ཞུ་ཡིག་དབྱངས་ལྡན་དགྱེས་པའི་སྒྲ་དབྱངས།
ཞུ་ཡིག་དབྱངས་ལྡན་དགྱེས་པའི་སྒྲ་དབྱངས།
ཟིན་བདག་རང་གི་རྩོམ།
དཔག་ཡས་སྲིད་དང་ཞི་བའི་དགེ་ལེགས་མཉམ་པ་མེད་པའི་ཕྲིན་ལས་ཅན། །
ཡོན་ཏན་ལྷུན་རྫོགས་གྲུབ་པ་མཆོག་བརྙེས་སྐུ་ཡི་ཕྲེང་བ་ཚར་དུ་དངར། །
སྐྱེས་སྦྱངས་ཤེས་རབ་ཟླ་དང་བྲལ་བས་རིག་གནས་རྒྱ་མཚོའི་ཕ་མཐར་སོན། །
འགྲོ་ལ་བྱམས་བརྩེས་ཡོངས་བཟུང་འདྲེན་མཆོག་པད་མའི་གཉེན་ཞབས་གང་དེའི་དྲུང༑ ༑
རྒྱལ་ཀུན་མཁྱེན་བརྩེའི་གཟུགས་ཀྱི་ཟླ། །
རིག་པ་འབྱུང་བའི་ནོར་འཛིན་ཆེ། །
རེབ་གོང་ས་ཡི་ཐིག་ལེ་རུ། །
མ་ནུའི་བུ་ཡི་ཟོལ་གྱིས་བྱོན། །
རིན་བྲལ་གཟུགས་སྐུ་ས་མཆོག་ལྗོན། །
མཁྱེན་དཔྱོད་འབྲས་བུའི་ཁུར་ལྕི་ཞིང༌། །
རྨོངས་པའི་ཟུག་རྔུ་སེལ་བཞིན་པར། །
ལེགས་བཤད་དྲི་བསུང་འཐུལ་དང་ལྷན། །
བསོད་ནམས་ཅུང་ཟད་བསྐྲུན་པ་བདག །
བློ་ཡི་ཡུལ་ལས་འགོངས་པ་རུ། །
ནུབ་ཕྱོགས་དབྱིན་ཇིའི་སློབ་ཆེན་དུ། །
མཇལ་བའི་སྐལ་པ་བཟང་པོར་བྱས། །
སྐོམ་པ་གང་ཞིག་ཉལ་འགྲོ་ལ། །
ཇི་ལྟ་དེ་བཞིན་བདག་གི་ཡིད། །
རིང་ནས་གདུང་བ་དེ་ཡི་ཚེ། །
སྤྲིན་གྱི་སྒྲ་ལ་མགྲིན་སྔོན་བཞིན། །
འཛམ་གླིང་མཁས་མང་ཁྱུ་མཆོག་ཁྱུར། །
ཁྱེད་ཀྱི་གཟི་བརྗིད་ལག་ལྡན་བཞིན། །
རྩོམ་རིག་མཁའ་ཡི་རྒྱུ་སྐར་ཁྲོད། །
གང་གི་ལེགས་བཤད་རི་བོང་འཛིན། །
རང་རང་དག་གི་ཡུལ་གྲུ་རུ། །
མཁས་པའི་དབང་པོར་བརྩི་བ་ཡང༌། །
དཔའ་ཞིང་བརྟུལ་ཕོད་ཐགས་བཟང་རིས། །
གྲགས་པའི་མུ་ཁྱུད་འཕྲད་པ་བཞིན། །
ལེགས་བཤད་མགྲིན་གླུ་སྒྲོགས་པ་ཡང༌། །
ཁྱེད་ཀྱི་དྲུང་ན་འདུག་པའི་དུས། །
རང་གི་སོར་མོའི་འདུ་བྱེད་ཀྱང༌། །
དྲན་པ་མེད་པར་བརྗེད་པ་བཞིན། །
ཕལ་ཆེར་རྣམ་དཔྱོད་ཕྱོགས་རེ་བས། །
