མདུན་ངོས། » གསར་རྩོམ། » སྤྱིར་བཏང་། » གཞི་སྙིང་རྗེ་ཆེན་པོའི་རྣམ་བཤད་བློ་གྲོས་འཇུག་པ་ཞིབ་མོའི་གཏམ་ཐུང༌།

གཞི་སྙིང་རྗེ་ཆེན་པོའི་རྣམ་བཤད་བློ་གྲོས་འཇུག་པ་ཞིབ་མོའི་གཏམ་ཐུང༌།

 

བོན་འཁོར་ཚིག་བཞིའི་ནང་ཚན་གཞི་སྙིང་རྗེ་ཆེན་པོའི་རྣམ་བཤད་བློ་གྲོས་འཇུག་པ་

ཞིབ་མོའི་གཏམ་ཐུང༌།

སྒོམ་གྲྭ་མཁན་པོ་ཚུལ་ཁྲིམས་བསྟན་འཛིན།

༧ སྤྲོས་བྲལ་ཡེ་ཤེས་མཁའ་ལ་རྣམ་རོལ་ཞིང༌། བརྩེ་བའི་ཐུགས་རྗེ་ཉི་ཟླའི་དཀྱིལ་འཁོར་རྒྱས། འགྲོ་ཀུན་བློ་མུན་བསལ་བའི་གཉེན་གཅིག་པུ། སྲིད་ཞིའི་གཙུག་བརྒྱན་དམུ་རྒྱལ་སྲས་པོར་འདུད། ༧ སྙིང་རྗེའི་རང་གཟུགས་མཚན་དཔེས་བརྒྱན། ཡིད་འོང་ལེགས་པའི་དཔལ་འབར་བ། བྱམས་མ་ཆེན་མོ་ཁྱོད་ཉིད་ཀྱིས། འགྲོ་ལ་བྱམས་བརྩེའི་དངོས་གྲུབ་སྩོལ། ༧ བྱམས་བརྩེའི་བློ་གྲོས་མི་ཟད་གཏེར། ས་གསུམ་ན་ཡང་འགྲན་ཟླ་བྲལ། ལུས་ཅན་སྡུག་བསྔལ་སྒྲོལ་མཛད་པ། འགྲོ་མགོན་མར་སྟོན་རྒྱལ་གྱུར་ཅིག ༧ ཀུན་བཟང་དགོངས་པ་དཔྱིས་ཕྱིན་པའི། ཡེ་གྲོལ་རྫོགས་ཆེན་ཐུགས་སུ་ཆུད། ལེགས་བཤད་དཔལ་ཡོན་འགྲོ་ལ་སྦྱིན། དྲིན་ཅན་བླ་མ་སྙིང་དབུས་རོལ། ༧ འདི་ན་ཚིག་སྦྱོར་སྙན་འཇེབས་དབེན། སྔར་མེད་ལེགས་བཤད་གསར་པའང་དཀོན། ཐེག་ཆེན་རིགས་ཅན་ཡོད་སྲིད་ན། རིག་པ་སད་པའི་རྐྱེན་འགྱུར་སྙམ། ༧ དེ་ཡང་སྲིད་པ་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་བརྒྱ་པའི་མགོན་པོ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་མཛད་མདོ་འབྲིང་པོ་གཟེར་མིག་ལས། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན། ཞེས་དང། ལྟ་བ་ཡས་ཕུབ་ཅིག སྤྱོད་པ་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ཅིག དོན་དེ་བཞི་དང་ལྡན་པའི་གང་ཟག་རྣམས་ནི་གཤེན་རབས་ལགས་ཏེ། འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་པར་འགྱུར་རོ། ཞེས་གསུངས་པས་འཇིག་རྟེན་གྱི་ཁམས་འདིར་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་རྣམ་མཁྱེན་སྟོན་པ་རྒྱལ་བ་གཤེན་རབ་མི་བོས་ནང་དོན་སྙིང་པོ་ཐུན་མོང་མ་ཡིན་པའི་བརྡ་ཆད་བོན་འཁོར་ཚིག་བཞི་སྟེ་ལྟ་བ་ཡས་ཕུབ་དང༌། སྤྱོད་པ་མས་འཛེགས། གཞི་སྙིང་རྗེ་ཆེན་པོ། ཐབས་ཕ་རོལ་ཕྱིན་པ་ཏེ་ཐེག་པ་ཆེན་པོ་ཕྱི་མདོ་ཡི་བོན་དང༌། ཏིང་འཛིན་རྣམ་གསུམ་གྱིས་ཁོག་ཕུབ་སྟེ་ཡི་དམ་གྱི་སྐུ་སྒྲུབ་བྱེད་རིམ་གཉིས་ཀྱིས་བསྡུས་པའི་ནང་གསང་སྔགས་ཀྱི་བོན་དང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་བློ་འདས་ཡེ་གྲོལ་རྫོགས་པ་ཆེན་པོ་འོད་གསལ་ལྷུན་གྱིས་གྲུབ་པའྀ་ལྟ་བས་ཆིངས་བཅིངས་ཏེ་ཚེ་གཅིག་ལུས་གཅིག་ལ་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་འཇའ་ལུས་འཕོ་བ་ཆེན་པོའི་གོ་འཕང་དངོས་སུ་སྒྲུབ་བྱེད་གསང་བ་ཡང་རྩེ་བླ་ན་མེད་པའི་བོན་ཏེ་མདོ་སྔགས་རྫོགས་གསུམ་གྱི་ཉམས་ལེན་ཡོངས་སུ་རྫོགས་པ་བསྟན་ཡོད་པ་དང༌། འཛམ་གླིང་ས་མཐོའི་སྒང་བོད་གངས་ཅན་ལྗོངས་སུ་རྒྱལ་པོ་གཉའ་ཁྲི་ཡབ་སྲས་ནས་བཟུང་སྙིང་རྗེ་ཚད་མེད་ཀྱི་གཞི་བཟུང་སྟེ་རིས་སུ་མ་ཆད་པའི་འགྲོ་བ་ཡོངས་ལ་ཕན་སེམས་བསྐྱེད་པ་དང༌། དད་མོས་གུས་པས་གཞི་བཟུང་སྟེ་དཀོན་མཆོག་གསུམ་མམ་ཡུལ་མཆོག་རྣམ་བཞི་ལ་སྐྱབས་སུ་འགྲོ་བ་སོགས་ནི་གངས་ཅན་པ་རྣམས་ཀྱིས་ཉམས་ལེན་གྱི་མཐིལ་བཟུང་སྟེ་ད་ལྟའི་བར་དུ་གནས་ཡོད་པ་ནི་ཀྱག་ཀྱོག་དང་གྱ་གྱུའི་ལམ་ནས་ཕྱིན་པ་མ་ཡིན་པར་བློ་གྲོས་ཀྱི་སྤྱན་ལྡན་རྣམས་ཀྱིས་རྒྱལ་རབས་དང་ལོ་རྒྱུས་ཁུངས་མ་རྣམས་ལ་བལྟས་པ་ཙམ་གྱིས་མཁྱེན་ཐུབ་པ་འདུག