མདུན་ངོས། » གསར་རྩོམ། » ཡ་ཐོག་རྩོམ་རིག » བོན་གྱི་ཕུར་གཞུང་ཆོ་གའི་རྩོམ་རིག་གི་ངོ་བོ།

བོན་གྱི་ཕུར་གཞུང་ཆོ་གའི་རྩོམ་རིག་གི་ངོ་བོ།

 

བོན་གྱི་ཕུར་གཞུང་ཆོ་གའི་རྩོམ་རིག་གི་ངོ་བོ། 

 

རང་གི་རྩོམ་རིག་ཞིབ་འཇུག་སྡེ་ཚན་ནས་དྲངས།

བོན་གྱི་གསས་མཁར་མཆོག་ལྔའི་ནང་ཚན་ཕྲིན་ལས་ཀྱི་ལྷ་ཕུར་པ་ཞེས་པ་དེ་སྐུ་སྟོད་ལྷ་ལ་སྐུ་སྨད་ཕུར་པའི་དབྱིབས་ཡོད་པ་ཞིག་ཡིན་ལ། ལྷ་དེ་ཉིད་གནས་སམ་ཞིང་གཞན་ནས་ཚུར་སྤྱན་འདྲེན་པའི་བརྗོད་བྱ་སྟོན་ཅིང་བརྗོད་ཚུལ་ནི་རང་བཞིན་བརྗོད་པའི་རྒྱན་ཡིན་པ་ནི།

ཕུར་གཞུང་༤༧༨ལས།སྲིད་པའི་གཏིང་ནས་ཁྲོས་པའི་འཇིགས་བྱེད་ཚོགས།  །ཞལ་གསུམ་ཕྱག་དྲུག་སྐུ་སྨད་ཕུར་ནག་སྐུ།       །སྤྱན་འདྲེན་འབྱོན་པའི་སྐུ་ནི་མི་མངའ་སྟེ། །ལས་ཀྱིས་མནར་བའི་སྡིག་ཅན་དགྲ་བགེགས་རྣམས། །དགོངས་སྤྱོད་ཁྱད་པར་ཅན་གྱིས་འདུལ་ཞིང་བསྒྲལ་བའི་ཕྱིར། །འཇིགས་བྱེད་འབར་བའི་ཚོགས་དང་གཤེགས་སུ་གསོལ། །དཀར་ནག་བརྗིད་པའི་ཚོགས་དང་གཤེགས་སུ་གསོལ། །སྨུག་ནག་འདུ་འཕྲོའི་ཚོགས་དང་གཤེགས་སུ་གསོལ། །དམར་ནག་ཆགས་པའི་ཚོགས་དང་གཤེགས་སུ་གསོལ། །སེར་ནག་ཕྲིན་ལས་ཚོགས་དང་གཤེགས་སུ་གསོལ། །མཐིང་ནག་'འཇིགས་བྱེད་ཚོགས་དང་གཤེགས་སུ་གསོལ། །དབུ་གསུམ་སྤྲུལ་པའི་ཞལ་དང་གཤེགས་སུ་གསོལ། །ཕྱག་དྲུག་ཕུར་པ་འདྲིལ་ཞིང་གཤེགས་སུ་གསོལ། །ཁོང་སེང་གཡུང་དྲུང་སེམས་དང་གཤེགས་སུ་གསོལ། །རྒྱ་མདུད་གཞལ་ཡས་ཁང་དང་གཤེགས་སུ་གསོལ། །ཆུ་སྲིན་གདུག་པའི་ཞབས་དང་གཤེགས་སུ་གསོལ། །ཟུར་གསུམ་སྐུ་གསུང་ཐུགས་དང་གཤེགས་སུ་གསོལ། །དབལ་གསས་སྤྲུལ་པའི་སྐུ་དང་གཤེགས་སུ་གསོལ། །འབྲུག་གསས་ཆེམ་པའི་གསུང་དང་གཤེགས་སུ་གསོལ། །གློག་གསས་གསལ་བའི་ཐུགས་དང་གཤེགས་སུ་གསོལ། །ཞེས་སོ། །
