ནས་མ་གནང་བར་སེམས་སོ། གང་ལྟར་བླ་ཆེན་གྱི་མཚན་དངོས་ལ་བོན་དམུ་གཟུགས་ཤཀྱ་དགེ་བ་རབ་གསལ་ལམ་དགོངས་པ་རབ་གསལ་ཞེས་པའི་མཚན་དོན་རེ་རེ་ནས་དགྲོལ་ན། བླ་ཆེན་ཁོང་གི་ཁྱིམ་གཞིས་བོན་པོ་དང་ཆུང་དུས་བོན་སྒོར་ཞུགས་པས་བོན་དང་། བོད་མིའུ་གདུང་དྲུག་ལས་དམུ་ཡི་རོགས་སུ་འཁྲུངས་པས་དམུ། རྒྱ་བོད་ཀྱི་སོ་མཚམས་སྲུང་བའི་ཆོས་བློན་སྟག་སྣང་ཁྲི་གཟུགས་དང་། གདུང་གཅིག་པ་འམ་དེའི་སྐྱེ་བ་དེ་མ་ཐག་པ་ཡིན་པས་གཟུགས་དང་། ཤཀྱ་དགེ་བ་རབ་གསལ་ཞེས་པ་ནི་། མཁན་སློབ་གསང་སྟོན་གསུམ་གྱིས་རང་རང་གི་མཚན་གྱི་ཕུད། ཤཀྱ་དགེ་བརབ་གསལ། གསུམ་གནང་བས་སོ། བླ་ཆེན་དགོངས་པ་རབ་གསལ་ཞེས་པ་ཡང་། བླ་ཆེན་ནི་མཛད་འཕྲིན་རྒྱས་པའི་རྒྱུ་མཚན་གྱིས་དང་། དགོངས་པ་རབ་གསལ་ནི་མདོ་སྔགས་གང་ལའང་ཆགས་ཐོགས་དང་བྲལ་བའི་མཁྱེན་རབ་རྒྱ་ཆེ་བས་ཡིན་ཞེས་གྲགས་པ་ནི་དོན་དང་ལྡན་པའི་གཏམ་ལགས་སོ།

 

གསུམ་པ་བླ་ཆེན་འཁྲུངས་འདས་ཀྱི་ལོ་ཚིགས་ལ་དཔྱད་པ།
 

གུ་རུ་བཀྲ་ཤིས་ཀྱིསརབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ། སྤྱི་ལོ་༡༨༡༣་ལོར་མཛད་པའི་རྙིང་མའི་ཆོས་འབྱུང་ལས། དོན་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་ཞིག་ཆུ་ཕོ་བྱི་བའི་ལོར་ཙོང་ཁ་བདེ་ཁམས་སུ་འཁྲུངས་། ཞེས་དུས་རབས་དགུ་པའི་སྨད་ལོ་རབས་དགུ་བཅུ་གོ་གཉིས་ལ་འཁྲུངས་པ་དང་། བྲག་དགོན་བསྟན་པ་རབ་རྒྱས་དང་། འཇམ་དབྱངས་བཞད་པ་སོགས་ཀྱིས་དུས་རབས་བཅུ་པའི་སྨད་ལོ་རབས་ལྔ་བཅུ་རྩ་གཉིས་ལོར་དང་། ཡང་ཁ་ཅིག་གིས་དུས་རབས་དགུ་པའི་སྟོད་ལོ་རབས་སུམ་ཅུ་རྩ་གཉིས་ལ་འཁྲུངས་པ་སོགས་བཤད་ཚུལ་གསུམ་དུ་མཆིས་ཀྱང་། ཁོ་བོས་དང་པོ་འཐད་ཕྱོགས་སུ་བཟུང་ནས། སུམ་པ་ཡེ་ཤེས་དཔལ་འབྱོར་དང། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་མཁས་པ་མང་པོས་། རབ་བྱུང་དང་པོའི་གོང་དུ་བརྩིས་པའི་ལོ་བརྒྱ་དང་སོ་ལྔ་པ་ཆུ་ཕོ་བྱི་བ། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ལྩགས་ཕོ་སྤྲེལ་ལོ་། ས་ཀ་ཟླ་བའི་ཚེས་བདུན་ལ་ལུམ་བི་ནའི་ཚལ་དུ་སྐུ་འཁྲུངས་ནས་ལོ་ཚིག་སྟོང་བརྒྱད་བརྒྱ་ལྔ་བཅུ་རྩ་ལྔ་པ། ཨོ་རྒྱན་སངས་རྒྱས་གཉིས་པ་ལྷོ་ནུབ་འོ་མ་ཅན་གྱི་མཚོར་སྐུ་འཁྲུངས་ལོ་ཆིག་སྟོང་བདུན་བརྒྱ་རྩ་བརྒྱད། རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པ་དང་། ཀླ་ཀློའི་སྟོན་པ་སྦྲང་རྩི་བློ་གྲོས་ཀྱིས་ཁ་ཆེའི་གྲུབ་མཐའ་དབུ་བཙུགས་ནས་མི་ལོ་ཉིས་བརྒྱ་དགུ་བཅུ་རྩ་དགུ། ཡེ་ཤུའི་སྟོན་པ་འཁྲུངས་ནས་ལོ་བརྒྱད་བརྒྱ་དགུ་བཅུ་རྩ་གཉིས་པར་མངལ་གྱི་ཆུ་འཛིན་ལས་བཀྲོལ་ཏེ། རང་ཅག་ཁ་བ་ཅན་པའི་གདུལ་བྱའི་དཔལ་དུ་ཤར་བའོ། དགུང་ལོ་དགུ་པ་ལ་གླང་དར་གྱིས་དབུས་སུ་བསྟན་པ་བསྣུབས། བཅུ་བཞི་པར་ལྷ་ལུང་དཔལ་རྡོར་གྱིས་སྡིག་སྤྱོད་རྒྱལ་པོ་བཀྲོངས། ནར་སོན་པ་དང་བོན་བསླབས་པས་མཁས་