མདུན་ངོས། » གསར་རྩོམ། » རང་རྩོམ་བོད་གཞས་ཁག། » ཨེ་མ་འདི་ནི་ཕ་ཡུལ་གངས་ཅན་ལྗོངས། །

ཨེ་མ་འདི་ནི་ཕ་ཡུལ་གངས་ཅན་ལྗོངས། །

ཨེ་མ་འདི་ནི་ཕ་ཡུལ་གངས་ཅན་ལྗོངས། །

 

 

དྭངས་གསལ་དྲི་མ་མེད་པའི་ནམ་མཁའ་ནི། །
ཨིན་ཌ་ནི་ལའི་མདངས་འོད་རབ་འཚེར་བར། །
རིན་ཆེན་གཉིས་པའི་མདངས་ལ་འཁུ་བ་ཡི། །
རྒྱུ་སྐར་ཚོགས་ནི་ཕྲ་ཚོམ་དགོད་པ་བཞིན། །
ཨེ་མ་འདི་ནི་ཕ་ཡུལ་གངས་ཅན་ལྗོངས། །

 

སེང་གེ་གནམ་དུ་མཆོང་འདྲའི་གངས་ཀྱི་རིར། །
ཡིད་བཞིན་ནོར་བུའི་གཏེར་གྱིས་རབ་ཕྱུག་ཅིང༌། །
སྐྱེ་རྒུ་ཡིད་དབང་འགུག་པའི་ས་འཛིན་ཚོགས། །
གླིང་འདིར་ལྟད་མོའི་ཟོལ་གྱིས་བཤམས་འདྲ་བ། །
ཨེ་མ་འདི་ནི་ཕ་ཡུལ་གངས་ཅན་ལྗོངས། །

 

 

དགུང་སྔོན་ས་ལ་ལྷུང་འདྲའི་རྒྱ་མཚོའི་ཚོགས། །
ཡིད་བཞིན་སེམས་ཅན་དུ་མའི་རྟེན་བཅས་ཤིང༌། །
སྟོད་སྨད་ཀུན་ཏུ་ཡོན་ཆབ་ཕུལ་བ་ལྟར། །
འཇིག་རྟེན་རྒྱན་དུ་བྱེད་པོས་བཟོས་འདྲ་བ། །
ཨེ་མ་འདི་ནི་ཕ་ཡུལ་གངས་ཅན་ལྗོངས། །

 

མཐའ་ཡས་རྒྱ་མཚོའི་རྗེས་སུ་འཇུག་པ་ཡི། །
ལྗང་མདོག་གཡུ་འོད་འབར་བའི་ཐང་ཆེན་ནི། །
སྣ་མང་ནོར་ལུག་རྒྱུ་སྐར་བཀྲ་བ་བཞིན། །
སྐྱེ་རྒུའི་མིག་གི་བདུད་རྩིར་གྱུར་པ་སྟེ། །
ཨེ་མ་འདི་ནི་ཕ་ཡུལ་གངས་ཅན་ལྗོངས། །