མེ་ལོང་མའི་ཤན་ཞུགས་མེད་ཅིང་ཚིག་རྐང་དོ་མི་མཉམ་པ་དང་། ཡ་ཐོག་གི་རྩོམ་ཉམས་དོད་པ་ཞིག་ཡིན་པ་མ་ཟད་བརྗོད་དོན་ཡང་ཤིན་ཏུ་ཟབ་ལ་བསྡུས་བརྗོད་ཤུགས་ཆེན་ཡོད་པ་ནི།
ཕུར་གཞུང་༼༥༦༧༽ལས། བསྭོ་བསྐལ་པའི་དང་པོ་ལ། སྲིད་པའི་ཐོག་མ་ལ། འབྱུང་བའི་སྙིང་པོ་ལ། གནམ་ལས་གསས་དབབ་པ། མཁའ་ཀློང་དབྱིངས་སུ་བབས། མཁའ་ལ་གསལ་བའི་གསས། སྲིད་པ་ཝལ་ཏེ་ཝལ། དབལ་གསས་སྤྲུལ་པའི་འོད། ཅིར་ཡང་སྤྲུལ་པའི་སྐུ། ཕུར་པའི་སྐུ་རུ་བདར། གསུང་ལས་གསས་དབབ་པ། ཀློང་དུ་གྲུབ་པའི་གསས། སྒྲ་སྐད་ལྷུན་གྱིས་གྲུབ། གསུང་གི་ཀློང་ཡངས་སུ། འབྲུག་གསས་སྒྲ་རེ་ཆེམས། སྲིད་པ་ཀུན་གྱི་གསུང་། རང་སྒྲ་དི་རི་རི། ཕུར་པའི་གསུང་དུ་བདར། ཐུགས་ལས་གསས་དབབ་པ། དབྱིངས་སུ་དག་པའི་གསས། རྣམ་དག་ཐུགས་ལ་བབས། གཡུང་དྲུང་སེམས་ཀྱི་དབྱིངས། མཚན་མ་མེད་པའི་འོད། གློག་གསས་འོད་རེ་འགྱུ། ཕྱི་ནང་མེད་པར་གསལ། མཐོ་དམན་མེད་པར་ཁྱབ། མ་རིག་མུན་པ་སེལ། ཕུར་པའི་༼༥༦༨༽ཐུགས་སུ་བདར། མཁའ་ཀློང་དབྱིངས་ཀྱི་གསས། ཁམས་གསུམ་ཟིལ་གྱིས་གནོན་པའི་མཐུ་རྩལ་ཅན། དེ་རིང་ཕུར་ནག་སྐུ་གསུང་ཐུགས་སུ་བདར། དབུ་ལ་སྤྱན་མེད་པར། མི་མངོན་དབྱིངས་སུ་གཟིགས། ཁྱད་པར་རིག་པའི་སྤྱན། ཕུར་པའི་སྤྱན་དུ་བདར། གསོལ་བའི་ཞལ་མེད་དེ། གྲུ་གསུམ་ཨེ་ཡི་ཞལ། སྐྱེ་ཤི་རྩད་གཅོད་ཚེམས། རྒྱུ་དྲུག་རློབས་པའི་ལྗགས། ཐམས་ཅད་ཁྲོག་རླག་ཟ། ཕུར་པའི་ཞལ་དུ་བདར། ཞབས་ལ་ཆིབས་མེད་དེ། སྣང་སྲིད་བྱ་མ་རྟ། སྤྲུལ་པ་ཡིད་ཀྱི་བང་རེ་མགྱོགས། སྣང་སྲིད་དུས་གཅིག་བསྒྲོད། མཐའ་དབུས་མེད་པར་བྱོན། སྟོང་གསུམ་དུས་གཅིག་བསྒྲོད་པའི་མཐུ་བོ་ཆེ། ཕུར་པའི་རྩེ་མོ་བདར། །ཞེས་སོ། །