པར་གྱུར། དེ་ནས་ཁམས་སུ་ཕེབས་ནས་གོ་རོང་སེངྒེ་གྲགས་ལས་ལོ་བཅུ་གཉིས་རིང་འདུལ་བ་གསན་། དབུས་སུ་ཕེབས་པར་བཞེད་ཀྱང་འབངས་ཁེངས་ལོག་རིམ་པར་བྱུང་ཚུལ་དང་། མུ་གེས་མནར་བ་མཁྱེན་ནས་ཀ་འོད་མཆོག་གྲགས་ལས་ཤེར་ཕྱིན་དང། གཡུ་སྒྲ་སྙིང་པོ་ལས་རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་སོགས་ལོ་མང་རིང་གསན་བཞེས་མཛད། ཆོས་འབྱུངས་མཁས་པའི་དགའ་སྟོན་ལས། བླ་ཆེན་པོ་ལོ་ཞེ་དགུ་ལ་དན་ཏིག་ཏུ་བྱོན། ཞེས་གསུངས་པ་ལྟར་ཁམས་ནས་སླར་རང་ཡུལ་དུ་ཕེབས་ཏེ་དགུང་ལོ་ཞེ་དགུ་སོན་པ་ན་བོད་ཀྱི་མཁས་པ་མི་གསུམ་ལས་རབ་ཏུ་བྱུང་། སྔ་ཕྱིར་ལོ་བཅོ་ལྔར་རིང་མཁན་སློབ་ལས་འདུལ་བ་གསན། རབ་དུ་བྱུང་ནས་ལོ་གཅིག་གི་རྗེས་ལྔ་བཅུ་རྩ་གཅིག་ལ་བསྙེན་པར་རྫོགས་ནས། ལོ་ལྔའི་རྗེས་སུ་ལྔ་བཅུ་རྩ་དྲུག་ལ་ཀླུ་མེས་སོགས་རབ་དུ་བྱུང་། དྲུག་ཅུ་རྩ་གཅིག་པ་ཆུ་གླང་་། སྤྱི་ལོ་༩༥༣་ལ་མཁན་བུ་རྣམས་ཀྱིས་དབུས་གཙང་དུ་བསྟན་པ་ཕྱི་དར་གྱི་དབུ་འཛུགས། དགུང་ལོ་དྲུག་ཅུ་རྩ་དྲུག་པ་ལ་གསར་མའི་ལོ་ཙ་བ་ཐོག་མ་རིན་ཆེན་བཟང་པོ་འཁྲུངས། ཡང་དེ་ཉིད་ལས། སུམ་ཅུ་རྩ་ལྔ་ལ་དེར་བཞུགས། བརྒྱད་ཆུ་གྱ་བཞི་ཕག་ལ་གཤེགས། ཞེས་པའི་དགོངས་དོན་ལྟར་ན་ཙོང་ཁའི་ཡུལ་དུ་ལོ་ཞེ་དགུ་ནས་སུམ་ཅུ་སོ་ལྔ་རིང་བཞུགས་ནས་མཐར་དགུང་གྲངས་བརྒྱད་ཅུ་གྱ་བཞི་རབ་བྱུང་དང་པོའི་གོང་ནས་ཡར་བརྩིས་པའི་ལོ་ལྔ་བཅུ་རྩ་གསུམ་པ་ཤིང་མོ་ཕག སྤྱི་ལོ་༩༧༥་ལ་སྐུ་ཚེ་གཅིག་གི་གདུལ་བྱ་རྫོགས་ནས་གཟུགས་སྐུ་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། ཕྱིས་སུ་ཡང་བྱམས་མགོན་འཇིག་རྟེན་འདིར་མ་བྱོན་བར། སྐྱེ་བ་བརྒྱད་སེམས་ཅན་གྱི་དོན་དུ་འབྱོན་པར་ཞལ་གྱིས་བཞེས་པ་བཞིན་ཕེབས་ཡོད་པར་གདོན་མི་ཟ་ཡང་། རང་ཅག་གདུལ་བྱའི་བླ་མིག་མ་དག་པས་གང་དུ་འཁྲུངས་པའི་གནས་དང་རིགས་རུས་སོགས་ཀྱི་བྱེ་བྲག་མ་རྙེད། བླ་ཆེན་འཁྲུངས་ནས་ད་ལྟ་བར་རབ་བྱུང་བཅུ་བདུན་པའི་ཤིང་མོ་བྱ། སྤྱི་ལོ་༢༠༠༥ ཡན་ལ་བགྲང་བྱ་ཆིག་སྟོང་ཆིག་བརྒྱ་བཅུ་གསུམ་འདས་པ་ཡིན། འདོད་ཚུལ་གཉིས་པ་དང་གསུམ་ལྟར་ལོ་རྒན་དྲུག་ཅུས་སྔ་ཕྱི་བྱང་བས། དང་པོས་ཇོ་བོ་རྗེབོད་དུ་ཕེབས་པའི་ལོ་ནས་ཡར་བརྩིས་པའི་ལོ་བཅུ་གཉིས་པ་དང་། གླང་དར་གྱིས་བསྟན་པ་བསྣུབས་ནས་ལོ་བརྒྱ་དང་ཉེར་དགུ་ལ་བླ་ཆེན་འདས་པར་ཁས་ལེན་དགོས་པས་ཕྱི་དྲག་པར་མ་ཟད་། འདིའི་རྗེས་སུ་འབྲང་བ་ཁ་ཅིག་གིས། དེབ་སྔོན་ལ་དགག་པ་རྒྱབ་ཁུལ་གྱིས་དབུས་སུ་བསྟན་པ་དབུ་མ་བརྙེས་པའི་སྔ་རོལ་དུ་བླ་ཆེན་དགུང་ལོ་གྱ་བཞི་ཟིན་ནས་ཞི་བར་གཤེགས་དགོས་པས་དེ་ལས་རྡུག་པ་ཅི་ཡོད་ཅེས། རང་ཉིད་གང་གི་རྗེས་སུ་འབྲང་བའི་ལོ་ཚིགས་ཀྱི་འཛིན་མཚམས་བྱེད་གྱིན་ཡོད་པ་མ་ཤེས་པར་བྱུང་རྒྱལ་དུ་སྨྲས་པའང་མཆིས། གཉིས་པ་ལྟར་ན་བླ་ཆེན་འཁྲུངས་ནས་དགུང་ལོ་ཤུམ་ཅུ་རྩ་གཉིས་ཟིན་པ་ན་སློབ་དཔོན་ཆེན་པོ་རྔ་ཡབ་