མདུན་ངོས། » གསར་རྩོམ། » རིག་གཞུང་གཞན། » ལོན་ཌོན་གྱི་མཐོང་སྣང་།

ལོན་ཌོན་གྱི་མཐོང་སྣང་།


ལོན་ཌོན་གྱི་མཐོང་སྣང་།
རང་རྩོམ་གངས་རིའི་བརྩེ་དུང་ནས་དྲངས།

 

སྟོབས་འབྱོར་ལྷ་དབང་དཔལ་ལ་འགྲན་བཟོད་པའི། །
རྒྱལ་ས་ལོན་ཌོན་བདག་བློའི་ཡིད་མཚོ་རུ། །
ཇི་ཙམ་ཤར་བའི་ཕྱི་ཡི་སྣང་ཚུལ་ཞིག །
རི་མོར་འབྲི་ལ་མཁས་རྣམས་ཐུགས་མ་ཁྲེལ། །


གནའ་བོའི་རྫས་ལ་རིན་ཐང་ཆེ་བ་ཡི། །
མི་ཡི་ལམ་སྲོལ་བཟང་པོ་མང་མཐོང་བས། །
སྟོབས་འབྱོར་གྲགས་པས་བརྒྱན་པའི་དབྱིན་ཡུལ་གྱི། །
གྲགས་ཅན་འགྲེམས་སྟོན་ཁང་ཆེན་བལྟས་པའི་ཤུལ། །

 


ཤེས་ཚད་ཡར་ཐོན་ཅན་དུ་མ་གྱུར་ཅིང༌། །
ཆེ་བས་ཆུང་བ་འཇོམས་པ་སྔ་མོའི་དུས། །
བགྲང་ཡས་རྒྱལ་ཁབ་དུ་མའི་ཅ་དངོས་རིགས། །
གནས་འདིར་གཅིག་ཏུ་སྤུངས་པའི་ཚུལ་འདི་ཅི། །


གཞན་དག་དམྱལ་བའི་དོང་དུ་ལྷུང་ན་ཡང༌། །
རང་ཉིད་ཆེ་བར་བརྩོན་པའི་དཔུང་གི་ཚོགས། །
ཤ་མོ་བརྡོལ་བའི་དཔེ་བཞིན་ཉམས་ཆུང་གི །
ཡུལ་གྲུ་འཇོམས་པར་བྱེད་པ་དེ་ཡི་དུས། །

 


ལ་ལར་མ་མཐོང་རྐུན་པོའི་རྗེས་འགྲོ་ཞིང༌། །
སྐབས་འགར་ཇག་པའི་མཚན་ཉིད་མཚུངས་པ་ཡིས།  །
རིན་ཆེན་དངོས་རིགས་རང་ཡུལ་འདྲེན་པའི་ཚུལ། །
བྱི་བ་རྐུན་པོ་དག་གི་རྗེས་སུ་བྱེད། །


འོན་ཏང་ཞིབ་མོའི་བློ་ཡིས་གཞལ་བའི་ཚེ། །
སྤྱང་པོ་དག་གིས་དོན་གྱི་རིན་ཐང་ཤེས། །
ཀླད་ཆུང་མི་རྣམས་གནས་སྐབས་འབྱོར་བས་མགུ། །
འདི་དག་གནའ་སྔོན་མི་ཡི་ལག་རྗེས་ལགས། །

 


བརྒྱ་བྱིན་ཁང་བཟང་རྗེས་འགྲོའི་གསེར་དངུལ་དང༌། །
ས་འཛིན་དང་མཚུངས་གོར་མའི་སྒྱུ་རྩལ་རིགས། །
ད་དུང་ངོ་མཚར་རབ་འབར་རྡོ་ཆས་ཀྱི། །
དུས་རབས་རིམ་པའི་གནའ་རྫས་བགྲང་ལས་འདས། །


མི་ཡི་རྐང་པས་བགྲོད་ལ་ངལ་བྱེད་པའི། །
ཁང་ཆེན་ཐོག་བརྩེགས་རིམ་པའི་ཅ་དངོས་ནི། །
ཕལ་པའི་སྐྱེ་བོས་བརྗོད་པ་ལྟ་ཅི་སྨོས། །
བརྒྱ་བྱིན་གྱིས་ཀྱང་ཇི་ལྟར་སྨྲ་འགྱུར་རམ། །

 


གཞན་དག་རྒྱལ་ཁབ་རྒྱལ་པོས་སྲིད་སྐྱོང་ཡང༌། །
དབྱིན་ཡུལ་འདི་རུ་རྒྱལ་མོས་བསྐྱངས་པའི་ཤུལ། །
ལྷུན་པོའི་དཔེ་ལ་འགྲན་པའི་ཕོ་བྲང་ནི། །
བརྗིད་ཆགས་བཀོད་ལེགས་ལྷ་ཡིས་བསྐྲུན་པར་དྭོགས། །


འོན་ཀྱང་དམངས་གཙོའི་བསམ་བློ་དར་དྲགས་ཤིང༌། །
སྒེར་དབང་ལམ་ལུགས་རོ་བཞིན་རུལ་བ་ཡི། །
དེང་གི་དུས་འདིར་རྒྱལ་མོའི་ཐོབ་དབང་ནི།  །
མར་མར་འགྲིབས་པའི་ཟླ་བའི་ཆ་ཤས་བཞིན། །

 


གནའ་སྔོན་རྒྱལ་དང་རྒྱལ་མོའི་སྲིད་གཞུང་སྲོལ། །
ཐུན་མིན་རྒྱལ་སྲུང་དམག་ཆས་རང་འགྲིག་གི །
རྔམ་བརྗིད་རབ་འབར་རྟ་དམག་མཐོང་བ་ན། །
ཐགས་བཟང་གོ་ཆ་གྱོན་པའི་གཟུགས་ཀྱི་ཟླ། །


ཡངས་པའི་ས་ཆེན་བདག་ཏུ་བཟུང་བྱེད་ཅིང༌། །
མི་ཡི་རྒྱུ་ནོར་ཟ་ལ་མི་ཕོངས་པའི། །
རྒྱལ་གྱི་བརྒྱུད་པ་འདི་དག་མི་དགོས་ཞེས། །
མི་རིགས་འདི་དག་ངག་ནས་མངོན་པར་ཐོས། །

 


འཛིན་མའི་སྟེང་གི་བཀོད་ལེགས་ལྟ་ཅི་སྨོས། །
མཐའ་ཡས་གྲོང་ཁྱེར་འོག་གི་ལམ་ཆེན་དང༌། །
མེ་འཁོར་ས་ཚིགས་དེ་དག་མཐོང་བ་ན། །
ཤེས་པ་རྣལ་དུ་གནས་རྣམས་ཐེ་ཚོམ་འགྱུར། །


རིན་ཆེན་རྒྱུ་ལས་བསྐྲུན་པའི་གནའ་རབས་དང༌། །
དེང་རབས་ཁང་བརྩེགས་སྣ་ཚོགས་སྒྱུ་རྩལ་གྱི། །
ཚད་མཐོའི་ཉམས་ཀྱིས་ཕྱུག་པ་དེ་དག་ནི། །
གསེར་གྱི་རི་རབ་དག་དང་མཚན་ཉིད་མཚུངས༌། །

 


ཕལ་པའི་ངག་གིས་བརྗོད་པར་མི་སྤོབས་ཤིང༌། །
འཇིག་རྟེན་བྱེད་པོས་བསྐྲུན་འདྲའི་ཟམ་ཆེན་དང༌།
།ཕ་རོལ་གཡུལ་ལས་རྒྱལ་བའི་མཚན་མ་ཆེ། །
ལོ་རྒྱུས་རྡོ་རིང་ནམ་མཁའི་མཐའ་ལ་བསྙེགས། །


ལྐོག་གྱུར་གནས་ལ་བློ་ཡིད་གཞོལ་བ་རྣམས། །
ཆོས་ཀྱི་བྱེད་སྒོ་སྤེལ་བའི་ལྷ་ཁང་ནི། །
རྩེ་མོ་ཚངས་པའི་གནས་སུ་སླེབ་སྙམ་པར། །
བསམ་དང་བརྗོད་པའི་ཡུལ་ལས་འདས་པར་དྭོགས། །

 


ཡིད་ཀྱི་སྒོ་མོ་ཧ་ཅང་དོག་དྲགས་པའི། །
ཅོལ་ཆུང་མི་རྣམས་བློ་ངོར་མི་ཤོངས་ཡང༌། །
ཆོས་ལུགས་ཀུན་གྱིས་རང་རང་གདུལ་བྱ་རེར། །
རླབས་ཆེན་འབྲས་བཟང་རེ་རེ་བསྐྲུན་པར་གོ །


དེ་སྟེ་ཡེ་ཤུའི་གཙུག་ལག་ཁང་ཆེན་དུ། །
ལྷན་ཅིག་ཆོས་ཀྱི་ཆོ་ག་རོལ་པའི་ཚེ། །
ཡིད་ལ་སིམ་པའི་བདེ་བ་སྟེར་བ་ལས། །
མི་དགེའི་འབྲས་བུ་འགའ་ཡང་བྱུང་མ་མྱོང༌། །

 


གཙུག་ལག་ཁང་དུ་ཕེབས་པའི་མི་ཚོགས་འདིས། །
ཕྱི་ཡི་འབྱོར་བ་འཕེལ་རྒྱས་མཐར་ཐུག་ཀྱང༌། །
ད་དུང་སེམས་ཀྱི་བདེ་སྐྱིད་སྟེར་བ་ལ། །
ཆོས་ཀྱི་ཆོ་ག་ཞིག་ཀྱང་མཁོ་བའི་རྟགས། །


ཁོར་ཡུག་འཁོར་ལོས་བསྐྱོད་བའི་མེ་འཁོར་སོགས། །
བཞོན་པ་ཆེ་ཆུང་གང་དུ་ཕྱིན་ན་ཡང༌། །
སྐད་ཅིག་བདེ་བླག་བགྲོད་པའི་སྒྱུ་འཕྲུལ་ནི། །
རླུང་གི་རྩལ་དང་ཕན་ཚུན་གྲིབ་མ་འདྲ། །

 


དངུལ་དང་ལག་ཁྱེར་ལ་སོགས་དངོས་པོའི་རིགས། །
གང་ཞིག་མཁོ་ཚེ་ལམ་གྱི་གཡས་གཡོན་ནས། །
འབད་མེད་རག་ལ་རེག་པའི་ངོ་མཚར་གྱི། །
སྒྱུ་འཕྲུལ་འདི་དག་ལྷ་དང་འདྲེ་ཡི་འཕྲུལ། །


དྲག་ཞན་ཀུན་གྱིས་རང་རང་བྱ་བ་རེར། །
རྒྱུན་མི་འཆད་པའི་ཚུལ་ལ་མི་བརྩོན་ན། །
རྒྱལ་ཁབ་གཞུང་གི་ཁྲིམས་ཀྱི་ཆད་པ་ནི། །
ཟློག་མེད་གཤིན་རྗེའི་སྲོལ་དང་རིགས་མཐུན་གྱུར། །

 


རིན་ཐང་བྲལ་བའི་རང་གི་རིག་གཞུང་དང༌། །
གཟི་བརྗིད་ལྡན་པའི་གཞན་གྱི་ལམ་སྲོལ་ཀུན། །
བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་བྱེད་པའི། །
ལུགས་བཟང་འདི་ནི་མི་རིགས་དེ་ཡི་སྲོལ། །


སྐྱོན་གྱི་ཆ་ནི་ཕྱོགས་ཀུན་ལོས་མཆིས་ཀྱི། །
མི་ཚེ་བག་མེད་རོལ་བའི་མི་འགའ་དང༌། །
ཇག་དང་རྐུན་མའི་ཚོགས་ཀྱང་ཡོད་པ་སྐད། །
ད་དུང་སྤྲང་པོ་རེ་འགའ་མིག་ལམ་མངོན། །

 


མི་རིགས་རང་གི་རིག་གནས་གོམས་སྲོལ་དང༌། །
ལྷག་པར་གནའ་བོའི་སྲོལ་དང་ཤུལ་རྫས་དག །
གཅེས་སྤྲས་ཅི་བས་ཆེ་བར་བྱེད་པ་ནི། །
རྒྱལ་ཁབ་འདི་ཡི་ལམ་སྲོལ་བཟང་པོ་ཉིད། །


ལྷ་དང་ལས་ཀྱིས་བསྐྲུན་པ་གང་ཡིན་ཀྱང༌། །
དབང་པོ་ཡན་ལག་ཉམས་པའི་གང་ཟག་འགའ། །
མཆིས་ཚེ་རྒྱལ་ཁབ་གཞུང་གི་གསོ་སྐྱོང་འོག །
མི་ཚེའི་བདེ་སྐྱིད་མཁར་ཉལ་ཚོགས་ལ་འགྲན། །

 


རང་དང་གཞན་གྱི་ཁྲིམས་ལུགས་ཀུན་ཤེས་ཤིང༌། །
རང་ཁྲིམས་རང་གིས་སྲུང་བའི་ཡུལ་གྲུ་འདིར། །
རྡོ་དང་དབྱུག་པའི་གཡུལ་འཁྲུག་ག་ལ་སྟེ། །
ངག་གི་རྩོད་པ་ཙམ་ཡང་གཞལ་བྱ་མིན། །


རྒྱལ་ཁབ་དེ་ཡི་དངུལ་ལོར་མཐོང་ཆེ་བས། །
ཡུལ་གྲུ་གང་དེའི་འདོད་ཡོན་སྤྱོད་པ་ན། །
འབྱོར་བ་ལྡན་པའི་གང་ཟག་མ་གཏོགས་པར། །
ཉམ་ཆུང་འགའ་ཡང་བགྲོད་པའི་ཡུལ་མ་ཡིན། །

 


འདི་ན་ལོན་ཌོན་ཐོག་མར་མཐོང་བའི་ཚུལ། །
ཕྱི་ཡི་སྣང་ཚུལ་ཙམ་ཞིག་བརྗོད་པ་ལས། །
མ་འདྲེས་ཕྲ་ཞིབ་ཚིག་གིས་གསལ་མིན་པས། །
མཁྱེན་འདོད་ཅན་རྣམས་གཞན་ནས་གཟིགས་པར་མཛོད།། །།

ཕྱི་ལོ་༢༠༠༣ལོའི་ཟླ་༡༡ཧིན་རྡུའི་རྒྱལ་ས་ལྡི་ལི་གསར་པར་བྲིས། །