དཔའ་བ་དང་འཇིགས་རུང་གི་ཉམས་མཚོན་པར་བྱེད་ཅིང་། ལྷའི་ངོ་བོ་དང་ཁྱད་པར་བྱེད་ལས་སོགས་ཕྲ་ཞིབ་སྟོན་པའི་སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པས་ཕྱུག་པ་ནི། ཕུར་གཞུང་༥༧༨ལས། བསྭོ་དང་པོ་ལྷ་ལ་གསས་དབབ་པ། ཁྲོ་རྒྱལ་ཐམས་ཅད་འདུས་པའི་གསས། དབལ་ཕུར་ནག་པོ་རྩ་བའི་ལྷ། རང་འབྱུང་འཇིགས་བྱེད་སྤྲུལ་པའི་ལྷ། མཁའ་འགྱིང་ཁྲོ་བོར་དབབས། གནམ་ཕྱེད་ནམ་བཟར་གསོལ། ས་ཕྱེད་གདན་དུ་བཏིངས། སྣང་སྲིད་ཕྱེད་རལ་བདག། རི་རབ་ཕྱེད་ཀྱི་སྐུ། གནམ་གྱི་ཆ་བགོས་པས། ནམ་མཁའི་ཕྱེད་ཀྱི་བདག། ས་ཡི་ཆ་བགོས་པ། གླིང་བཞི་ཕྱེད་ཀྱི་བདག། སྲིད་པའི་ཆ་བགོས་པས། འཇིག་རྟེན་ཕྱེད་ཀྱི་བདག། སྲིད་པ་ཕྱེད་མར་བྱེད་པའི་མཐུ་བོ་ཆེ། དེ་རིང་ཕུར་པའི་ལྷ་རུ་བདར། དེའི་འོག་རོལ་དུ། མི་ལ་གསས་དབབ་པ། སྟག་ལ་མེ་འབར་སྤྲུལ་པའི་གསས། སྐུ་མདོག་སྔོན་དམར་མེ་ལྕེ་རིས། སེར་ནག་སྟག་གི་ཟར་བུ་རིས། སྟག་རིས་ཝ་ལ་ལ། གཟིག་རིས་ཐིག་གེ་ཐིགས། ༼༥༧༩༽གུང་རིས་ཁྲིགས་སེ་ཁྲིག། དབུ་ལ་གནམ་ལྕགས་བྱ་རུ་ཁྱུང་རུ་ཟང་ངེ་ཟངས། སྐུ་ལ་ཚ་ཚ་འཕྲོ་བའི་ཅོ་རལ་ལ། སྲིད་པའི་དྲིལ་ཆུང་འབུམ་གྱིས་བརྒྱན། གཡས་ན་སྟག་སྐད་ཆེམས་སེ་ཆེམ། སྟག་མཆོང་སྲིད་པར་རྦན་ནེ་རྦན། གཡོན་ན་གཟིག་སྐད་ཙེ་རེ་རེ། གཟིག་སྨད་སྒལ་པ་ཉེ་རེ་རེ། སྟག་ལ་མེ་འབར་གཡས་རྒྱབ་ན། དྲེད་སྨད་སྐད་འདོན་ལྷངས་སེ་ལྷང་། སྟག་ལ་མེ་འབར་གཡོན་རྒྱབ་ན། དོམ་སྨད་སྐད་འདོན་ཙེ་རེ་རེ། སྟག་