གླིང་དུ་ཕེབས་པར་འདོད་དགོས་པས་བླ་ཆེན་མཁས་པ་མི་གསུམ་ལས་ཀྱང་དགུང་ལོ་བགྲེས་པར་འགྱུར་རོ། །སྤྱིར་བཏང་རབ་བྱུང་དང་པོའི་མེ་ཡོས་ཡན་གྱི་ལོ་རྒྱུས་རྣམས་ལས་འགའ་ཞིག་ནི་རབ་བྱུང་རེ་རེས་སྔ་ཕྱི་དང་། ལ་ལ་ལོ་སྐོར་གཅིག་གིས་ཁྱད་པར་བྱུང་བ་སོགས་ཤིན་ཏུ་མང་ཡང་། རབ་བྱུང་དབུ་ཚུགས་པའི་རྗེས་སུ་མི་མཐུན་པ་ཆེར་མ་བྱུང་མོད། རེ་འགའ་ད་དུང་ཡང་རྣམ་པར་འཁྱམས་ནས་ནོར་བ་འགོག་རྒྱུའི་ནུས་པ་མ་ཐོན་པ་ཡང་མངོན། ལོ་ཚིགས་ནི་ལོ་རྒྱུས་ཀྱི་སྲོག་ཡིན་པེ་མཁས་དབང་ལོ་རྒྱུས་ཀྱི་དོན་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་སྤྱན་མངའ་བ་དག་གིས་ཞིབ་ཏུ་དཔྱོད་དགོས་པར་སེམས་པོ།


བཞི་པ་བླ་ཆེན་གྱི་ཆོས་བརྒྱུད་ལ་དཔྱད་པ།
 

རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག སྤྱི་ལོ་༡༡༢༤ལོ་འཁྲུངས་ནས་རབ་བྱུང་གསུམ་པའི་ཆུ་ཕོ་བྱི་བ། སྤྱི་ལོ་༡༡༩༢ འདས་པའི་མངའ་བདག་ཉང་ངམ་ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་ལས། ར་རྫི་ན་རེ། དང་ཡང་བཙུན་པ་བྱེད་པ་ཞུ་ཟེར།ཆོས་འདི་ནས་འབྱུང་བ་བཞིན་བྱེད་ནུས་ན་བྱའོ། །ཞེས་པ་ནས། སང་ནངས་པར་འདི་ནས་བྱུང་བ་ལྟར་བྱེད་ན་རེ་དགའ། ཞེས་དང་། ཡང་དེབ་སྔོན་ལས། ནར་སོན་ནས་ནོན་འཇམ་དཔལ་ལས་བཟླས་ལུང་བླངས། ཁང་རིན་རྡོར་ཞེས་སྤྱན་རས་གཟིགས་ཞལ་མཐོང་བ་ཞིག་ལས་སེམས་བསྐྱེད། སྤྱི་རྒྱལ་བའི་གཙུག་ཏོར་ལས་དབུ་ཚད། ནམ་དགའ་ལྡན་བྱང་ཆུབ་ལས་ཡོ་ག་གསན། ཞེས་དང་། བདུད་འཇོམས་ཆོས་འབྱུང་ལས། གོ་རོང་སེང་གེ་གྲགས་ལས་འདུལ་བ་དང་། ཀ་བ་འོད་མཆོག་གྲགས་ལས་ཕར་ཕྱིན། གཡུ་སྒྲ་སྙིང་པོ་ལས་རྫོགས་ཆེན་སེམས་ཕྱོགས་སྐོར་གསན་ཞིང་། ཞེས་གསུངས་པ་ལྟར་ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་བཤད་རྒྱུད་ཕྱིས་རོང་ཟོམ་པ་ཆེན་པོ་ལ་བརྒྱུད་པས་མཚོན་ཆོས་པའི་མདོ་སྔགས་གཉིས་ཀར་བཀའ་དྲིན་གཞལ་དུ་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་བྱུང་བ་རྟོགས་དགོས་པར་སེམས་སོ། །གནའ་བོའི་ལོ་རྒྱུས་ཁུངས་ལྡན་ལས་བླ་ཆེན་གྱི་ཐུགས་ཀྱིས་གཏད་སོ་ཆེ་ཤོས་ཆོས་ཡིན་པ་ལས་བོན་ཡིན་པར་གསུངས་མེད། འོན་ཀྱང་ཆུང་དུས་རང་གི་ནང་མི་དང་ཡུལ་གྱིས་རྐྱེན་བྱས་ཏེ་བོན་སྒོར་ཞུགས་ཡོད་པ་དངོས་པོའི་གནས་ཚུལ་དང་མཐུན་པའི་གཏམ་ཡིན་པས་དེ་ལ་ངེད་ཅག་གིས་ཀྱང་གླེན་པའི་ཨུ་ཚུགས་བྱེད་འདོད་མེད་ལ། དེ་ཙམ་གྱིས་བོན་པོ་ཡིན་པར་སྒྲུབ་བྱེད་དུ་ནམ་ཡང་མི་འགྲོ། སྡོམ་པ་ཞུ་དུས་བོན་པོ་ཡིན་པའི་སྒྲུབ་བྱེད་བོན་དམུ་གཟུགས། ཞེས་པའི་མིང་དང་། ཞྭ་མདོག་ཙམ་གྱིས་བོན་པོའི་ཆོས་བརྒྱུད་འཛིན་པའི་སྐྱེས་བུ་ཞིག་ཡིན་པར་དུས་ནམ་ཡང་བསྒྲུབ་མི་ནུས་པ་དང་། གལ་ཏེ་སྔར་བོན་པོ་ཡིན་པ་ཙམ་གྱིས་དེ་ཡིན་དགོས་ན། བདག་ཅག་གི་སྟོན་པ་དང་གཤེན་རབ་མི་བོ་གཉིས་ཆོས་ཅན། སོ་སྐྱེ་ཡིན་པར་ཐལ། ཁྱེད་གཉིས