མདུན་ངོས། » གསར་རྩོམ། » རྫོགས་ཆེན། » རྫོགས་པ་ཆེན་པོའི་ཁྱད་ཆོས་བཅུ།

རྫོགས་པ་ཆེན་པོའི་ཁྱད་ཆོས་བཅུ།

 

རྫོགས་པ་ཆེན་པོའི་ཁྱད་ཆོས་བཅུ།

ཡང་ཏིག་ནག་པོའི་རྒྱབ་ཆོས། པདྨ་མ་ཏིས་མཛད་པ།

ཆོས་འདི་ལ་ཁྱད་དུ་འཕགས་པ་བཅུའོ། །ཆོས་གཞན་ལ་སངས་རྒྱས་ཀྱི་ཞིང་ལ་སྨོན་ལམ་བཏབ་དགོས་པ་ཡིན། འདི་ལ་ད་ལྟ་མངོན་སུམ་དུ་མཇལ་བས་ཁྱད་པར་འཕགས། ཆོས་གཞན་ལ་དབང་བསྐུར་ནས་ལྷ་ཡིད་སྨོན་བྱེད་པ་ཡིན། འདི་ལ་ཡི་དམ་གྱི་ལྷས་མངོན་སུམ་དུ་དབང་བསྐུར་བས་ཁྱད་པར་འཕགས། ཆོས་གཞན་གོམས་འདྲིས་ལ་རེ་དགོས་པ་ཡིན། འདི་ལ་ལྟ་བ་མངོན་སུམ་དུ་གྱུར་པས་ཁྱད་པར་དུ་འཕགས། གཞན་ལྷ་ཡིད་སྨོན་བྱེད་པ་ཡིན། འདིར་སངས་རྒྱས་མངོན་སུམ་དུ་བྱོན་པས་ཁྱད་པར་འཕགས། གཞན་རང་ལུས་རྒྱལ་བའི་དཀྱིལ་འཁོར་ཡིན་ཟེར་ནས་སྨོན། འདིར་རང་ལུས་ལྷའི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བས་ཁྱད་པར་དུ་འཕགས། གཞན་ལྷ་བསྒོམ་དགོས་པ་ཡིན། འདི་ལ་མངོན་སུམ་དུ་འབྱོན་པས་ཁྱད་པར་དུ་འཕགས། གཞན་དུག་ལྔ་ཡེ་ཤེས་ལྔ་ཟེར་ནས་ངོ་མ་ཤེས། འདིར་ཡེ་ཤེས་ལྔ་མངོན་སུམ་དུ་མཐོང་བས་ཁྱད་པར་དུ་འཕགས། གཞན་བར་དོ་ཡོད་ཟེར་ནས་སྡིག་པར་བྱེད། འདིར་བར་དོ་ད་ལྟ་མཐོང་བས་ཁྱད་དུ་འཕགས། གཞན་ལོ་ཟླར་བསྒོམ་དགོས། འདིར་ཞག་བདུན་ལ་ངོ་འཕྲོད་པར་དུ་འཕགས། གཞན་ལ་ཉིན་མཚན་གྱི་སྣང་བ་ཡོད། འདིར་འོད་གསལ་གྱི་ཞིང་ཁམས་ཉིན་མཚན་མེད་པར་མཐོང་བས་ཁྱད་པར་དུ་འཕགས། གཞན་ལ་ཤ་ཁྲག་གི་ལུས་སུ་རིགས། འདིར་འོད་ལུས་སུ་མཐོང་བས་ཁྱད་པར་དུ་འཕགས། ཡོན་ཏན་བསམ་གྱིས་མི་ཁྱབ་བོ། ཆོས་འདི་ཕས་ཐོབ་ན་བུ་ལ་སྙིང་གཏམ་བཤད་པར་རིགས་སོ། །བུ་ཡིས་ཐོབ་ན་མ་ལ་སྙིང་གཏམ་བཤད་པར་རིགས་སོ། མས་ཐོབ་ན་སེམས་ཅན་ཐམས་ཅད་ལ་སྙིང་གཏམ་སྨྲ་བར་རིགས་སོ། །ཆོས་འདི་སྐལ་ལྡན་ལས་འཕྲོ་ཅན་གྱིས་འཆང་རྒྱུ་ཡིན་ནོ། །དེ་ལྟ་བུའི་ཆོས་འདི་གུ་རུ་རིན་པོ་ཆེས་རྣམ་པ་གསུམ་དུ་ཕྱེས་ཏེ། ཐེག་པའི་མཐར་ཐུག་ཟབ་དྲག་པས་སུ་ལའང་མ་བསྟན་ནོ། བསྐལ་པ་དུས་ཀྱི་སྙིགས་མ་ལ། ཚེ་ལ་ལོང་མེད་ལེ་ལོ་དང་བཏང་སྙོམས་ལ་ལུས་པའི་སེམས་ཅན་ལ་དགོངས་པའོ། བོད་དུ་ལོ་གསུམ་གསང་ནས་མངའ་བདག་ཡབ་སྲས་ལ་གནང་བའོ། །ཞེས་གསུངས།