ལ་མེ་འབར་གཡས་མདུན་ན། སྤྱང་སྨད་མང་པོ་དུན་ནེ་དུན། སྟག་ལ་མེ་འབར་གཡོན་མདུན་ན། འཕར་སྤྱང་མང་པོ་ཉེ་རེ་རེ། སྟག་ལ་མེ་འབར་མདུན་ཕྱོགས་ན། དབལ་གྱི་མ་མོ་ཐིབས་སེ་ཐིབས། སྟག་ལ་མེ་འབར་ཞབས་འོག་ན། སྲིད་པའི་རོལ་མཚོ་མེ་རེ་རེ། སྲིད་པ་ཁྲག་གི་རོལ་མཚོ་ན། སྲིད་པའི་ཀླུ་བྲན་ཁྱུགས་སེ་ཁྱུགས། སྟག་ལ་མེ་འབར་སྙན་ཆ་ལ། སྲིད་༼༥༨༠༽པའི་ལྷ་སྲིན་འདུ་ན་འདུ། སྟག་ལ་མེ་འབར་དབུ་ཐོག་ན། གཟའ་དང་རྒྱུ་སྐར་ཕུང་ངེ་ཕུང་། སྟག་ལ་མེ་འབར་རལ་པ་ལ། རལ་པ་རེ་ལ་ཕུར་པ་རེ། མེ་དཔུང་སྙིང་པོ་ཕུར་པར་འདྲིལ། སྟག་ལ་མེ་འབར་ཞལ་ཁ་ནས། ཕུར་པའི་སྟོང་འཛབ་སྙིང་པོར་འདོན། དྲག་པོའི་དབལ་སྔགས་འོད་ཟེར་འཕྲོ། སྟག་ལ་མེ་འབར་ཕྱག་མཚན་ན། སྲིད་པར་འདེབས་པར་དབལ་ཕུར་འདྲིལ། སྟག་ལ་མེ་འབར་ཕུར་པའི་གསས། དེ་རིང་ཕུར་པའི་ལས་ལ་བདར། དེའི་འོག་རོལ་དུ། བྱ་ལ་གསས་དབབ་པ། ཁྲ་གསས་ཁྱུང་རྒོད་བྱ་གསས་དབལ། གཤོག་པ་ཉི་མ་འབུམ་གྱིས་བརྒྱན། གཡས་ཀྱི་གཤོག་ཟེར་རྩེ་མོ་ལ། རླུང་དང་བུ་ཡུག་འཚུབས་མར་ལྡང་། གཡོན་གྱི་གཤོག་ཟེར་རྩེ་མོ་ལ། ལྕགས་ཀྱི་སེར་ཆེན་དྲག་པོ་འདྲིལ། སྤུ་ནི་སྲིད་པའི་སྤྲིན་ལྟར་གཏིབས། སྤྱན་ནི་ཉི་ཟླ་འཇིགས་པར་བསྒྱུར། མཆུ་ནི་གནམ་ལྕགས་ཕུར་པའི་མཆུ། འཁོར་བའི་གཏིང་༼༥༨༡༽ནས་རྐོ་ཞིང་ཟ། སྡེར་མོ་གདུག་པའི་སྤར་ཆེན་ལ། འཛིན་པ་ལྕགས་ཀྱུའི་སྙིང་སྡེར་ཅན། ལྡིང་ནི་ཨེ་ཀློང་ནམ་མཁར་ལྡིང་། འཕུར་ནི་ཡེ་ཤེས་མཁའ་ལ་འཕུར། ཆགས་ནི་དབལ་རིའི་རྩེ་ལ་ཆགས། འདེབས་ནི་འཁོར་བའི་གཏིང་དུ་འདེབས། ལེན་ནི་སྡིག་ཅན་དགྲ་བགེགས་ལེན། ཟ་ནི་དུག་ལྔ་ཟས་སུ་ཟ། ལས་སུ་དྲག་པོའི་ཕྲིན་ལས་མཛོད། དེ་རིང་ཁྲ་གསས་ལས་ལ་བདར།  །ཞེས་སོ། །

 