ད་ལམ་འདིར་བོན་འཁོར་ཚིག་བཞིའི་ནང་ཚན་གཞི་སྙིང་རྗེ་ཆེན་པོའི་དོན་རགས་ཙམ་ཞིག་འཆད་པར་སྤྲོ་བས། དེ་ཡང་ཐོག་མར་འགྲོ་བ་གང་ཞིག་ཡིན་རུང་དེའི་རྒྱུད་ལ་སྡུག་བསྔལ་གྱིས་མནར་ཚུལ་ལེགས་པར་ཤེས་དགོས། དེ་ཤེས་ནས་རང་རྒྱུད་ལ་མྱོང་བའི་སྡུག་བསྔལ་ལ་དཔག་ཏེ་གཞན་རྒྱུད་ཀྱི་སྡུག་བསྔལ་ལ་མི་བཟོད་པའི་ཚོར་སྣང་དྲག་པོ་ཞིག་འབྱུང་དགོས། དེ་དག་འགྲོ་བ་རེ་འགའ་ཙམ་མ་ཡིན་པ་ཕྱོགས་དང་རིས་སུ་མ་ཆད་པའི་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་དེ་འཕྲལ་དུ་འབྲལ་འདོད་ཀྱི་བློ་ངང་ངམ་ཤུགས་ཀྱིས་སྐྱེ་ཐུབ་པ་ཞིག་དགོས། དེས་ན་རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་དམིགས་ཏེ་སྡུག་བསྔལ་གྱི་གཡང་ས་ལས་་སྒྲོལ་འདོད་ཀྱི་བློ་བཅོས་མིན་གྱི་མྱོང་བ་ཐོན་པ་ཞིག་ལ་གཞི་སྙིང་རྗེ་ཆེན་པོ་ཞེས་བརྗོད། དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་བྱང་ཆུབ་སེམས་ཀྱི་འབྱུང་ཁུངས་ཏེ་དཔེར་ན་མྱུ་གུ་ལ་ལྟོས་ཏེ་ས་བོན་ལྟ་བུ་ཞིག་ཡིན། འགྲོ་བ་གཞན་ལ་བྱམས་དང་སྙིང་རྗེས་ཀུན་ནས་བླངས་པའི་ཕན་སེམས་ནི་རང་གཞན་ཀུན་ལ་བདེ་བ་དང་ལེགས་པའི་ཕུན་ཚོགས་ཐམས་ཅད་འབྱུང་བའི་རྩ་བ་ཞིག་ཀྱང་ཡིན། བླང་དོར་གྱི་གནད་ལ་མཁས་ཤིང་ལེགས་ཉེས་ཀྱི་བྱ་བ་ལ་མ་རྨོངས་པའི་བློ་གྲོས་ཅན་རྣམས་ནི་ཅི་སྨོས། ཐ་ན་དུད་འགྲོ་ཚུད་ཆད་བདེ་བར་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པ་རང་ཉམས་ལ་དཔག་ན་ཆེས་གསལ་པོར་མཐོང་མོད། དེ་ཡང་འཁོར་མཚོར་འཁྱམ་པའི་འགྲོ་བ་ཀུན་ལ་བདེ་བས་ཤིན་ཏུ་དབུལ་ཞིང་བདེ་བ་འབྱུང་བའི་རྒྱུ་དགེ་བ་ཚུལ་བཞིན་སྒྲུབ་པ་ཤིན་ཏུ་དཀོན། བྱམས་སྙིང་རྗེས་ཟིན་པའི་དགེ་བ་བསྒྲུབ་དགོས་པ་ནི་ཤིན་ཏུ་གལ་གནད་ཆེ་ལ་དེ་མིན་གྱི་དགེ་བས་གནས་སྐབས་མངོན་མཐོའི་ལེགས་ཚོགས་ཙམ་ཞིག་འབྱིན་ནུས་མོད་ཀྱང༌། མཐའ་ཡས་པའི་འགྲོ་བ་ཀུན་ལ་ཕན་པ་ཆེན་པོ་བྱ་མི་ནུས། མ་གྱུར་འགྲོ་བ་ཀུན་ལ་ཕན་གདགས་ཆེན་པོ་ཞིག་དགོས་ན་བློ་ཡི་གཏད་སོ་བྱམས་སྙིང་རྗེའི་ཉམས་ལེན་ཞིག་འཁྱེར་བ་ངེས་པར་དུ་དགོས། མ་ཟད་འཇིག་རྟེན་པའི་ནང་དུ་ཡང་བྱམས་སྙིང་རྗེ་དང་ཕན་སེམས་ཆེ་བའི་མི་ཞིག་ཡོད་ན་དེ་ནི་མི་དམངས་ཀུན་གྱིས་བསྐུར་བར་འོས་པ་དང༌། ཀུན་གྱི་དཔོན་དུ་འགྱུར་བ། ཐམས་ཅད་ལ་ཕན་གདགས་ནུས་པ་དང༌། དེ་འདྲའི་ཕན་སེམས་མེད་པའི་ཞེ་སྡང་དང་ཁོང་ཁྲོས་རྒྱུད་དཀྲུགས་པའི་མི་ནི་ཐམས་ཅད་ལ་ཕན་ཐོག་ཡོད་པ་ཕར་བཞག