་སྔར་སོ་སྐྱེ་ཡིན་པའི་ཕྱིར། འདོད་མི་རིགས་ཏེ་སྤང་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཡིན་པ་ལ་རང་གཞན་གཉིས་ཀས་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་བོན་ཞུས་པ་ཙམ་གྱིས་བོན་པོ་ཡིན་དགོས།ཆོས་ཞུས་པ་ཐམས་ཅད་ཆོས་པར་ཐལ་ཏེ།རྒྱུ་མཚན་མཚུངས་པའི་ཕྱིར། བོན་པོ་ཡིན་པར་ཁས་འཆེ་ལ་ཆོས་སྒོར་ཞུགས་མཁན་མེད་ཅེ་ན། ཡོད་དེ། མཛོད་ཆེན་རྣམ་ལྔའི་བདག་པོ་ཤར་རྫ་བའི་རྣམ་ཐར་ལས། རྙིང་སྔགས་མདོ་པ་རིན་པོ་ཆེ་དཔལ་རི་མཁྱེན་བརྩེའི་དངོས་སློབ་བདེ་ཆེན་འོད་ཟེར་བྱ་བའི་རྣལ་འབྱོར་བ་ཞིག་བཞུགས་པའི་མདུན་དུ་ཕྱིན་ནས་ཕྱག་བྱས་པས། ཞེས་པ་ནས། རྟོགས་པ་ཕུལ་ཚུལ་དང་། འཕགས་ཡུལ་ནས་བརྒྱུད་བའི་ཆོས་ལུགས་ཀྱི་བྱང་ཆུབ་སེམས་དཔའི་སྡོམ་པ་སྲོལ་གཉིས་ལས་བྱུང་བའི་ཕྱག་ལེན་ལྟར་རྒྱས་པར་གནང་ཞིང་བསླབ་བྱ་ཡང་མཛད། ཅེས་པ་དེ་དག་མ་གཟིགས་སམ། གལ་སྲིད་ཁྱོད་ཀྱིས་དེ་ནི་རིས་སུ་མ་ཆད་པའི་བོན་ཆོས་ཐམས་ཅད་ལ་དག་སྣང་སྦྱངས་པ་ཙམ་ལས་གཏན་གྱི་སྐྱབས་གནས་སུ་མ་བཟུང་ངོ་ཞེ་ན། དེ་མི་རིགས་ཏེ། ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པ་ལྟར་སྡོམ་པ་ཐམས་ཅད་ཀྱི་སྔོན་འགྲོ་མཆོག་གསུམ་ལ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་དགོས་པ་རང་ཅག་གཉིས་ཀའི་ལུགས་ལ་མཐུན་པའི་ཕྱིར་རོ། །གཞན་ཡང་ཤར་རྫ་བ་ཉག་སྨད་དུ་བཞུགས་དུས་རི་ཁྲོད་ཀྱི་གྲྭ་པ་ཁ་ཅིག་གིས། བོན་གྱི་འབུམ་གེ་ཁོད་སོགས་སྒྲུབ་སྐོར་ཕལ་ཆེ་བ་བཎྡེའི་གཏེར་སྟོན་་བྱོན་ཡིན་འདུག་པས་ཚད་མ་ཡིན་མིན་རྒྱུ་མཚན་མང་པོ་མ་དགོས་པར་འདུག་ཅེས་ཞུས་ཚེ། གསང་སྦས་མེད་པའི་གླེང་མོལ་དྲང་ཐ་ལེ་བ་བྱེད་པར་འདུག་པས་བློ་སྦྱོང་ཉམས་སུ་ལེན་མཁན་ཡིན་ན་འདི་འདྲ་ཞིག་འོང་ལོས་དགོས་སྙམ་ནས་རྗེ་བླ་མའི་ཐུགས་ལའང་རྗེས་སུ་ཡི་རངས་སྐྱེས། ཞེས་གསུངས་པས་བོན་གྱི་སྒྲུབ་སྐོར་དག་བཎྡེའི་གཏེར་བྱོན་མིན་པའི་རྒྱུ་མཚན་མེད་པ་ལ་བརྟེན་ནས་མ་གསུངས་པ་ཡིན་གྱི། ཡོད་ན་གསུངས་དགོས་ཏེ་ཁོང་ལྟ་བུ་མཁས་གྲུབ་གཉིས་ལྡན་ཞིག་གིས་མ་མཁྱེན་པ་ནི་མི་སྲིད་ལ། བསྟན་འཛིན་གྱི་སྐྱེས་བུས་བསྟན་པ་འཛིན་སྐྱོང་སྤེལ་པའི་ཆེད་དུ་ལོག་པར་རྟོག་པ་རྣམས་སུན་འབྱིན་པ་ལ་རག་ལས་པས་སོ། །གང་ལྟར་དེང་སང་གི་བོན་པོར་ཁས་འཆེ་བ་དག་གིས་མདོ་སྔགས་ཀྱི་གཞུང་བཤད་དང་། མན་ངག་གི་སྒྲུབ་ཕྲིན་སྐོར་སོགས་རྗོད་བྱེད་ཐ་སྙད་ཀྱི་ཚིག་རིས་གཞན་དུ་སྨྲ་ནའང་བརྗོད་བྱ་དོན་གྱི་གནས་ཚུལ་བན་དེའི་ཆོས་ལུགས་གཞན་དུ་གྱུར་པའི་གྲུབ་མཐའ་ཞིག་མ་མཐོང་ངོ།།

 

ལྔ་པ་བླ་ཆེན་གྱི་སྐུ་ཆས་ལ་དཔྱད་པ།
 

