མདུན་ངོས། » གསར་རྩོམ། » དཔྱད་རྩོམ། » Prof.KurtKeutzerཤེས་རབ་རྒྱལ་མཚན་གྱི་དཔེ་ཀློག་བརྒྱུད་རིམ།

Prof.KurtKeutzerཤེས་རབ་རྒྱལ་མཚན་གྱི་དཔེ་ཀློག་བརྒྱུད་རིམ།

 

Prof.KurtKeutzerཤེས་རབ་རྒྱལ་མཚན་གྱི་དཔེ་ཀློག་བརྒྱུད་རིམ།

 

ཨ་མེ་རི་ཀའི་སློབ་ཆེན་གྱི་སློབ་དཔོན་ཀར་ཊི་ཀེ་ཟུར་Prof.KurtKeutzer བོད་མིང་ཤེས་རབ་རྒྱལ་མཚན་ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་ཉམས་ལེན་པ་ཞིག་ཡིན་ཞིང་།

ཁོང་ནི་ནུབ་ཕྱོགས་ཀྱི་གློག་ཀླད་རིག་པའི་འབུམ་རམས་པའང་ཡིན། ད་ཆར་རྦར་ཁི་ལིའི་སློབ་ཆེན་BerkeleyUniversityདུ་ཕྱག་ལས་གནང་བཞིན་ཡོད། ཁོང་གི་ཡིག་སྒྱུར་གྱི་བྱ་གཞག་ཁྲོད་དུ་ཕྲན་དང་མཉམ་ལས་བྱས་པ་བརྒྱུད་ཁོང་ནི་བོད་ཡིག་འབྲི་ཀློག་གི་སྐོར་ལ་ཤིན་ཏུ་བྱང་ཆ་ཡོད་པ་ཞིག་ཡིན་པ་རྟོགས།

 

ཁོང་ནི་སྐུ་གཞོན་དགུང་ལོ་༡༨ཡིན་དུས་ནས་འགོ་བཙུགས་ཏེ་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་བཏུགས་ཏེ་གདམས་ངག་མང་པོ་ཞུས་དང་ཞུ་བཞིན་པ་ལྟར་ནམ་ཞག་རྒྱུན་དུ་ཉམས་ལེན་གནང་མཁན་ཞིག་ཡིན་པ་མ་ཟད་ནང་ཆོས་ཀྱི་ལྟ་གྲུབ་དང་གསང་སྔགས་ཀྱི་ཉམས་ལེན་དང་། བོན་གསར་རྙིང་གི་དཔེ་ཆ་ལ་རྒྱུས་མངའ་ཆེ་བས་དགོན་སྡེ་ནས་ཕེབས་པའི་དགེ་རྒན་རྣམས་དང་ལྷན་ཆོས་ཀྱི་བགྲོ་གླེང་ལྷུག་པོ་གནང་ཆོག་ཅིག་ཏུ་འདུག དེ་ཡང་གཅིག་ནི་ཁོང་གི་ཆོས་ལུགས་ཀྱི་ཡིག་ཆ་ལ་གོ་རྟོགས་ཟབ་པའི་དབང་གིས་རེད།

ཁོང་གི་ཁྱིམ་ནི་དཔེ་མཛོད་ཁང་ཞིག་དང་འདྲ་བ་ལས་སྤྱིར་སྟངས་ཀྱི་ཁང་པ་ཞིག་དང་མི་འདྲ་བ་ནི་ཁོང་འཛམ་གླིང་གི་ཤེས་རིག་ནོར་བུའི་བང་མཛོད་ལ་ངོམས་མེད་དུ་ལོངས་སུ་སྤྱོད་བཞིན་པའི་སྐྱེས་བུ་ཞིག་ཡིན་པ་གོ

འདིར་འབྲི་འདོད་པ་ཞིག་ནི་སེམས་སྨད་སྡེ་དགུའི་ཡིག་ཆ་དང་འབྲེལ་ཏེ་ཁོང་གིས་ངོས་འཛིན་བྱུང་ཚུལ་ཞིག་བཀོད་ན།

ངང་ཐག་བསྐལ་པའི་སྒྲོན་མ་ཞེས་པ་དེ་སེམས་སྨད་སྡེ་དགུའི་ནང་ཚན་གྱི་ངང་ཐག་ཡིན་པར་དཔེ་ཆ་དེ་གའི་ལུང་འདྲེན་གྱི་ཐོག་ནས་གསལ་པོ་ར་འཕྲོད་བྱུང་འདུག

དཔེ་ཆ་དེ་ངང་ཐག་གི་གཞུང་ཡིན་མིན་དཔྱད་བྱ་ཡིན་པ་དཔེར་ན། ཁྲི་བརྟན་ནོར་བུ་རྩེ་དགོན་པའི་དཔེ་མཛོད་ནས་བཏོན་པའི་དཔེ་དེབ་ཀྱི་འགོ་བརྗོད་དུ་བཀོད་པ་ལྟར་དེ་སྔོན་དཔྱད་གཞི་ཙམ་བཀོད་ཡོད་ཀྱང་ད་ལན་ཁོང་གིས་ལུང་འདྲེན་ངོ་སྤྲོད་བྱས་ཏེ་དཔེ་ཆ་དེ་ཏག་ཏག་ཡིན་པ་འདྲ་ཞེས་གསུངས།

དེ་ཡང་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ལས། གཉིས་པ་ཤེས་རབ་ཀྱི་སྤྱོད་པ་ལ་བྱ་རྒྱུ་བྱ་ཡུལ་མེད་པ་ལ་སྤྱོད་པ་གར་ཡང་མ་འགག་ཏེ། ཞེས་ངང་ཐག་ལས་གསུང་པས་ན་གསུམ་སྟེ། གསང་བའི་སྤྱོད་པ་དང་། གསང་བ་རྟུལ་ཞུགས་དང་། ཕྱོགས་མེད་རྣམ་པར་རྒྱལ་བའི་སྤྱོད་པའོ། །ཞེས་པའི་ལུང་དེ་ངང་ཐག་བསྐལ་པའི་སྒྲོན་མ་ཤོག་ངོས་༡༧༦ནང་དུ། བྱ་རྒྱུ་བྱ་ཡུལ་མྱེད་པ་ལ། སྤྱོད་པ་གར་ཡང་མ་འགག་སྟེ། །ཞེས་པའི་ལུང་དེ་རྙེད་བྱུང་གསུངས་འདུག

ཚུལ་དེ་ལྟ་བུ་དཔེ་ཆ་ལ་མཉམ་འཇོག་བྱེད་དེ་ཀློག་པ་འདིས་ཞིབ་འཇུག་གི་ནུས་པའང་ཆེན་པོ་ཐོན་གྱི་ཡོད་པས་དཔེ་ཀློག་བྱ་སྐབས་ཞིབ་ཕྲའི་ཚུལ་ལ་དོ་སྣང་བྱ་རྒྱུ་དེ་ཤིན་ཏུ་འགངས་ཆེན་ཡིན་པ་མ་ཟད་ཕྱི་གླིང་གི་མིས་ཞིབ་ཕྲའི་དཔྱད་པ་འདི་བཞིན་གནང་བ་ནི་ཆེས་བསྔགས་བརྗོད་འོས་པའི་གནས་སུ་གྱུར་ཡོད་ཅེས་ཤོད་ཆོག། །།དགེ་བཤེས་དྲང་སྲོང་རྣམ་རྒྱལ་གྱིས་བྲིས།