མཁྱེན་རྒྱ་ཆེ་བར་བརྩི་བ་ཡང༌། །
ཁྱེད་དང་འཕྲད་ཚེ་ཉིན་བྱེད་ཀྱི། །
ཟེར་གྱིས་བཅོམ་པའི་མེ་ཁྱེར་བཞིན། །
སྣ་མང་སྐད་ཡིག་ཤེས་པ་ཡང༌། །
ཁྱེད་ཀྱི་དྲུང་ནས་བཅུ་རིག་གི །
རིག་གནས་བློ་སྐྱེད་ཞུ་བ་ལ། །
གེ་སར་ལེན་པའི་བུང་བ་བཞིན། །
ལོ་རྒྱུས་སྨྲ་བར་བརྩི་བ་རྣམས། །
ཁྱེད་ཀྱི་མཁྱེན་པའི་ཆ་ཙམ་ཡང༌། །
བསྒྲུན་པར་མི་ནུས་ལྷུན་པོ་ལ། །
མགོ་བོ་དག་གིས་བརྡུང་བ་བཞིན། །
རྣམ་དཔྱོད་ཅན་དག་སྔ་མོ་ནས། །
དཔྱོད་པར་མི་ནུས་ལེགས་བཤད་ཆ། །
དྲི་མ་མེད་པའི་རིགས་པ་ཡིས། །
གཏན་ལ་འབེབས་པ་མེ་ལོང་བཞིན། །
མཁྱེན་རབ་ཕྱོགས་མེད་རྒྱས་པ་ཡི། །
ལུང་རིགས་འབུམ་གྱི་མཛོད་གྱུར་གང༌། །
མཁས་པར་གྲགས་པ་ཕལ་མོ་ཆེ། །
མིག་ལྡན་ཡ་གཅིག་གནས་སུ་བཀོད། །
གང་གི་ཐུགས་ཀྱི་སྐྱེད་ཚལ་དུ། །
མ་འཁྲུངས་པ་ཡི་གཙུག་ལག་ནི། །
འཇིག་རྟེན་བྱེད་པོས་ཕྱོགས་ཀུན་ཏུ། །
བལྟས་ཀྱང་གཟིགས་པའི་སྐབས་ཡོད་མིན། །
སྒྲ་ཚད་རིག་པའི་རྣོ་དབལ་ཆེ། །
བཟོ་གསོ་འགྲོ་བའི་དཔལ་དུ་གྱུར། །
ཕྱི་ནང་རིག་པའི་མངའ་དབང་བསྒྱུར། །
སྙན་ངག་དབྱངས་ལྡན་མགྲིན་པར་ཞུགས། །
མངོན་བརྗོད་འཆད་ལ་ཚངས་པའི་སྤུན། །
རྩོམ་ལ་མགྲིན་པའི་རྩ་མདུད་གྲོལ། །
ལོ་རྒྱུས་རིག་པ་འཆད་པ་ལ། །
རྣ་བ་བརྒྱད་པའང་ཕམ་པར་བྱེད། །
ཉམས་དང་རྟོགས་པའི་མྱུ་གུ་ནི། །
འབྲས་ལྡན་དུས་ཀྱི་ཞིང་བཟང་བཞིན། །
གསང་བ་སྔགས་ཀྱི་རྣལ་འབྱོར་གྱིས། །
རྩ་རླུང་ཐིག་གསུམ་རང་དབང་ཐོབ། །
རིག་པ་འབྱུང་བའི་ཡུལ་གྲུ་དེར། །
ཤེས་རིག་སློབ་པའི་གྲྭ་བཙུགས་ཏེ། །
གདུལ་བྱའི་ངང་མོ་འབུམ་གྱི་ཁྱུ། །
ཅི་དགར་རོལ་ལ་མ་དྲོས་བཞིན། །
རིན་བྲལ་རིག་པའི་གཞུང་ལུགས་ལས། །
