མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » རྟོགས་ལྡན་དྲི་མེད་གཡུང་དྲུང་གི་རྗེས་དྲན་བཅོས་མིན་བདེན་པའི་རང་སྒྲ།

རྟོགས་ལྡན་དྲི་མེད་གཡུང་དྲུང་གི་རྗེས་དྲན་བཅོས་མིན་བདེན་པའི་རང་སྒྲ།

 

བོན་གྱི་བྱ་བཏང་བ་ཆེན་པོ་རྟོགས་ལྡན་དྲི་མེད་གཡུང་དྲུང་གི་རྗེས་དྲན་བཅོས་མིན་

བདེན་པའི་རང་སྒྲ།

 

དྲི་མེད་ཡིད་ཆེས་ལུང་གིས་བསྟན། །

ཐབས་ཤེས་ཟུང་འབྲེལ་གཡུང་དྲུང་འཆང་། །

དྲི་མེད་རྡོ་རྗེ་རྩལ་གྲགས་པ། །

བོན་གྱི་བྱ་བཏང་དེ་ལ་འདུད། །

 

སྲིད་ཀྱི་སྤྲུལ་སྐུའི་རི་བོང་གཟུགས། །

སྟོན་ཟླའི་ངོགས་སུ་མ་བྲིས་ཀྱང་། །

བསམ་མི་ཁྱབ་པའི་མངོན་རྟགས་ཀྱིས། །

རྒྱུ་སྐར་རྒྱལ་པོ་མཁའ་ལ་འཕགས། །

 

ཆོས་བརྒྱད་དཀར་ནག་འདབ་རྫབ་ཏུ། །

དེང་དུས་ཕལ་ཆེར་ནུབ་པའི་ཚུལ། །

སྙིང་ལ་མྱ་ངན་སྦྱིན་ན་ཡང་། །

སྐྱོན་གྱིས་དབེན་པའི་སྐྱེས་བུ་ཁྱེད། །

 

དམན་ས་བཟུང་ཞིང་ཉམ་ཆུང་ལ། །

གཅིག་ཏུ་བརྩེ་བའི་ཉམས་ལེན་དེས། །

འདྲ་མཉམ་མིན་པའི་འཛམ་གླིང་འདིར། །

ཁྱེད་ཉིད་ཆགས་སྡང་བྲལ་བར་གོ །

 

གྱེར་ཆེན་གཤེན་དགུའི་དེད་དཔོན་ལས །

སྨིན་བྱེད་སྔོན་འགྲོའི་གཟིངས་ཆེན་ཞོན། །

བོན་བརྒྱད་རྒྱ་མཚོ་ལས་བརྒལ་བས། །

དགེ་བའི་ནོར་མཆོག་ཁྱེད་ཀྱིས་ལོན། །

 

 

ཁྱེད་ཀྱི་བཤེས་གཉེན་གངས་རིའི་ཕྲེང་། །

ལྟ་བ་སྐྱོན་བྲལ་ཁ་བའི་མདངས། །

སྤྱོད་པ་སྙིང་རྗེའི་བསིལ་བ་སྦྱིན། །

ནུས་མཐུ་བདུད་ཀྱིས་གཡོ་མི་ནུས། །

 

འཇའ་ལུས་མངྒ་ཝེར་ཞི་ཡི། །

རྒྱལ་ཚབ་རྒྱ་མཚོའི་མཚན་ཅན་དྲུང་། །

མཛོད་ལྔའི་གཏེར་ཆེན་ཕུན་ཚོགས་དེའི། །

མངའ་མཛད་ཀླུ་དབང་ཆེན་པོར་བཞེངས། །

 

ཆོས་དང་གང་ཟག་ལྟ་སྤྱོད་སོགས། །

རྩོད་པ་ལྷུར་ལེན་འབྱུང་བྱའི་རིགས། །

དར་བ་སྙིགས་མའི་མུན་ནག་ཏུ། །

རྣམ་དཀར་སྣང་བ་མོག་པོར་བྱས། །

 