དཔའ་བོ་གཙུག་ལག་ཕྲེང་བས་རབ་བྱུང་དགུ་པའི་ཤིང་ཁྱི། སྤྱི་ལོ་༡༥༦༤ལོར་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས་བོན་པོའི་ཞྭ་འོབས་ཞུ་ཕོག་ནས་ས་སེར་བཏབ་པ་གསོལ་འཕྲོ་ཞིག་གནང་ནས་འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས། ཞེས་གསུངས་པའི་རྒྱུ་མཚན་ལ་བརྟེན་ནས། ཁ་ཅིག་གིས་བླ་ཆེན་བོན་པོ་ཡིན་པར་བསྒྲུབ་པ་ནི་གྱི་ན་སྟེ། དེ་ལྟར་ན་ཁྱེད་ཅག་གི་བླ་ཆེན་དྲན་པ་ནམ་མཁའ་ཆོས་ཅན།བཎྡེ་ཡིན་པར་ཐལ།བཎྡེའི་རྟགས་འཆང་བའི་ཕྱིར། གྲུབ་སྟེ། བོན་གྱི་བསྟན་འབྱུང་ལས།དྲན་པ་ནམ་མཁའ་སྐྲ་བྲེག་བཎྡེ་མཛད།།ཅེས་གསུངས་པའི་ཕྱིར། གལ་ཏེ་དབང་མེད་དུ་བྱས་པ་ཡིན་ནོ་ཞེ་ན། ལན་རྣལ་མ་ཞིག་ཏུ་མ་མཐོང་སྟེ། ཁོང་བོན་བསྟན་ལ་ཐུགས་ཞེན་ཆེ་བ་ཙམ་མིན་པར་རྫུ་འཕྲུལ་ལའང་མངའ་དབང་འབྱོར་བ་ཞིག་ཀྱང་ཡིན་འདུག་པས། ཆོས་ཀྱི་གྲགས་པ་དང་མི་ཚེ་གསུམ་སྨོན་ལམ་བཏབ་ནས་རྩོད་པའི་མུ་སྟེགས་ཀྱི་སྟོན་པ་ཤངྐ་ར་ཨ་ཙརྱ་བཞིན་གནང་ན་ལེགས་སོ། །བླ་ཆེན་བོན་པོ་རྣལ་མ་ཞིག་ཡིན་ན་ཞྭ་ལ་ས་སེར་བཏབ་དགོས་དོན་མེད་པར་མ་ཟད། དེས་ནི་སྔར་བོན་ལ་ཞུགས་ནའང་ཕྱིས་ཆོས་ཀྱི་ལྟ་བ་རྣམ་དག་ཅིག་ཐུགས་རྒྱུད་ལ་འཁྲུངས་པའི་རྟགས་སུའང་ངོམ་ཆོག་གོ །ཡང་ཁོ་ན་རེ།མཁན་པོའི་རྟགས་བཞི་ནི། ཞེས་མཁན་པོའི་རྟགས་སྔོན་པོ་ཙམ་བཞག་པ་ནི་རིགས་པ་མ་ཡིན་ཏེ།ཁ་དོག་བསྟན་པའི་རྩ་བ་ཡིན་པ་མཁས་པ་ལ་གྲགས་པས་སོ། །ངེད་ཅག་གི་མཁན་པོའི་རྟགས་ནི་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་སྟེ།མངའ་རིས་པཎ་ཆེན་གྱིས།ལེགས་གསུངས་འདུལ་བ་རྒྱ་མཚོ་མཐའ་དག་དང་།།བརྒྱ་རྩ་གཅིག་བའི་ལས་ཕྲན་ལ་བྱང་བའི།།མཁན་པོ་བྱས་པས་རིམ་བཞིན་བསྙེན་པར་རྫོགས།།ཞེས་པ་ལྟར་རྒྱུད་ཚུལ་ཁྲིམས་རྣམ་པར་དག་པས་བརྟན་པ་དང་།བྱེ་བྲག་ཏུ་བརྒྱ་རྩ་གཅིག་པའི་ལས་ཕྲན་ལ་མི་རྨོངས་པའི་མཁས་པ་ཞིག་ལ་ངོས་འཛིན་གྱི་གོས་ནི་ཕྱིའི་རྟགས་ཙམ་མོ།།ཡང་ཁོ་ན་རེ།ས་དགེ་བཀའ་རྙིང་ཀུན་ཀྱིས་སྟོད་འགག་གི་སེང་གེ་དཔུང་བའི་མཐར་དང་། ཞེས་པ་ནས། མ་ཉམས་པར་ཡོད་དོ། །ཞེས་ཆོས་གོས་རྣམ་གསུམ་གྱི་གླེགས་བུ་དང་སྐུད་པ་སྔོན་པོ་བྱེད་པ་དག་གིས་བླ་ཆེན་བོན་པོ་ཡིན་པར་དཔོག་ཐུབ་ཅེས་ཟེར་ན། དེ་ནི་ཁྱེད་ཅག་གི་ལུགས་དང་འགལ་ཏེ། ཤར་རྫ་བའི་རྣམ་ཐར་ལས། གཟུ་བོའི་སྒོ་ནས་གྲུབ་མཐའི་ཁུངས་འཚོལ་བ་མ་གཏོགས་ཞྭའི་ཅོད་པཎ་གྱི་ཚོས་མདོག་དང་ཨ་ཕའི་ཁ་ཕོར་གཙང་ཞེན་ལྟ་བུའི་དེང་སང་གི་བླུན་པོ་ཚོའི་ལས་སུ་བྱ་བའི་ཉོན་མོངས་པའི་གདུང་བ་མི་བསྐྱེད་པ་འདི། ཞེས་གསུངས་པའི་ཕྱིར་རོ།།ལྷག་པར་དུ་ཆོས་པའི་ལུགས་ལ་སྐུད་པ་དང་སྟོད་གོས་ནང་སྔོན་པོ་བྱས་པའི་རྒྱུ་མཚན་བཤད་དུ་ཡོད་དེ། བླ་ཆེན་བསྙེན་པར་རྫོགས་སྐབས་ཁ་སྐོང་རྒྱ་ཡི་དགེ་སློང་གཉིས་དྲན་རྟེན་དུ་དཔུང་སྐུད་དང་། སྟོད་གོས་ནང་དུ་སྔོན་པོ་བཞག་པ་ཡིན་ཞེས་གསུངས་སྲོལ་ཡོད་པ་བཞིན། དེང་དུས་རྒྱ་ནག་གི་བཙུན་པ་དག་གི་ཆོས་གོས་སྔོན་པོ་ནབ་པ་ལ་བརྟགས་ན་ཁུངས་ལྡན་གྱི་གཏམ་ཞིག་ཏུ་མཐོང་ངོ། །དེ་བཞིན་འདུལ་བ་ལས། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །ཞེས་རུང་མཐུན་གྱི་ཁ་དོག་ཏུ་གསུངས་པས་བོན་པོའི་སྐུ་ཆས་ལས་གྲས་པ་མིན་པར་བན་དེའི་རིང་ལུགས་ལའང་རབ་བྱུང་གོས་ཀྱི་ཁ་དོག་སྔོན་པོ་ཡོད་པར་ཤེས་ནུས་པས། ཁ་དོག་མཁན་པོའི་ཡིན་པའི་རྟགས་ཡིན་ཞེས་པའི་གཏམ་ཞིག་མེད་དོ། །