ཐར་བདེ་བསྒྲུབ་པའི་འདུས་སྡེ་ཆེ། །
གསར་བཞེངས་དཔག་པར་དཀའ་བ་ནི། །
ལྷུན་པོའི་གཏོས་ལ་འགྲན་པ་བཞིན། །
མཐའ་ཡས་གཞུང་ལུགས་ཡོངས་འདུས་ཤིང༌། །
བཤད་དང་སྒྲུབ་པའི་སྲོལ་ཆེན་གྱིས། །
དགོས་རྒུ་དང་དུ་ལེན་པ་ལ། །
སྐབས་གསུམ་པ་ཡི་རྗེས་འགྲོར་མཛད། །
བྱམས་བརྩེའི་ལྷ་ཡི་རྫིང་རིང་ནས། །
བཀའ་ཆབ་བདུད་རྩིའི་སྦྲང་ཆར་ནི། །
བདག་བློའི་ཞིང་སར་འཕོས་པ་ལས། །
དགེ་ལེགས་ལོ་ཏོག་འཇོ་བར་བྲེལ། །
འོན་ཀྱང་བདག་བློ་ཞན་པ་དང༌། །
དུས་ཀྱི་རྒུད་པས་ནོན་པ་ཡིས། །
ཐུགས་ལ་བརྣག་པའི་བཞེད་དགོངས་ནི། །
རི་མོར་བྲིས་པའི་མར་མེ་བཞིན། །
དེ་ལྟ་ནའང་གདམས་ངག་ཆ། །
བསྲེགས་བཅད་བརྡར་བའི་ཡང་སྙིང་བཞིན། །
བདག་གི་ཡིད་ཀྱི་གསོས་གཅིག་པུར། །
འདོར་བ་མེད་པར་འཆང་བཞིན་ལགས། །
བསྟན་པའི་སྙིང་པོ་སྙིགས་མ་ཡི། །
དུས་ཀྱིས་ནོན་པའི་ཆ་འདི་རུ། །
སྐུ་ལ་ལྷུང་བའི་ཐུགས་འགན་གང༌། །
རྒྱུན་མི་འཆད་དུ་བཞེས་པར་ཞུ། །
ཆེར་སྙིགས་བསྟན་ལ་ལྷག་བསམ་གྱི། །
ལྷ་ཆེན་རལ་པའི་ཀློང་འཁྱིལ་བའི། །
ཕན་བདེའི་ཁ་འབབ་རྣམ་བཞིའི་རྒྱུན། །
ཅི་དགར་འབེབས་ལ་ཐུགས་མ་གཡེལ། །
མཁྱེན་དཔྱོད་ནམ་མཁའི་ཐེག་ལེ་རུ། །
བྱམས་བརྩེའི་དྲོད་འཁོལ་སྦྱིན་པ་ཡི། །
འཛུམ་ཞལ་འོད་ཆགས་འབར་བ་དེ། །
སླར་ཡང་མཇལ་བའི་སྨོན་འདུན་མཆིས། །
སྐྱེ་རྒུའི་ཟོང་གིས་ཁུགས་དཀའ་བའི། །
མཆོག་སྐུ་ཨུཏྤལ་དཀར་པོ་དེ། །
བསྟན་འགྲོའི་མགོན་དཔུང་དམ་པ་རུ། །
ཞབས་པད་ཡུན་དུ་བཞུགས་པར་གསོལ། །
བདག་མགྲིན་སྙན་ཚིག་སྐྱེད་ཚལ་དུ། །
སྐྱོན་བྲལ་འདབ་མ་བརྒྱ་པའི་མཆིད། །
དད་པའི་དྲི་བསུང་ཞིམ་དང་འགྲོགས་ཏེ། །
རྒྱང་རིང་ལྷོ་ཡི་ཕྱོགས་ནས་བཏེག། །།
ཕྱི་ལོ་༢༠༠༤ཟླ་༩ཚེས་༡༥ལ་ཕུལ། །