སྟག་ལ་མེ་འབར་གྱི་ཕོ་ཉའི་གཙོ་མོ་ཁྱུང་སྨན་ནམ་མཁའི་གཡུ་གཤོག་མའི་བསྐུལ་པ་ནི། 

གོང་གསལ་ཕུར་གཞུང་༼༥༨༡༽ལས། བསྭོ་མ་གཡེལ་མ་འཕང་ཁྱུང་སྨན་བྱ་ཁྲ་ལྔ་ཡི་ཡུམ། སྣང་དང་མི་སྣང་ནམ་༼༥༨༢༽མཁའི་དབྱིངས་རུམ་ན། འབྱུང་བའི་ཁུ་རླངས་སྤྲིན་དཔུང་གསེབ་ན་བཞུགས། ཟས་སུ་རླུང་ལ་བཟའ་ཞིང་སྐོམ་དུ་སྤྲིན་ཆར་འཐུང་། ཁྱུང་གཤོག་ནམ་མཁའི་རླུང་གི་འུར་རྒྱང་ཅན། མི་མངོན་དབྱིངས་ནས་ནམ་མཁའི་མཐོང་གསལ་ནས། ཕྱོགས་མཚམས་མེད་པར་མཁའ་ལ་འཇིགས་པར་ལྡིང་། རི་རབ་གླིང་བཞི་འཇིག་རྟེན་ཟིལ་གྱིས་གནོན། གཡུ་ཡི་བྱ་རུ་ཁྱུང་རུ་ནམ་མཁར་ཟངས་སེ་ཟང་། བྱ་མིག་ཁྱུང་མིག་སེར་ནག་རི་ལི་ལི། སྣང་སྲིད་ཕྱི་ནང་མེད་པར་སྤྱན་གྱིས་གཟིགས། བྱ་མཆུ་ཁྱུང་མཆུ་ཕུར་པ་ཐམས་སེ་ཐམ། བྱ་སྤུ་ཁྱུང་སྤུ་འོད་ཟེར་འབུམ་གྱིས་བརྒྱན། བྱ་གཤོག་ཁྱུང་གཤོག་ཁམས་གསུམ་སྲིད་པར་རློབས། བྱ་སྡེར་ཁྱུང་སྡེར་དབྱིངས་ནས་འདྲེན་པའི་ཚེ། རྒྱ་མཚོ་གཏིང་གི་ཀླུ་རྣམས་བརྒྱལ་ཞིང་སྐྲག། ཀླུ་གཉན་གྲོང་ཁྱེར་འཇོམས་པའི་མཐུ་རྩལ་ཅན། སེམས་ཀྱིས་རྫུ་འཕྲུལ་ལུས་ཀྱི་ཆོ་འཕྲུལ་ནི། མཁའ་ཀློང་དབྱིངས་ཀྱི་ལྷ་༼༥༨༣༽བས་མཐུ་རྩལ་ཆེ། དམ་མེད་འགལ་བའི་དགྲ་བགེགས་དབང་དུ་སྡུད། ཅེས་སོ། །

བོན་གྱི་ཕུར་ནག་གི་ལས་ལ་མངགས་པའི་ཕོ་ཉ་ངོ་བོ་ནི་ལྷ་ཡིན་ལ་རྣམ་པ་ཁྲ་དང་སྤྱང་ཀིའི་རྣམ་པར་ཡོད་པ་ཁག་ཅིག་བཤད་ཡོད་པ་དེ་དག་གི་བྱུང་ཁུངས་སྒོང་སྐྱེས་ཀྱི་ལྷ་སྒྲུང་གི་རྣམ་པ་ཅན་ནི། ༼༥༩༤༽ཁུ་ཁུ་མ་གཡེལ་མ་འཕང་ཁྲ་སྤྱང་གདུག་པའི་ཚོགས། སྔོན་ཚེ་བསྐལ་པའི་དང་པོ་ལ། དབལ་རིའི་ཕྱོགས་བཞི་དབུས་དང་ལྔར། ཡ་མཚན་སྲིད་པའི་ཆུ་མིག་རྣམ་ལྔར་བརྡོལ། ཡ་མཚན་སྲིད་པའི་ཆུ་མིག་དེ་ལྔ་ལ། གདུག་པའི་གཅན་སྤྱང་རི་ལས་འགྲོལ་ཞིང་བཅས། འཇིགས་པའི་བྱ་ཁྲ་མཁའ་ལ་འཇུམ་ཞིང་ཆགས། ལས་ཀྱི་དབང་གི་འཚོ་བའི་ཆུ་མིག་ལ། འཐུང་ཞིང་རོལ་ཏེ་ཐུགས་ཡིད་སོ་སོར་ཆགས། སྔོན་གྱི་སྨོན་ལམ་ཤུགས་ཀྱིས་འཚོས་པ་ལས། རིན་ཆེན་འབར་བའི་སྒོ་ང་ལྔ་རུ་བལྟམས། དེ་ཡི་ཕྱི་ཤུན་བཅག་ནས་ནང་གི་པྲི་བརྡོལ་བས། ཆོ་འཕྲུལ་མྱུར་༼༥༩༤༽མགྱོགས་ཁྲ་སྤྱང་ལྔ་རུ་བྱུང་། ཞེས་སོ། །

གཤམ་དུ་བཀོད་པའི་ཕུར་གཞུང་གི་ཚིག་འདི་དག་ནི་གཟུགས་རྒྱན་གྱི་ནང་ཚན་ཆ་ཤས་ཅན་གྱི་གཟུགས་ཅན་རྒྱན་དུ་གཏོགས་པ་ལྷ་མོ་ཞིག་གི་ཞལ་རས་ལ་སོགས་ཀྱི་ཁྱད་ཆོས་རེ་རེ་བཞིན་ཞིབ་པར་བརྗོད་པའི་ཚིག་ཡིན་པ་མ་ཟད། རབ་བཏགས་ཀྱི་རྣམ་པ་ཤུགས་ཆེ་ལ། སྙན་འགྱུར་གྱི་ཉམས་ཕུན་སུམ་ཚོགས་པས་ཕྱུག་པ་ཞིག་ཡིན་ཡང་། རྩོམ་ཉམས་འདི་ནི་ཚིག་སྦྱོར་བེད་སྤྱོད་བྱེད་སྟངས་ཐད་ལ་རྒྱ་གར་གྱི་སྙན་ངག་གི་ཤན་དེ་ཙམ་མེད་པའི་གྲལ་དུ་བརྩི་ཆོག་སྙམ། གོང་གསལ་གྱི་དཔེ་༼༦༠༣༽ལས། བསྭོ་མ་གཡེལ་མ་འཕང་གཏིང་ཁམས་བུད་མེད་ཚོགས། ཕུར་ནག་སྲུང་མའི་ངོ་བོ་ནི། གཏིང་ཁམས་ས་བདག་ཐིག་ལེ་མ། ས་རྡོ་བྲག་གི་བཅུད་བདག་མ། དབུ་ནི་ཐིག་ལེའི་རྒྱ་མདུད་མ། སྲིད་པ་ཚངས་པའི་དབུ་རྒྱན་ཅན། སྤྱན་མིག་ཐིག་ལེ་གཡུ་འཁྱིལ་མ། རལ་པ་ས་བདག་ཕུར་པར་འདྲིལ། སྙན་ནི་དུང་སྟག་གཡས་གཡོན་སྙན། སྨིན་མ་སྦྲུལ་མོ་དཀར་ནག་རིས། རྫི་མ་ཉ་གཤོག་ཆུ་གཟེར་མ། ཤངས་ནི་ཆུ་མིག་བསྒྲིལ་མའི་སྣ། ཀླུ་བྲན་ཀུན་གྱི་ཕོ་བྲང་ས། སྨང་ར་སྦྲུལ་ནག་སྔོ་དམར་འཁྱིལ། ཞལ་ནི་སྲིད་པ་རྫོགས་པའི་ཞལ། ཟ་བྱེད་རྒྱ་མཚོའི་གཏིང་གི་ཁ། ཚེམ་ནི་ཆབ་རོམ་གངས་ཀྱི་སོ། གནམ་ས་གཉིས་ཀྱི་བར་དུ་གཏམས། ལྗགས་ནི་འབྱུང་བའི་མཐའ་རློམས་མ། མེ་ཆུ་ས་རླུང་འབྱུང་བ་སྐྱོང་། སྣང་སྲིད་བཅུད་ཀྱི་རོ་ལྡག་མ། སྐུ་ནི་གནམ་སའི་མཐའ་དང་མཉམ། ༼༦༠༣༽གསུང་ནི་མེ་ཆུ་ས་རླུང་སྒྲ། ཐུགས་ནི་ས་རྡོ་བྲག་གི་བཅུད། སྲ་བའི་མཚན་ཉིད་གནམ་ས་བྲག། མི་འགྱུར་གཡུང་དྲུང་སྐུ་བདག་མོ། ཡན་ལག་ཕུར་པའི་ཁོང་སེང་ཅན། རི་རབ་ཕར་འབུག་ཚུར་འབུག་བྱེད། ཞབས་ཀྱང་གངས་བྲག་འཁྱིལ་པ་ལ། རྩེ་མོ་ཕུར་ཐབས་གཏིང་དུ་འཛུགས། ནམ་མཁའ་རྒྱ་མཚོ་སྟོང་འབྱམས་མ། ཆུ་བྲན་འཐོར་བའི་རྒྱན་བཀྲམ་གསོལ། སྐུ་ལུས་གསེརེ་གྱི་ས་གཞི་ལ། གླིང་བཞི་རི་རབ་ཐོར་ཚུགས་ཅན། ཁ་དབུགས་རླུང་ནག་ལངས་པ་ལ། ཁྲོས་པའི་བཞིན་བཟློག་མུན་པའི་གདངས། མཆིལ་མ་ཆུ་བོའི་གཞུང་འབྱམས་མ། ངུས་ན་གནམ་ལ་སྐྱིན་མདངས་འབེབས། འཇིག་རྟེན་ཅུང་ཙམ་རྨུག་པར་བྱེད། བཞད་པའི་ཞལ་ཁར་ཉི་མ་འཆར། བགད་ན་ཐམས་ཅད་བདེ་སྙོམས་མ། འཇིག་རྟེན་ཐམས་ཅད་བདེ་ལ་བཀོད། ཁྱོད་ལ་མིང་དང་མཚན་བཏགས་པ། སྣང་སྲིད་བཅུད་ཀྱི་མཛོད་བདག་མོ། ༼༦༠༥༽རྣམ་དག་སྲིད་པའི་བདེ་འགྲོ་མ། རི་རབ་གླིང་བཞི་ཁྱོད་ཀྱི་སྐུ། འབྱུང་བའི་འུར་རླབས་ཁྱོད་ཀྱི་གསུང་། ནམ་མཁའི་དབྱིངས་ནི་ཁྱོད་ཀྱི་ཐུགས། འཛམ་བུ་གླིང་བཞི་ཁྱོད་ཀྱི་རྒྱན། རྒྱ་མཚོའི་གཏིང་ནི་ཁྱོད་ཀྱི་ཞལ། ཡོངས་སུ་གྲུབ་པའི་རྒྱལ་མོ་བྱ། ཞི་བའི་སྐུ་རུ་བཞུགས་ཙམ་ན། ལྷ་མོ་ཐུགས་རྗེ་བྱམས་མའི་ཡུམ། དབལ་བོན་སྟག་ལ་མེ་འབར་ལ། ཕུར་ནག་བསྒྲུབ་པའི་ལུང་སྟོན་མ། སྙིང་རྗེ་མ་དང་མ་བྲལ་ཀྱང་། ཕུར་ནག་སྲིད་པའི་མངའ་བདག་མོ། །ཞེས་སོ། །