དེ་ལྟ་ནའང་ཁྱེད་ཉིད་ཀྱིས། །

སྒྲུབ་པ་ལྷུར་ལེན་ཁོ་ན་ཡིས། །

མདོ་སྔགས་ཐེག་དགུའི་གདམས་ངག་རྣམས། །

ཉམས་ལེན་སེམས་ཉིད་སྙིང་པོར་དྲིལ། །

 

ཁྱིམ་ལ་སྲེག་ཟ་མཆེད་པའི་ཚེ། །

དུ་བ་ཕྱི་ལ་ཐོན་པ་ལྟར། །

ཁྱེད་ལ་ཡོད་པའི་གྲུབ་རྟགས་རིགས། །

སྟོན་པ་འགའ་ལའང་མེད་དོ་སྙམ། །

 

ཆུང་ངུའི་དུས་ན་ལྷ་རྒོད་མཇལ། །

གསང་སྔགས་བསྒྲུབས་པས་ཕུར་པ་མཇལ། །

སེམས་དོན་བསྒོམས་པས་དྲན་པ་མཇལ། །

བོན་རིར་ཕེབས་དུས་ཚེ་དབང་མཇལ། །

 

ཉམས་དང་རྟོགས་པ་ཟླ་མེད་ཅིང་། །

བྱིན་རླབས་ནུས་པ་འགྲན་མེད་པས། །

ལྷ་སྲུང་གཞི་བདག་མི་མ་ཡིན། །

རྟག་པར་བྲན་དུ་ཁྱི་བཞིན་རྒྱུག །

 

སྲིད་པའི་ཕུན་ཚོགས་ལ་དགྱེས་ཤིང་། །

རྙེད་བཀུར་ཕྱོགས་རིས་བློ་ཅན་རྣམས། །

འདི་ཡི་གསེར་ཞལ་མཇལ་བའི་དུས། །

ཡིད་ལ་ཟུག་རྔུའི་རེག་བྱ་སྦྱིན། །

 

བྱིས་པ་ལྟ་བུའི་གཤིས་སྤྱོད་ཀྱི། །

ཚུལ་འཆོས་འབེན་ལ་བསྣུན་པའི་མདས། །

ཟོག་པོའི་རི་བོ་ཕིགས་པའི་ཤུལ། །

དགེ་བྱེད་རྣལ་མའི་ལམ་བུ་མཐོང་། །

 

རྨི་ལམ་བཟང་བ་རྫུ་འཕྲུལ་དུ། །

རློམ་པ་དེང་དུས་ཡོད་མོད་ཀྱང་། །

ཁྱེད་ཀྱིས་དལ་འབབས་གཙང་པོའི་རྒྱུན། །

ཕྱག་གིས་ཐད་ཀར་ངལ་བསོ་མཛད། །

 

བདེར་གཤེགས་སྙིང་པོ་ངག་ནས་བཟློ། །

རིགས་རུས་ཕྱུག་དབུལ་ཡིད་ཀྱིས་གཙོ། །

སྨག་རུམ་ཀློང་གི་ཁོར་ཡུག་ཏུ། །

ཁྱེད་ཀྱིས་བཏེགས་པའི་སྒྲོན་མེ་མང་། །

 

ནང་གི་རྩ་རླུང་དབང་ཐོབ་པས། །

ཕྱི་ཡི་དགུན་གྱི་ཆུ་རས་ལ། །

མེ་ཐིག་ཕོག་པའི་ངོ་མཚར་དེ། །

སོ་སྐྱེའི་མིག་གིས་མངོན་སུམ་གྱུར། །

 

གནམ་ལ་མཆོད་པའི་ནས་འབྲུ་ནི། །

ས་ལ་བབས་པ་མིས་མ་མཐོང་། །

ཁ་བའི་ཐོག་ཏུ་ཕྱིན་པའི་ཚེ། །

ཞབས་རྗེས་མ་དོད་རླུང་དང་འདྲ། །

 