རང་གི་ནང་མི་ཕན་ཚུན་དབར་ལ་རྙོགས་འཛིང་བཟོས་ཏེ་འདུག་མི་བདེ་བ་འཐོར་ཞིག་གཏོང་བའི་ཉེས་ཁ་ཡོད། འགྲོ་བ་ཀུན་གྱི་མགོན་སྐྱབས་ཏུ་གྱུར་པ་དང༌། ལུས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ནུས་པ་ནི་ཡང་དག་པ་རྫོགས་པའི་སངས་རྒྱས་ལས་གཞན་སུའང་མེད་ལ་རྫོགས་པའི་སངས་རྒྱས་ནི་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་ལས་བྱུང་བ་སྟེ། སྡུད་པ་ཚིགས་སུ་བཅད་པ་ལས། བསམ་པ་བཟང་པོ་གསེར་འདྲ་འཆང་བ་དེས། རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། ཞེས་གསུངས་སོ། བྱམས་དང་སྙིང་རྗེ་ནི་བདེ་བ་དང་ལེགས་པའི་རྩ་བ་ཡིན་པ་མ་ཟད་ཐེག་པ་ཆེན་པོ་ཞེས་པའི་མཚན་གདགས་གཞི་ཡང་འདི་ཉིད་ཡིན་ལ་དགྲ་གཉེན་རྒྱུ་མཚན་དུ་བྱས་ཏེ་ཆགས་སྡང་གིས་རིས་སུ་བཅད་པ་མ་ཡིན་པ་མ་གྱུར་འགྲོ་བ་ཀུན་ལ་བྱམས་སྙིང་རྗེའི་ཁུར་འཁྱེར་ཐུབ་ན་ཐེག་པ་ཆེན་པོའི་ཁོངས་སུ་ཚུད་པ་ཡིན། ཆགས་སྡང་གི་རིས་སུ་བཅད་པའི་བྱམས་པ་དང་སྙིང་རྗེ་ཙམ་སྤྱིར་བཏང་གི་སྐྱེ་བོ་ཚང་མ་ལའང་ཡོད་ལ། གཞན་དོན་ཁུར་དུ་ལེན་མི་ནུས་པའི་སྙིང་རྗེ་ཐེག་དམན་ལའང་ཡོད་པར་བཤད་དོ། འགྲོ་བ་གཞན་གྱི་ཕན་བདེ་བསྒྲུབ་པའི་ཆེད་དུ་རང་དོན་ཡལ་བར་དོར་ཐུབ་པའི་སྙིང་རྗེའམ་གཞན་གྱི་དོན་དུ་སྡུག་བསྔལ་དང་དུ་ལེན་ནུས་པའི་སྙིང་རྗེ་ནི་ཐེག་ཆེན་ཁོ་ནའི་སྤྱོད་ཡུལ་ལས་གཞན་དུ་མི་སྲིད་དོ། གལ་ཏེ་དེ་འདྲའི་སྙིང་རྗེ་དང་མི་ལྡན་པར་ང་ཐེག་ཆེན་པ་ཡིན་ཞེས་ཁས་འཆེ་བ་ཙམ་གྱིས་ཐེག་པ་ཆེན་པོའི་ཁོངས་སུ་མི་ཚུད་དེ། རྫོགས་ཆེན་ལུང་དྲུག་ལས། ཐེག་ཆེན་མིན་པར་ཐེག་ཆེན་ཁས་ལེན་བྱེད། བོང་བུས་རྒྱལ་ས་བཟུང་ཡང་ཟིན་པར་མི་འགྱུར་རོ། སེང་གེའི་ལྤགས་པས་བོང་བུ་བཏུམ་པ་འདྲ། ཞེས་གསུངས། དེས་ན་མདོ་སྔགས་སེམས་གསུམ་གྱི་བོན་སྒོ་གང་ལ་ཞུགས་ཀྱང་ཤིན་ཏུ་དགོས་གལ་ཆེ་བ་ནི་བྱམས་སྙིང་རྗེ་ཡིན་ཏེ། དེ་མེད་ན་གཞན་ལ་ཕན་ཐོག་གང་ཡང་བྱ་མི་ཐུབ་ལ་རང་གི་འབད་པ་དུ་མས་སྒོ་གསུམ་རྡུལ་དུ་བརླག་སྟེ་དགེ་བའི་ཕྱོགས་ལ་ཞུགས་ཀྱང་འབྲས་བུ་མཐོ་ན་ཉན་རང་དགྲ་བཅོམ་ཙམ་ལས་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་གཏན་ནས་མི་སྲིད། དེ་ལ་དགོངས་ནས་བླ་ཆེན་དྲན་པས། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། རང་དོན་ཞི་བདེ་ཐོབ་འདོད་ལས་བློ་ལྡོག་དགོས། ཞེས་དང༌། བྱམས་མ་འབུམ་ལྔ་ལས། སྙིང་རྗེས་རང་དོན་ཞི་བདེ་སྤངས། ཞེས་གསུངས། གཞན་ལ་ཕན་པ་བསྒྲུབ་མ་ཐུབ་ནའང་རང་ཉིད་སྡུག་བསྔལ་ཐམས་ཅད་ལས་གྲོལ་ན་དེས་ཆོག་ཡིན་བསམ་མཁན་ཡོད་སྲིད་ཀྱང༌། དེ་ནི་དཔེར་ན་ཁྱོད་རང་གི་ཕ་མ་དང་བུ་ཚ་སོགས་ཉེ་འཁོར་ཐམས་ཅད་ཤིན་ཏུ་ཉམས་ཐག་པའི་སྡུག་བསྔལ་གྱིས་མནར༌། ན་ཚ་དྲག་པོས་གདུངས་ཏེ་ཉ་མོ་བྱེ་ཚན་དུ་བཞག་པ་ལྟར་གྱུར། ཁྱོད་རང་སྣང་བ་སྐྱིད་པོའི་སྒོ་ནས་གང་འགར་འཁྱམ་བསྡད་པ་ལྟ་བུ་ཡིན་པས་བློ་བདེ་བག་ཕེབས་ཤིག་ཡོང་ངམ་མི་ཡོང་བསམ་བློ་ལེགས་པར་གཏོང་དགོས། དུས་རྒྱུན་སྤྱི་ཚོགས་ཀྱི་ནང་དུ་མི་དེར་གཞན་ལ་ཕན་སེམས་ཡོད་ན་མི་བཟང་པོའི་གྲལ་དང་དེ་མེད་ན་ངན་པར་བརྩི་བ་མཐོང་ཆོས་ལྟར་ཤེས་དགོས། མེ་སྟོན་ཆེན་པོའི་ཞལ་ནས། བྱམས་དང་སྙིང་རྗེ་ཆེན་པོ་ནི། ཀུན་གྱི་གཞི་གྱུར་བསྒོམ་པར་བྱ། ཞེས་གསུངས་པས་ཐར་པ་དང་བདེ་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་སྤྱོད་རྒྱུའི་བོན་ཐེག་ཆེན་གྱི་གཞུང་ཡིན་པ་དང་སྙིང་རྗེ་སོགས་ཀྱི་གོ་དོན་ཤེས་ཙམ་གྱིས་ཆོག་ཤེས་མི་བྱེད་པར་བྱམས་སྙིང་རྗེ་སེམས་རྒྱུད་ལ་གོམས་པ་གལ་ཆེ་བས་ཐོག་མར་འབད་པ་དང་ནུས་པ་ཡོངས་སུ་རྫོགས་པ་དེའི་ཐོག་ལ་སྒྲིལ་ཏེ་བསྒོམ་དགོས་པས། དེ་ཡང་སྙིང་རྗེ་ལ་བློ་སྦྱོང་བའི་ཚུལ་ནི། སུམ་བརྒྱ་པ་ལས། སྙིང་རྗེ་འགྲོ་རྣམས་མཐུན་ཕྱོགས་ཤེས་ལས་འབྱུང༌། ཞེས་གསུངས་པས་རང་རེ་རྣམས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བའི་གནས་སུ་ཟོ་ཆུ་བཞིན་དུ་བརྒྱུད་མར་འཁོར་བ་དང༌། སྲིད་པའི་རྩེ་མོ་མན་ཆད་ནས་ན་རག་དམྱལ་ཁམས་ཡན་ཆད་ལ་སྐྱེ་བ་གྲངས་མེད་པ་ཞིག་ལེན་མྱོང༌། དེ་ཡང་རེ་འགའ་ཙམ་མ་གཏོགས་སྐྱེ་བ་ནམ་བླངས་པའི་ཚེ་ན་ངེས་པར་ཕ་མ་ལ་བརྟེན་ནས་སྐྱེས་པ་དང༌། ཕ་མ་གཅིག་ཁོ་ནས་མ་ངེས་པར་སེམས་ཅན་ཐམས་ཅད་ཕ་མ་རེས་མོས་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་ཕ་མར་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་པར་ཤེས་དགོས། དྲང་དོན་མུན་སེལ་སྒྲོན་མ་ལས། བདག་ནི་གནས་ངན་སྣ་ཚོགས་བརྒྱུད་པ་ཡིས། འགྲོ་དྲུག་ཕ་དང་མ་རུ་མ་གྱུར་གཅིག་མ་མཆིས། སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ལ། ཞེས་གསུངས། སེམས་ཅན་ཐམས་ཅད་ཕ་མར་ཤེས་དགོས་པའི་རྒྱུ་མཚན་ནི་ཡིད་འོང་སྒྲུབ་བྱེད་ཡིན་པས་རང་རེས་ད་ལྟ་སེམས་ཅན་འགའ་ཞིག་ལ་དམིགས་ནས་འདོད་ཆགས་སྐྱེ། འགའ་ཞིག་ལ་ཞེ་སྡང་ལང༌། འགའ་ཞིག་བཏང་སྙོམས་སུ་འདོར་བ་ནི་་ཡིད་དུ་འོང་བ་དང༌། མི་འོང་བ། བར་མའི་རྐྱེན་གྱིས་ཡིན་ལ། དེ་ཡང་གཉེན་རྣམས་བྱམས་སེམས་ཡང་ཡང་སྐྱེ་བ་དེ་ཡིད་དུ་འོང་བ་མཐོང་ནས་ཡིན་ལ་ཡུལ་དེ་ཆེས་ཡིད་དུ་འོང་བ་དེ་ཙམ་གྱིས་བྱམས་སེམས་ཀྱང་ཆེ་བར་འབྱུང་ལ། དགྲ་ལ་ཞེ་སྡང་ཡང་ཡང་སྐྱེ་བ་དེ་ཡིད་དུ་མི་འོང་པས་ལེན་པ་ཡིན། གཉེན་གྱི་མཆོག་ནི་མ་ཡིན་པས་ཐོག་མར་རྒྱུ་མཚན་དུ་མ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཡིད་དུ་འོང་བ་མ་ལྟ་བུ་ཞིག་བསྒྲུབ་དགོས། དེ་ལྟར་སེམས་ཅན་ཐམས་ཅད་མར་མ་གྱུར་པ་གཅིག་ཀྱང་མེད་པར་ཤེས་པ་ཙམ་གྱིས་མི་ཆོག་པ་མ་ཡི་དྲིན་དྲན་ཏེ་ཡིད་འོང་གི་བྱམས་པ་འདྲེན་ཐུབ་པ་ཞིག་འབྱུང་དགོས། དེ་ཡང་འདི་ལྟར་ད་ལྟའི་མ་ལ་དཔེར་མཚོན་ན་རང་རེ་བར་དོའི་རྣམ་ཤེས་འཁྱམ་པོ་བ་ཞིག་ཕ་མའི་འདུ་འཕྲོད་དཀར་དམར་གྱི་ཉེ་ལེན་ལ་བརྟེན་ནས་ཉིང་མཚམས་སྦྱར་བ་ནས་བཟུང་མ་དེ་ལ་རོ་མཆོག་ཟས་ཀྱི་དང་ཁ་གཏིང་ནས་ལྡོག ལུས་པོའི་སྟོབས་དང་ཤེད་ཐམས་ཅད་བྲི། ཤ་ཤོར་མདོག་ལོག མགོ་ཡི་སྐྲ་བྱི། སྔར་ཡང་ཞིང་གཡོ་བའི་ལུས་དང༌། གསལ་ཞིང་དང་བའི་རིག་པ་ནི་རང་རེ་མ་ལྟོ་ན་འཁྲས་ཙམ་གྱིས་ལུས་ལྕི་བ་ཕ་བོང་གདོས་བཏགས་དང༌། སེམས་འཐིབ་པ་དབྱར་གྱི་ཤེ་མུན་ལྟར་གྱུར་ཏེ་སྡུག་བསྔལ་ཚད་མེད་པས་མནར་ཡང༌། ད་དུང་སྐྱོ་སུན་དང་ངལ་དུབ་ཏིལ་འབྲུ་ཙམ་ཡང་མེད་པར་བུ་སྐྱེ་རྒྱུ་ཡོད་པའི་དགའ་ཚོར་གྱིས་ལུས་ལ་གཏེར་བཞིན་བཅང་ནས་དཀའ་བ་ཆེད་དུ་བསད་སྡུག་བསྔལ་སྣ་ཚོགས་དང་དུ་བླངས་པས་མ་དེ་དྲིན་ཤིན་ཏུ་ཆེ། ཕྱིར་བཙས་པ་ན་ཡིད་དུ་མི་སྡུག་པ་ལྟས་ངན་ཐན་བུ་དང་འདྲ་བ་ལ་མ་དེས་ཁོག་པའི་སྙིང་ལྟར་གཅེས་པ། ཤི་ཡི་དྭོགས་ནས་ནུ་ཞོ་ཁར་བླུགས་ལུས་དྲོད་ལ་བཅར། གཅེས་པའི་ཚད་ཁ་ལུད་ལྕེས་འཇིབ། མི་གཙང་པ་ལག་པས་ཕྱི། དེ་ནས་ཆེར་སོང་བ་ན་གོས་འཇམ་པོ་དང་དྲོད་པོས་གཡོག