མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » ཤར་ནུབ་དབར་གྱི་མཚོ་འགྲམ་ཞིག

ཤར་ནུབ་དབར་གྱི་མཚོ་འགྲམ་ཞིག

 

ཤར་ནུབ་དབར་གྱི་མཚོ་འགྲམ་ཞིག

ཟིན་བདག་རང་གི་རྩོམ།

ཕ་མཐའ་བྲལ་བའི་ཡིད་བཞིན་རྒྱ་མཚོའི་ངོགས། །
རྦ་རླབས་འཁྲི་ཤིང་འབུམ་གྱི་གར་སྟབས་ཁྲོད། །
སྤྲོ་དགས་མྱོས་པའི་ན་གཞོན་ཕོ་མོའི་ཚོགས། །
དངས་པའི་ཆུ་མཚོར་རྩེན་པ་གསེར་མིག་བཞིན། །

 

ཞི་བསིལ་བདུད་རྩིའི་བདེ་དགའ་སྦྱིན་པ་ཡི། །
ཁོར་ཡུག་དེ་ན་འཚོ་བའི་འདབ་ཆགས་རྣམས། །
ཕན་ཚུན་འཚེ་མེད་བྱམས་བརྩེའི་དཔལ་རོལ་པ། །
དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དང་མཚུངས། །

 

ཆུ་གཏེར་ཀློང་གི་བྱམས་ལྡན་སྲོག་ཆགས་ཀྱང་། །
ཁྱུ་དང་ཁྱུར་བྱས་གཅིག་གིས་གཅིག་སྦྲན་ནས། །
འདབ་མའི་ལག་བརྡས་དགའ་འབོད་བྱེད་པའི་ཚུལ། །
ལྟད་མོ་བ་ལ་འཚམ་འདྲི་བྱེད་པ་བཞིན། །


ཨ་སྔོན་ས་ལ་བབས་འདྲའི་ལན་ཚྭའི་མཚོར། །
མཉན་པ་མེད་པའི་གློག་གི་གྲུ་གཟིངས་དག །
སྐར་མདའི་འགྲོས་ཀྱིས་རྒྱུ་བ་མཐོང་བ་ན། །
འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་པར་སྙམ། །

 

ཡངས་པའི་མཚོ་འགྲམ་འདུས་པའི་ལུས་དཀར་ཁྱུས། །
སྒེག་པའི་ཉམས་ཀྱིས་གཞན་ལ་ལྟ་བ་ནི། །
རང་ལ་དབང་བའི་ཡིད་བཞིན་རྒྱ་མཚོ་ཡི། །
དཔག་ཡས་ཡོན་ཏན་གཞན་ལ་ངོམས་པ་བཞིན། །

 

མཐའ་ཡས་བྱེ་མའི་ངོགས་ལ་རྒྱུ་བ་ཡི། །
དགའ་སྤྲོས་ཁེངས་པའི་འདབ་ཆགས་གཞོན་ནུའི་ཚོགས། །
རྐང་པའི་སྟངས་སྟབས་ཅི་དགར་བསྒྱུར་བའི་ཚེ། །
གར་སྟེགས་ཐོག་གི་སྐྱེས་བུའི་བྲོ་གར་བཞིན། །

 

དངས་པའི་ནམ་མཁའ་སྔོ་བསངས་ཨིན་ཌའི་མདོག །
ཡངས་པའི་ནོར་འཛིན་ལྗང་མདོག་རྐང་འཐུང་འཁྲིགས། །
བྱ་བ་ཐམས་ཅད་ཆོ་འཕྲུལ་སྟོན་པ་བཞིན། །
ཨེ་མ་ཡུལ་གྲུ་འདི་ནི་ལྷ་ཡུལ་འདྲ། །