ཐམས་ཅད་དངངས་པའི་ཞེ་སྡང་ཅན། །

མཆེ་བ་རྣོ་བའི་སྒོ་ཁྱི་འགས། །

རིང་བའི་ས་ནས་རྒྱུགས་ན་ཡང་། །

ཉེ་བར་བཅར་ཚེ་འཇའ་ཚོན་བཞིན། །

 

ཐིག་ལེ་ཉག་གཅིག་འཆད་པའི་ཚེ། །

མཁའ་ལ་གཟིགས་ནས་ལུས་པ་ནི། །

ཟབ་མོའི་ཐོག་ཏུ་ཕྱིན་ཕྱིར་དང་། །

བརྗོད་མེད་བརྗོད་པ་ངལ་ཕྱིར་རོ། །

 

སྐབས་འགར་གཞན་ལ་རྗེས་ཟློས་ལས། །

དཀྱུས་མའི་གསུང་ལན་མི་གནང་བས། །

འཇིག་རྟེན་འཁྲུལ་པའི་བྱ་བ་དག །

ཅི་དགར་ཞིག་པ་བྱིས་པ་འདྲ། །

 

སྐལ་ལྡན་ཁག་ཅིག་མཇལ་བའི་ཚེ། །

ཡི་དམ་ཁྲོ་བོའི་གཟུགས་སུ་བཞུགས། །

འབྱུང་འགྱུར་བརྟག་པ་ཞུས་པའི་དུས། །

རྗེན་པར་གཟིགས་པའི་ལྟད་མོ་མང་། །

 

དུས་འགྱུར་རླུང་ནག་ཆེན་པོའི་ཁྲོད། །

དྲང་དོན་ཕྱུགས་རྫིའི་ཆུ་ཟླའི་གཟུགས། །

ངེས་དོན་འོད་དཀར་གཞོན་ནུ་ཡང་། །

ལེ་ལོའི་འཆར་ནུབ་དབེན་ལ་ལྟོས། །

 

དགེ་བའི་ཕྱོགས་སུ་བཀྲི་བའི་ཕྱིར། །

སྡིག་ཅན་མགུ་བའི་བསྔགས་པ་སོགས། །

ཁྱེད་ཀྱི་བཟང་པོའི་གཏམ་རྒྱུད་ཀྱིས། །

སྐྱེ་བོ་ཀུན་ཀ་མཚར་དུ་བརྩི། །

 

ལྷོ་ཕྱོགས་དཔལ་གྱི་ཞིང་ཁམས་སུ། །

ཚེས་པ་བརྒྱད་ལ་ཕེབས་དགོས་ཞེས། །

གདམས་ངག་གནང་བའི་དུས་ཐོིག་ཏུ། །

སྐུ་ལུས་སྟོང་ཆེན་བོན་སྐུར་བསྡུས། །

 

དེ་ཚེ་དགུན་གྱི་གཡུ་འབྲུག་ལྡིར། །

རབ་དཀར་འཇའ་འོད་ཟུག་པ་སོགས། །

ཐུན་མིན་ངོ་མཚར་རབ་མང་བས། །

ཚིག་ཉུང་འདི་ཡིས་བསྡུ་བར་བྱས། །

 

ཆོས་འབགས་གྱོན་པའི་སྤྱི་ཚོགས་སུ། །

ཆོས་ལུགས་རིན་ཐང་མི་ཆེ་མོད། །

དམ་པ་འདི་ལྟ་བྱོན་པའི་ཕྱིར། །

ཆོས་ལ་ཅུང་ཟད་བསམ་པར་རིགས། །

 

དེ་ཕྱིར་གཞན་ལ་ཕན་བདེའི་ཆེད། །

བདག་ཅག་འབད་པ་ཅུང་ཟད་ཀྱང་། །

དོན་ཡོད་ཡིན་པའི་ཡིད་ཆེས་ཀྱིས། །

ཞི་བདེ་རྒྱ་མཚོའི་འགྲམ་ནས་བྲིས།། །།

འབྲེལ་ཡོད་ཀྱིས་བསྐུལ་བ་བརྟེན་ནས་དྲང་སྲོང་རྣམ་རྒྱལ་གྱིས།