གདའ་མངར་ཟས་ཀྱིས་གསོས། ཆུང་བ་ཐན་བུ་དང་འདྲ་བ་དེ་ཆེ་བ་གཡག་ཙམ་ཞིག་བསྐྱེད། མ་མོ་རང་ན་བ་དང་ཤི་བ་ལས་ཀྱང་བུ་ན་བ་དང་ཤི་བ་ལ་སྡུག་བསྔལ་ཆེ། དེར་མ་ཟད་བུ་དེ་རྒུད་ཀྱིས་དྭོགས་པའི་དབང་གིས་སྲོག་བཅད་པ་དང་མ་བྱིན་པ་བླངས་པ། གཡོ་སྒྱུ་ཟོར་ཟོག་ཕྲ་མ་རྫུན་སོགས་མི་དགེའི་ལས་ཇི་སྙེད་ཅིག་བསགས་པ་ཐམས་ཅད་བདག་ཉིད་བུ་ལེགས་སུ་འགྲོ་བའི་ཆེད་དུ་བྱས་པས་མ་ངན་སོང་དུ་གཏོང་མཁན་བུ་མ་གཏོགས་གཞན་སུ་དགོས། མ་དེའི་སེམས་ལ་སྐད་ཅིག་ཙམ་ཞིག་བུ་དེ་ལ་མངན་སེམས་དང་གདུག་སེམས་ལོག་ལྟ་སོགས་བྱེད་མ་མྱོང་བ་མ་ཟད། ཤེས་དགུ་དྲན་བཅུའི་ཐབས་སྣ་ཚོགས་ཀྱིས་བུ་ལེགས་སུ་འགྲོ་བ་ལ་འབད། ཤ་ཁྲག་ས་རྡོ་ལ་བསྐུས་ལུས་སེམས་རྡུལ་དུ་བརླགས་ནས་བསགས་པའི་གཅེས་ཤིང་དམར་བའི་ནོར་རྫས་ཀྱང་མ་མོ་རང་གིས་ལོངས་སུ་སྤྱོད་མི་བྲ་བ་བུའི་ཆེད་དུ་གཏོང༌། དེ་འདྲའི་དྲིན་གྱིས་བསྐྱངས་བ་ད་ལན་ཙམ་མ་ཡིན་པ་མ་བྱས་པ་ལ་གྲངས་ཀྱིས་མི་ལོངས༌། ནམ་མ་བྱས་པའི་དུས་ན་དྲིན་ཆེ་བ་དེ་ལྟར་ཡིན་པ་གདོང་མི་ཟ་བས་མ་ལས་དྲིན་ཆེ་བ་གཞན་སུ་ལའང་མེད། དེ་འདྲའི་ཚུལ་སེམས་ལ་ངེས་ཤེས་མ་རྙེད་བར་བརྩོན་འགྲུས་བསྐྱེད་དེ་སྦྱོང་དགོས། ཁ་ཙམ་ཚིག་ཙམ་མ་ཡིན་པ་མ་དེ་དྲིན་ཆེ་ཚུལ་ལ་ངེས་ཤེས་བརྟན་པོ་རྙེད་ན་དྲིན་ལན་གཟོ་བ་ངང་ངམ་ཤུགས་ཀྱིས་འབྱུང་བས་མ་རྒན་འདིའི་དྲིན་ལན་མི་གསོབ་པ་བདག་བུ་གང་དགར་བྱེད་པ་ནི་དེ་ལས་སྡུག་ཅག་དང་ཁྲེལ་མེད་ངོ་ཚ་མེད་པ་གཞན་སུ་ལའང་མེད་པས་ཅི་ནས་ཀྱང་མ་རྒན་འདིའི་དྲིན་ལན་གསོབ་དགོས་པ་འདུག་སྙམ་པ་ཡང་ཡང་བྱ། དེ་ཡང་བླ་ཆེན་དྲན་པས། ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་བདག་གི་མ། མ་ཡི་དྲིན་བཞག་སུས་ཀྱང་མི་འཁོར་ཏེ། ཞེས་གསུངས་པས་དཔེར་ན་མ་ལག་མཐིལ་དུ་བཞག་ནས་རི་རབ་བསྐོར་བ་དང༌། སྤྱི་གཙུག་ཏུ་བཞག་ནས་སུམ་བཅུ་རྩ་གསུམ་འདོད་པ་ཀུན་ཚང་བའི་གནས་སུ་བསྐྱལ་བ་དང༌། འཛམ་གླིང་ནས་ཞིམ་དགུ་བཙལ་ཏེ་གསོས་པ་དང༌། སྟོང་གསུམ་གསེར་གྱིས་བཀང་ནས་མ་ལ་ཕུལ་ཡང་མ་ཡི་དྲིན་ལན་འཁོར་ཐབས་མེད། འོ་ན་མ་ཡི་དྲིན་ལན་གང་གིས་གཟོ་ནུས་ཞེ་ན། བྲུ་རྒྱལ་བ་རིན་པོ་ཆེའི་ཞལ་ནས། དེས་ན་དེ་དག་གི་དྲིན་གང་གིས་ཀྱང་མི་འཁོར་བ། སེམས་བསྐྱེད་པས་འཁོར་བས། ཞེས་གསུངས་པས་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱིས་མ་ཡི་དྲིན་ལན་འཇལ་ནུས་པ་ཡིན་པས་དང་པོར་ཚེ་འདིའི་མ་ལ་དམིགས་ཏེ་སྙིང་རྗེ་འདི་ལྟར་བསྒོམ་དགོས་ཏེ་མ་དེའི་རྣམ་པ་གསལ་པོར་བློ་ཡུལ་དུ་དྲན་པར་བྱ་ལ། དེ་ལ་བདེ་བས་འཕོང༌། སྡུག་བསྔལ་གྱིས་མནར། སྐྱེ་རྒས་ན་འཆིས་བསྣན། སྐྱབས་དང་དཔུང་གཉེན་གྱིས་དབེན། ཡང་དག་དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་ནི་དཀོན། ད་ལྟ་མཐོ་རིས་ཀྱི་བདེ་བ་ཙམ་ཞིག་ཡོད་སྲིད་ནའང༌། ངན་སོང་གི་རྒྱུ་ལ་དངོས་སུ་ཞུགས་པས་མ་འོང་པར་ངན་སོང་གི་སྡུག་བསྔལ་ཚན་པོ་ཆེས་གདུང་ངེས་པས་མ་རྒན་འདི་སྙིང་རེ་རྗེ་སྙམ་པ་མྱོང་བ་མ་ཐོན་བར་དུ་བྱ་བ་གལ་ཆེ། དེ་ནས་ལས་ཀྱི་འབྲེལ་བའི་ཕ་ལས་སོགས་པ་ཁྱིམ་ནང་གི་གཉེན་དང༌། གནས་ཀྱི་འབྲཻལ་བའི་ཡུལ་མི་རྣམས་ལ་དམིགས་ནས་གོང་ལྟར་ཁ་ཙམ་ཚིག་ཙམ་མ་ཡིན་པ་སྙིང་རེ་རྗེ་སྙམ་དུ་བསམ། དེ་ནས་སྡང་བའི་དགྲ་བོ་རྣམས་ལ་དམིགས་ནས་ད་ལྟ་རང་གཞན་ཐམས་ཅད་ལ་མ་རིག་པ་དང་མངལ་གྲིབ་ཀྱིས་སྒྲིབས་ནས་ཧ་མ་གོ་མ་ཤེས་པའི་དབང་གིས་ཕན་ཚུན་གཅིག་གིས་གཅིག་ལ་འཕྲལ་དུ་གནོད་པ་ཅུང་ཟད་བྱས་པ་དེ་རྒྱུ་མཚན་དུ་བཟུང་ནས་དགྲར་བལྟ་ཞིང་གནོད་འཚེའི་རྒྱུན་མཐུད་པ་མ་གཏོགས་འདི་རྣམས་ཚེ་རབས་སྔོན་མར་རང་གི་མ་གྲངས་མེད་པ་བྱས་ཟིན། མ་ནམ་བྱས་པའི་དུས་སུ་ད་ལྟའི་མ་ནང་བཞིན་དྲིན་ཆེན་པོ་ཤ་སྟག་སྟེ་འདི་རྣམས་སྙིང་རྗེའི་ཡུལ་དུ་མི་གཟུང་ཁ་མེད་ཡིན་བསམ་ནས་གནོད་སེམས་དང་གདུག་སེམས་ཞི་བའི་ཐབས་ལ་འབད་དེ་སྙིང་རྗེ་བསྒོམ། དེ་ལྟར་རྒྱ་ཇེ་ཆེར་གཏོང་ལ་གླིང་བཞི་གླིང་ཕྲན་གྱི་མི་རྣམས་དང༌། རིགས་དྲུག་ཁམས་གསུམ་གྱི་སེམས་ཅན་ལ་རིམ་བཞིན་དམིགས་ནས་འདི་རྣམས་ཐམས་ཅད་རང་གི་ཕ་མ་དང་ཉེ་འབྲེལ་མ་བྱས་པ་གཅིག་ཀྱང་མེད་དྲིན་ཆེན་པོ་ཤ་སྟག་ཡིན་འདི་རྣམས་སྡུག་བསྔལ་གྱིས་མནར་བདེ་བས་འཕོངས་པ་ནི་སྙིང་རེ་རྗེ་སྙམ་པ་ཡང་ཡང་བྱ་ལ་སྙིང་ཁུངས་རུས་པའི་སྦུགས་ནས་གཟེར་ཟུག་གི་ཚོར་སྣང་མི་པཟོད་པ་ལྟ་བུ་མ་སྐྱེས་བར་དུ་བསྒོམ་པ་གལ་ཆེ། དེ་ལྟར་དང་པོ་རྩ་བའི་མ་ལ་སྙིང་རྗེ་བསྒོམ་དེ་ནས་ཁྱིམ་གྱི་མི་ནས་རིམ་བཞིན་རྒྱ་ཇེ་ཆེར་བསྐྱེད་དེ་མཐར་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་སྙིང་རྗེ་བསྒོམ་ཚུལ་འདི་ནི་བླ་ཆེན་པོ་དྲན་པ་ནམ་མཁའི་ཕྱག་ལེན་ཡིན་པས་ཤིན་ཏུ་ཟབ་ཅིང་གལ་གནད་ཀྱང་ཆེ་བར་འདུག་སྟེ་བྱམས་སྙིང་རྗེ་གང་བསྒོམ་ཡང་སེམས་ཅན་བྱེ་བྲག་པ་རེ་རེ་ནས་དམིགས་ཏེ་བསྒོམ། མཐར་འགྲོ་བ་ཐམས་ཅད་དམིགས་ཡུལ་དུ་བཟུང་སྟེ་མ་བསྒོམ་པར་དང་པོ་ནས་འགྲོ་བ་སྤྱི་ལ་དམིགས་ཏེ་བསྒོམ་ན་སྙིང་རྗེ་སྐྱེ་བ་ལྟར་ཡང་གཏན་པོར་ཡོང་བ་དཀའ་བར་སྣང༌། མཛད་མདོ་རྒྱས་པ་ལས། འགྲོ་ལ་སྙིང་རྗེ་དཔག་མེད་བསྐྱེད། བྱམས་པ་བུ་གཅིག་མ་ཡི་ཚུལ། ཞེས་དང༌། དྲང་དོན་མུན་སེལ་སྒྲོན་མ་ལས། བདག་ནི་གནས་ངན་སྣ་ཚོགས་བརྒྱུད་པ་ཡིས། འགྲོ་དྲུག་ཕ་དང་མ་རུ་མ་གྱུར་གཅིག་མ་མཆིས། སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ལ། སྙིང་རྗེ་བྱམས་དགའ་བཏང་སྙོམས་རྩེ་གཅིག་བསྒོམ། དེ་ལ་བརྟེན་ནས་ལྷག་པའི་བྱང་ཆུབ་སེམས་ཀྱང་སྐྱེ། ཞེས་དང། མདོ་ལེའུ་བརྒྱད་པ་ལས། སྙིང་རྗེ་ཡང་དག་རྒྱུད་ལ་སྐྱེས་གྱུར་ན། བྱམས་དགའ་བཏང་སྙོམས་གཅིག་གིས་གཅིག་བསྐྱེད་འབྱུང༌། ཞེས་གསུངས་པས་དེ་ལྟར་སྙིང་རྗེ་ཆེན་པོའི་དོན་ལ་བློ་ཡང་ཡང་སྦྱོང་པས་མཐར་སྙིང་རྗེའི་རྣལ་འབྱོར་ལ་བཅོས་མིན་གྱི་མྱོང་བ་ཐོན་ནས་སྙིག་རྗེ་ཆེན་པོས་ཡིད་འཕྲོག་པ་ཞིག་བྱུང་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་འདམ་ལས་འདོན་ཞིང་བདེ་བའི་སྐམ་སར་འགོད་པའི་ཆེད་དུ་ངེས་པར་དམ་འཆའ་ཞིང་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་སྒྲོལ་བའི་ཁུར་འཁྱེར་བ་དང༌། སེམས་ཅན་ཐམས་ཅད་ལ་བདེ་བ་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་ན་བདག་རེ་སྐྱིད་སྙམ་པའི་དགའ་བ། བདག་གཞན་ཕྱོགས་རིས་བྲལ་བའི་བཏང་སྙོམས་ཆེན་པོ་རྣམས་ངང་ངམ་ཤུགས་ཀྱིས་འབྱུང༌། ཕ་གསོད་ཀྱི་ཤན་པ་དང་འཕྲད་ཀྱང་བྱམས་སྙིང་རྗེའི་འཆི་མ་འཆོར། སྡུག་བསྔལ་ཆེན་པོས་མནར་བའི་འགྲོ་བ་མཐོང་ཚེ་མི་བཟོད་པའི་གཟེར་ཟུག་གིས་སྙིང་རྩ་འདར། ཞེ་སྡང་དང་ཁོང་ཁྲོའི་རྩ་བ་ཆོད། དགྲ་ཐམས་ཅད་རང་བརླག་ཏུ་འགྲོ། འདྲེ་གདུག་པ་ཅན་རྒྱལ་འགོང་ལས་སོགས་པ་རང་བཞིན་གྱིས་འཐུལ། དགེ་བ་ཅི་བྱས་སྟོབས་ཆེ། བྱ་བ་ཅི་མཛད་འགྲོ་བ་ལ་ཕན་ཐོག མ་ནུས་སེམས་ཅན་རྣམས་སྐྱོབ་པར་ནུས། སངས་རྒྱས་དང་སེམས་དཔའི་ཐུགས་དགྱེས། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུས་མགོན། ནག་ཕྱོགས་སྡེ་བརྒྱད་ཀྱིས་གནོད་འཚེ་མི་ནུས། ཕ་རོལ་གདུག་སེམས་ཅན་གྱིས་ངན་སྨྲ་དང་གདོན་མཆུ་སོགས་གང་བྱས་ཀྱང་ངེས་པར་བཟོད་པ་དང་ལྡན་ཞིང་སྙིང་རྗེའི་ཆུ་རྒྱུན་འབེབ་ཅིང་ཕན་ཐོག་གི་བསམ་པ་ཁོ་ནར་ལྷུར་བཞེས་ཏེ། རྣམ་རྒྱལ་གཏོར་མའི་སྨོན་ལམ་ལས། སེམས་ཅན་མི་སུན་གང་ཞིག་གིས། བདག་ལ་ཇི་སྲིད་གནོད་བྱས་ཀྱང༌། བསམ་ངན་སྦྱོར་བ་མ་ཡིན་པ། སླར་ཡང་དེ་ལ་ཕན་ཐོག་ཤོག ཅེས་གསུངས། གཞན་ཡང་རང་ལ་རྐྱེན་ངན་དང་བར་ཆོད་ནད་ན་ཚ་ལས་སོགས་མི་འདོད་པའི་སྡུག་བསྔལ་གང་བྱུང་ཡང་དེའི་གཉེན་པོ་བྱམས་སྙིང་རྗེ་བསྒོམ་པ་ལས་ཐབས་ཆེ་བ་མེད་དེ། འགྲོ་མགོན་སྨན་གོང་བའི་ཞལ་ནས། ང་ཐོད་པ་ཕུག་ཏུ་དགོན་པ་ལ་བཞུགས་དུས་ནུའོ་མར་སྟོན་རྟོགས་ཆུང་བྱུང་ནས། ཁྱེད་ཀྱི་ནད་ལ་སང་ཉིན་རིམ་འགྲོ་བྱེད་འབྱོན་དགོས་ཞུས་པས། ང་ནི་མི་འགྲོ་ང་རང་གི་འདི་ལས་ནད་ཡིན་པས་གཞན་གྱིས་མི་ཕན་གསུངས་ནས་མ་བྱོན་ནོ། དེའི་ནུབ་མོ་ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང༌། རྡུལ་ཤུགས་ཀྱི་སྙིང་རྗེ་ཚད་མེད་བཞི་དང་ལྡན་པ་ཐུགས་ལ་ཤར། ཤངས་ཟ་འགུལ་འགུལ་བ་བྱུང༌། ཤངས་ནས་སྡོམ་ནག་པོ་འཐེབ་སྡོག་ཙམ་ཞིག་མདུན་ནས་དངོས་སུ་ས་ལ་ལྷུང༌། སྙིང་རྗེ་དྲག་པོ་སྐྱེས་ནས། ཁྱོད་འདྲ་བའི་ལས་ངན། ང་འདྲ་བའི་ལུས་ངན་ལ། མི་སྡོད་པ་དགོངས་ནས་ཕྱག་གིས་བླངས་ནས་ཤངས་སུ་བཅུག་ཀྱང་ཕྱིར་ལ་མ་ཤོང༌། ཞེས་དང༌། དེ་ནས་ལུང་པ་དེའི་ཕུ་ལ་ཡར་བྱོན་པས། ཤངས་ཟ་འགུལ་བ་བྱུང་སྟེ། སྡོམ་དགུ་ཐོན་ནས་བྱུང་བ་ལ་སྙིང་རྗེ་ཚད་མེད་པ་སྐྱེས། དོགས་སྤྲུག་གི་སྙིང་པོ་བཏབ་ཅིང་དགེ་བསྙེན་གྱི་མིང་ཅོག་མཛད་དོ། བསྙུང་གཞི་ཡང་དེ་གར་དག་སྟེ། མ་རིག་མུན་པ་སངས་ནས་རང་རིག་མངོན་དུ་གྱུར། ཞེས་དང༌། བདག་ལ་གནོད་པའི་གདོན་འདིས། བདག་ལ་ན་ཚ་སྡུག་བསྔལ་ཇི་སྙེད་ཅིག་བཏང༌། དེས་ཅི་ལ་ཚད། སེམས་ཅན་ཐམས་ཅད་སེམས་སྡུག་ཏུ་བཅུག ལུས་ཉོན་མོངས་སུ་བཅུག དེའི་རྣམ་པར་སྨིན་པའི་ངན་སོང་གསུམ་དུ་སྐྱེ། ངན་འགྲོའི་སྡུག་བསྔལ་འདིའི་སྟེང་དུ་འོང་བ་འདི་སྙིང་རེ་རྗེ། གཞན་ཡང་འཇིག་རྟེན་གྱི་ཁམས་ན་རང་དང་འདྲ་བའི་ན་ཚ་དང་སྡུག་བསྔལ་གྱིས་མནར་བ་རྣམས་སྙིང་རེ་རྗེ་སྙམ་དུ་བསྒོམ། ཞེས་དང༌། གདོན་ལས་སོགས་པས་གནོད་པ་ན་ཞེ་སྡང་གིས་དྲག་སྔགས་ཇི་སྙེད་བཟླས་པ་བས་སྙིང་རྗེ་མི་རྟོག་པ་དར་གཅིག་བསྒོམ་པ་དེ་རང་བྱིན་རླབས་ཆེ་བ་འདྲ། ཞེས་གསུངས། དེར་མ་ཟད་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་བྱམས་སྙིང་རྗེའི་སྒོ་ནས་བདུད་དམག་ཐུལ་བའི་ལོ་རྒྱུས་ཡོད། དེ་ལྟར་བྱམས་སྙིང་རྗེའི་ནུས་སྟོབས་དང་ཕན་ཡོན་ལ་བསམ་ནས་རང་རྒྱུད་ལ་གོམས་པ་བརྟན་པོར་མ་བྱུང་བར་དུ་ཡང་ཡང་འབད་དེ་བསྒོམ་ན་དལ་འབྱོར་སྟོང་ལོག་ཏུ་མི་འགྲོ་བའི་དགོས་པ་ཆེན་པོ་ཡོད་པ་མ་ཟད།  རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་དག་གིས་ཉམས་ལེན་གྱི་གཙོ་བོར་བྱེད་དགོས་པ་ཡིན་ཏེ། ཐེག་པ་ཆེན་པོའི་གཞུང་ལུགས་རྣམས་སུ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཕ་རོལ་ཕྱིན་བཅུ་སོགས་གཡུང་དྲུང་སེམས་དཔའི་ཉམས་ལེན་ཇི་སྙེད་ཅིག་བསྟན་ཀྱང་དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོའི་དམིགས་ཡུལ་འགྲུབ་པའི་ཆེད་ཁོ་ནར་ཡིན་ནོ། རིགས་པའི་གནས་ལ་སློབ་མཁན་རྣམས་ཀྱིས་ཀྱང་བྱམས་སྙིང་རྗེའི་ཁུར་འཁྱེར་ཐུབ་ན་རིག་པ་འཕེལ་བའི་ཐབས་འདི་ལས་ལྷག་པ་ཅིག་གང་ཡང་མེད་དེ། བདེར་གཤེགས་བསྐལ་པ་གྲངས་རྩིས་ཀྱི་མདོ་ལས། སེམས་བསྐྱེད་འདི་ཡི་སྟོབས་ཀྱིས་ནི། འཕྲུལ་ངག་བོན་གྱི་བཀའ་རྒྱུད་ཀྱང༌། ཐོག་ཆགས་མེད་པར་མཁྱེན་པར་འགྱུར། ཞེས་གསུངས་སོ། བདག་ཅག་གི་སྟོན་པ་སྔོན་ཚེ་གཅེན་པོ་དཔལ་ཆེན་པོའི་སྐྱེ་བ་བཞེས་པའི་ཚེ་་སྤྱོད་པ་རླབས་པོ་ཆེ་སྐུ་ལུས་ཀྱི་ཤ་ཁྲག་སྤྱང་ཀུ་བརྒྱ་ལ་སྦྱིན་པ་བཏང་བས་དེ་ཡང་བྱམས་སྙིང་རྗེ་ལ་གོམས་པའི་ནུས་སྟོབས་ཁོ་ན་ལ་བརྟེན་ཏེ་བྱུང་བ་ཡིན། རང་རེ་རྣམས་ཀྱིས་རྣམ་ཐར་དེ་དག་གྀ་རྗེས་སུ་འཛིན་ཏེ་སྙིང་རྗེའི་ལས་ལ་སློབ་དགོས། དེ་ཡང་འདི་ལྟར་ཟས་གོས་ཀྱིས་དབུལ་བའི་སྤྲང་པོ་རྣམས་ལ་ཟས་གོས་གྱི་སྦྱིན་པ་དང༌། སྨན་གྱིས་དབུལ་བའི་ནད་པ་རྣམས་ལ་སྨན་དང༌། ལྷག་པར་ཕ་མ་རྒན་རྒོན་རྣམས་ལ་བྱམས་སྙིང་རྗེས་སྐྱོང་ཞིང་དེ་དག་གི་ཐུགས་འགུ་བའི་ལས་ཁོ་ན་ལ་འབད་དགོས། དུད་འགྲོ་སོགས་ལ་སྙིང་རྗེའི་དབང་གིས་ཟས་ཁམ་གཅིག་སྤྲད་པ་ན་ཕན་ཡོན་བསམ་མཐའ་ཡས་པ་ཐོབ་ངེས་པ་ཡིན་པས་ཤེས་ལྡན་རྣམས་ཀྱི་ཐུགས་འཇག་འཚལ། དེང་སང་དུས་སུ་གཞོན་ནུ་ཡར་དར་འགའ་ཤས་ཀྱིས་ཕ་མ་རྒན་རྒོན་རྣམས་ལ་དབང་ཆ་མི་སྤྲོད། ཟས་སྐལ་དང་གོས་སྐལ་གཅོད། ཁ་ངན་དང་ཚིག་རྩུབ་སྨྲ། ད་དུང་འཇོན་པོ་ཡོད་པའི་ཚུལ་གཏོང་མཁན་དེ་འདྲ་ཡོད་བཟོ་འདུག་པས། སྤྱི་ཚོགས་ཀྱི་ནང་དུ་ཡང་མ་རབས་ལ་གཞུང་ངོ་ཚ་མེད་པ་ཁྱི་ལས་སྡུག་ཅིང་བླུན་ལ། ཕྱི་མར་ཡང་ངན་སོང་དུ་ལྟུང་བྱེད་ཀྱི་སྡིག་པ་དེ་ལས་ལྷག་པ་གང་གསོག་སོམ་ཤིག ༧ ལྷག་བསམ་རླུང་གིས་འདི་བྱས་ཀྱང༌། འཁྲུལ་རྟོག་ཆར་སྤྲིན་འཐུག་པོའི་ནང༌། རིག་པའི་ཉི་མ་ཆེས་དབེན་པས། རབ་རིབ་མུན་པའི་སྐྱོན་ཚོགས་ཀུན། ༧ གཞན་དོན་ཁུར་འཁྱེར་བློ་གྲོས་ཅན། ཟབ་དོན་གཞུང་ལ་མངའ་བརྙེས་པའི། བཀའ་དྲིན་ཅན་གྱི་དཔོན་གསས་དང༌། རིན་ཆེན་གསུམ་ལ་བཟོད་གསོལ་བཞེས། ༧ ལེགས་ཚོགས་པད་མོའི་བཅུད་མཆིས་ཚེ། འགྲོ་ཀུན་སྦྲང་ཚོགས་གསོས་སུ་བསྔོ། ཡེ་གྲོལ་རྫོགས་ཆེན་དོན་རྟོགས་ནས། ཐམས་ཅད་བདེ་ཆེན་མངོན་གྱུར་ཤོག ༧ ཅེས་པ་འདི་ནི་རང་རྒྱུད་ལ་འདི་འདྲའི་ཉམས་ལེན་ནེམ་ཙམ་དཀའ་བར་སྣང་ཡང་འདི་འདྲ་ཞིག་འབྲི་འདོད་སྔོན་མ་ནས་ཞུགས་ཀྱང་ལེ་ལོའི་དབང་གིས་ནར་འགྱངས་སུ་ཕྱིན། ད་ལམ་ཀླུ་ཕུག་དགོན་གྱི་དཔོན་སློབ་རིན་པོ་ཆེ་ནས་དུས་དེབ་ཀྱི་ཆེད་དུ་རྩོམ་ཐུང་ཞིག་དགོས་ཞེས་ཞལ་པར་བརྒྱུད་ནས་གསུང་བསྐུལ་མི་ལྡོག་ཙམ་དུ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་གྱིས་འཚོ་བའི་སྒོམ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་འབྱུང་ལྡན་ཟླ་ཐིག་རྩེ་མོའི་ས་གླང་གི་ལོ་མཇུག་ཏུ་ཁྲི་བརྟན་ནོར་བུ་རྩེར་བྲིས་པས་དགེ་ལེགས་འཕེལ།