ཡང་ཁོ་ན་རེ།གཞན་སྡེའི་འདུལ་བ་ལ་ནི། ཞྭ་དང་།སྟོད་གོས་དང་།ལྷམ་གྱི་བཤད་པ་མེད། ཅེས་ཁོ་ཅག་གི་འདུལ་བའི་ལུང་དྲངས་ཁུལ་བྱས་པ་ནི། ཁྱེད་ཅག་གི་འདུལ་གཞུང་རྩོམ་པ་པོ་དེ་གཟིགས་རྒྱ་ཆུང་བའམ། ཡང་ན་ཁྱེད་ཀྱིས་གཞུང་དོན་ཡོངས་རྫོགས་མ་རྟོགས་པ་གང་ལྟར་ཡང་། ཆོས་པའི་འདུལ་བ་ལས་མ་གསུངས་ཞེས་པ་ནི་མངོན་སུམ་ལ་བསྙོན་འདིང་བར་ཟད་དེ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་ལུང་སྡེ་བཞིའི་དགོངས་དོན་གཅིག་ཏུ་དྲིལ་བ་མདོ་རྩ་བའི་ཀོ་ལྤགས་ཀྱི་གཞི་ལས།མཐའ་འཁོབ་ཏུ་ལྷམ་དག་བཅང་བར་བྱའོ། །ཆིག་རིམ་མོ། །ཆུ་ལ་ཆབ་རོམ་ཆགས་པའི་ཡུལ་དུ་ནི་ཞྭ་དང་ལྷམ་སྒྲོ་གུ་ཅན་ཡང་ངོ། །ཞེས་པ་དེ་ཞྭ་དང་ལྷམ་སྟོན་སའི་གཞུང་མ་ཡིན་ནམ། ཡང་ཁྱེད་ཚོའི་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞི་དེ་གདིང་བ་སོགས་ཀྱི་ཁ་དོག་རྣམ་བཞི་ཡིན་ཞེས་སྨྲ་བ་ནི་རང་གི་གྲུབ་མཐར་རྨ་འབྱིན་པར་ཟད་དོ།།ངེད་ཅག་གི་ལུགས་ལ་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞི་ནི།འདུས་བྱས་ཐམས་ཅད་མི་རྟག་པ།།ཟག་བཅས་ཐམས་ཅད་སྡུག་བསྔལ་བ།།ཆོས་རྣམས་སྟོང་ཞིང་བདག་མེད་པ།།མྱ་ངན་ལས་འདས་པ་ནི་ཞི་བའོ།།ཞེས་པའི་དོན་བཞི་ཁས་ལེན་མིན་ལ་གཞིགས་ནས་སངས་རྒྱས་པའི་ཆོས་པ་དང་བསྟན་པ་རྣམ་དག་ཡིན་མིན་ཐག་གཅོད་རྒྱུ་ལས།གོས་ཀྱི་དབྱིབས་དང་ཁ་དོག་དག་ནི་ཡན་ལག་གི་ཁྱད་ཙམ་དུ་ཟད་དོ།།

 

དྲུག་པ་བླ་ཆེན་གྱི་མཁན་པོ་དང་སྡོམ་རྒྱུན་སྐོར་ལ་དཔྱད་པ།

སི་ཏུ་ཆོས་འབྱུང་གནས་ཀྱིས་རབ་བྱུང་བཅུ་གཉིས་པའི་ཆུ་མོ་གླང་།སྤྱི་ལོ་༡༧༣༣ལོར་མཛད་པའི་སྡེ་དགེ་བཀའ་འགྱུར་དཀར་ཆག་ལས།སྨར་གྱིས་མཁན་པོ་དང་།གཡོས་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང་།ཞེས་དང་།འབྲུག་པདྨ་དཀར་པོས།གཙང་གིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས། ཞེས་དང་། ལྡེའུ་ཆོས་འབྱུང་ལས། གཡོས་མཁན་པོ་བྱས། གཙང་གིས་སློབ་དཔོན་བྱས། སྨར་གྱིས་གསང་སྟེ་སྟོན་པ་བྱས། ཞེས་དང་། ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་སྨར་གྱིས་མཁན་པོ། གཡོས་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང་། འདིའི་དགོངས་དོན་རྗེ་རང་བྱུང་རྡོ་རྗེ་དང་བུ་སྟོན་གྱི་དགོངས་པ་ཡིན་ཞེས་སྨྲ་བ་ནི་མཁས་པས་མཉམ་པར་མ་བཞག་པའི་གཏམ་སྟེ། བུ་སྟོན་ཆོས་འབྱུང་ལས། དེར་གཙང་གིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཞེས་པ་ལས། སྨར་ཤཱཀྱ་མུ་ནི་ཡིན་པ་ཆོས་འབྱུང་དེའི་འགོ་མཇུག་གང་དུའང་མ་གསུངས་སོ། །བླ་ཆེན་གྱི་ཞལ་ནས། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་བ་ཡི། །བདུད་རྩི་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་ཕྱོགས་བཅུརརྒྱས་པར་བྱ་བའི་ཕྱིར། །དང་པོར་བདག་གིས་རབ་ཏུ་བྱུང་པར་བྱ། །གསུངས་པ་ལྟར་རབ་ཏུ་བྱུང་བར་མཛད། །གསུངས་པ་ལྟར་རབ་ཏུ་བྱུང་བར་མཛད། དེ་ཡང་རབ་བྱུང་ལྔ་བའི་ཆུ་ཁྱི། སྤྱི་ལོ་༡༣༢༢ལ་མཛད་པའི་བུ་སྟོན་ཆོས་འབྱུང་ལས། དེ་ནས་བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་བས་མི་འོང་གསུངས་པ་དང་། ཞེས་པ་ནས། ལྷ་ལུང་དཔལ་གྱི་རྡོ་རྗེ་མཇལ་ནས་ཞུས་པས། ངས་རྒྱལ་པོ་བསད་པས་ཁ་སྐོང་མི་འོང་གི་ངས་བཙལ་གྱིས་གསུངས་ཏེ། རྒྱ་ནག་ཧྭ་ཤང་ཀེ་བང་དང་། གྱི་པན་བྱ་བ་གཉིས་བཙལ་ཏེ་བཏང་ངོ། །ཞེས་གསུངས་པ་དང་། རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་རབ་བྱུང་དྲུག་པའི་ཆུ་ཕོ་སྟག་སྤྱི་ལོ་༡༣༦༢ལ་མཛད་པའི་ཀློང་ཆེན་ཆོས་འབྱུང་ལས། དེ་ནས་དགེ་ཚུལ་ལོ་གཅིག་ལོན་ཏེ། གསུངས་པ་བཞིན་དགེ་ཚུལ་ཞུས་ནས་ལོ་གཅིག་ལོན་པ་ན། སྔར་གྱི་མཁན་སློབ་ཀྱིས་མཁན་སློབ་བྱས།གཙང་རབ་གསལ་གསང་སྟོན་བྱས། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ཏེ་ལྔ་ཚོགས་ཀྱིས་བསྙེན་པར་རྫོགས་སོ། །དེ་ནས་དབུས་གཙང་མི་བཅུ་དན་ཏིག་དུ་ཕེབས་དུ་བླ་ཆེན་བསླབ་ཚིགས་ཕྱི་མ་བཞེས་ནས་ལོ་ལྔ་ལས་མ་ལོན་ཡང་། མཁས་པ་མི་སྐུ་བསྒྲེས་ཤིང་། བླ་ཆེན་གང་ཟག་ཁྱད་པར་ཅན་ཡིན་པ་དང་། བསྟན་པ་འཕེལ་འགྲིབ་ཀྱི་སོ་མཚམས་ས་ཐུག་ཡོད་པའི་རྒྱུ་མཚན་གྱིས་མཁན་པོས་། མདོ་རྩ་བ་ལས། ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱོར་བ་མཐའ་མ་དང་ལྡན་ན་གནས་མ་བཅས་བར་ལྗོངས་རྒྱུར་འགྲོ་བར་བྱའོ། །ཞེས་པའི་དགོངས་པ་བླངས་ནས་བླ་ཆེན་གྱིས་ཀླུ་མེས་སོགས་ལ་སྡོམ་པ་འབོགས་སོ།།
བླ་ཆེན་གྱི་མཁན་པོ་ལ་འདོད་ཚུལ་མི་མཐུན་པ་མང་ན་ཡང་།བླ་ཆེན་རབ་ཏུ་བྱུང་དུས་ཀྱི་མཚན་ཤཱཀྱ་དགེ་བ་རབ་གསལ་ཞེས་པ་ལ་བརྟགས་ན། སྨར་ཤཱཀྱ་མུ་ནི་མཁན་པོ་དང་། གཡོ་དགེ་བའི་འབྱུང་གནས་སློབ་དཔོན། གཙང་པ་རབ་གསལ་གྱིས་གསང་སྟོན་གནང་བ་ལ། དེང་སང་ང་ཚོས་ཆོས་འབྱུང་རྒྱལ་རབས་སོགས་སུ་མཁས་པ་མི་གསུམ་གྱི་མཚན་བསྡུས་ཏེ་འབོད་དུས་སྨར་གཡོ་གཙང་གསུམ་ཞེས་བཤད་ལུགས་ལ་བརྟགས་ནའང་རྟོགས་ནུས་སོ། །ཁ་ཅིག་ན་རེ།སྲིད་རྒྱུད་ལས། དར་མ་སྤྲེལ་མགོས་ཆོས་བསྣུབས་པས། །ཞེས་པ་ནས། དེ་རྗེས་ཆོས་ཀྱི་སྡོམ་པའི་བརྒྱུད། །སོག་འདན་གྲུམ་གསུམ་ནས་བརྒྱུད་པའི། །མུ་ཐུར་དགོངས་པ་རབ་གསལ་ཞེས། །གཉོས་བཙུན་ཨ་རིན་བྱ་བས་ཞུས། །བཎྡེ་རྣམས་ལའང་དེ་ལྟར་འབོགས། །ཞེས་པས་བླ་ཆེན་གྱི་སྡོམ་རྒྱུན་བོན་པོའི་ཡིན་པར་སྒྲུབ་བྱེད་མི་འགྲོ་བར་མ་ཟད། བརྗོད་དོན་དངོས་དབུས་སུ་ཆོས་ཀྱི་སྡོམ་རྒྱུན་ཆད་ན་འང་བོད་ཀྱི་མཁས་པ་མི་གསུམ་གྱི་བདག་རྐྱེན་ལས་བླ་ཆེན་གྱིས་སྨད་ནས་སླར་གསོས་པ་དང་། བོན་པོ་རྣམས་ཀྱིས་ཀྱང་ཆོས་ཀྱི་སྡོམ་པ་ཞུ་བའི་དབུ་དེ་ནས་བཙུགས་པར་རྟོགས་ཐུབ། ཡང་ཁོ་ན་རེ། ཆོས་འབྱུང་ལས། ཇོ་བོ་རྗེས། ཞེས་པ་ནས། མ་གནང་། ཞེས་པའི་བར་དུ་སྡོམ་རྒྱུན་བོན་གྱི་ཡིན་པའི་ཚིག་ཟུར་ཙམ་ཡང་མེད་བཞིན་སྤོབས་པ་ཆེན་པོས་སྨྲ་ལུགས་ལ་བསམ་ན་ང་ཚོ་གསལ་བྱེད་སུམ་ཅུ་ཙམ་ཡང་ཀློག་མི་ཤེས་པའི་གྲས་སུ་བཞག་ཡོད་པས་སེམས། འོན་ཀྱང་ཇོ་བོ་བོད་དུ་ཕེབས་དུས་འདུལ་བའི་སྡོམ་རྒྱུན་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཡིན་པར་མ་ཟད། ཐེག་ཆེན་སོ་ཐར་གྱི་སྡོམ་པ་ཡིན་པས་སྤོ་མི་རུང་བར་གསུངས་པ་ཡང་། ཁོང་གི་སྡོམ་རྒྱུན་ཕལ་ཆེན་སྡེ་བའི་ཡིན་པས་ཕྱིས་སུ་བསྟན་པ་ལ་ནང་འཁྲུག་འབྱུང་སྲིད་པ་ལ་དགོངས་ནས་མ་གནང་བ་ཡིན་གྱི། སྨད་འདུལ་བོན་གྱི་ཡིན་པར་དགོངས་བཞིན་མི་གནང་བ་མི་སྲིད་དེ་ཇོ་བོ་བོན་པོ་ཡིན་པ་དང་བོན་ཞེན་ཡོད་པ་གཞུང་གང་ནས་ཀྱང་མ་གསུངས་པའི་ཕྱིར་རོ།།
སྨར་གཡོ་གཙང་གསུམ་མདོ་ཁམས་སྨད་དུ་ཕེབས་དུས་དེའི་ཡུལ་མི་རྣམས་ཀྱིས་རྒྱལ་པོས་ཁྲིམས་ལ་མ་ཕོག་པའི་གང་ཟག་འདི་ན་འདུག ཅེས་ཁོང་གསུམ་བོམ་བོར་འཁྲུལ་ནས་སྨྲས་པ་ལ། ཁ་ཅིག་གིས་བླ་ཆེན་བོན་པོ་ཡིན་པའི་སྒྲུབ་བྱེད་ལ། ཉང་རལ་ཆོས་འབྱུང་དུ། ལ་ལ་ན་རེ་། ཨ་མྱེ་ཆེན་པོའི་སྤྲུལ་པ་ཡིན་པས། བླ་མ་དང་མཁན་སློབ་མེད་ཟེར། སྡོམ་པའི་བཀའ་བོན་གྱི་ཡིན། དེའི་རྟགས་ཀྱང་བཞི་ཡོད་ཟེར། ཞེས་གསུངས་པ་ལ། རྗོད་པ་པོ་དང་། བརྗོད་ཡུལ་སུ་ཡིན་རྟོགས་དཔྱོད་རྩ་བ་ནས་མ་གནང་བའམ་མ་མཁྱེན་པ་གང་ཡིན་རུང་། སྒྲུབ་བྱེད་ཀྱི་ལུང་ཁུངས་འདི་དྲངས་པ་ནི་རང་མཚངས་ངོམ་པར་ཟད། དེ་དུས་མི་རྣམས་ཀྱིས་སྨར་གཡོག་གཡོག་གཙང་གསུམ་ལ་བོན་པོ་དང་། མཁན་སློབ་མེད་ཅིང་ཨ་མྱེ་ཆེན་པོའི་སྤྲུལ་པ་། སྡོམ་པ་བོན་གྱི་ཡིན་པ་སོགས་དོགས་ལུགས་ལ་དཔགས་ན་བོན་པོའི་སྡོམ་པ་ཡོད་ཚད། མཁན་སློབ་ཀྱི་བརྒྱུད་པ་མེད་པར་རང་དགར་ཞུས་ཆོག་པའི་གསང་བ་ཆེན་པོ་ཞིག་ཚིག་དེའི་ཕག་ཏུ་ཡིབས་ནས་ཡོད་པར་མངོན་ནོ། གལ་ཏེ་སྡོམ་པ་ནོད་པའི་བདག་རྐྱེན་ཐུན་མིནབསྒྲུབ་བྱའི་གང་ཟག་དང་། སྒྲུབ་བྱེད་མཁན་པོ་ལ་རག་ལས་པ་ཡིན་པས་སྡོམ་རྒྱུན་གསོལ་འདེབས་སུ་མཁས་པ་མི་གསུམ་གྱི་མཚན་བྱུང་བ་དགོས་པ་མེད་དོ་ཞེས་ན། ཡོད་དེ་གདུག་ཅན་རྒྱལ་པོས་དབུས་སུ་བསྟན་པ་བསྣུབས་ནའང་ཁོང་གསུམ་གྱི་ཐུགས་བསྐྱེད་བླ་ན་མེད་པས་རྒྱལ་བསྟན་གྱི་སྒྲོན་མེ་བླ་ནས་བླ་རུ་འདེགས་པ་ལ་བརྟེན་ནས་གསུམ་གའི་མིང་མཚན་གསོལ་འདེབས་སུ་བཞག་པ་ནི་རང་ཅག་སྨད་འདུལ་གྱི་སྡོམ་རྒྱུན་འཛིན་པར་ཁས་འཆེ་བ་ཀུན་གྱིས་བཀའ་དྲིན་རྗེས་སུ་དྲན་དགོས་བརྡར་ཡིན་ནོ། །
ཞེས་བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་ལ་དཔྱད་པའི་སྒོ་ཚམ་ཞིག་བཏོད་པ་ཡིན་པས་བློ་མིག་དག་པའི་མཁས་པ་རྣམས་ཀྱིས་རྟོག་དཔྱོད་ཞིབ་དུ་གནང་སྟེ་སྐྱོན་སེལ་དང་ཡོ་བསྲང་གནང་བར་ཞུ།།