མདུན་ངོས། » གསར་རྩོམ། » བོན་ཆོས་དབར་གྱི་ཞིབ་འཇུག » དྲིས་ལན་ཕྱོགས་སྟོན་འཁོར་ལོའི་ནང་གི་བསྟན་དོན་ཁག་ཅིག་གི་ གསལ་བཤད་ཐེག་ཆེན་དགོངས་རྒྱན་བཞུགས་སོ། །

དྲིས་ལན་ཕྱོགས་སྟོན་འཁོར་ལོའི་ནང་གི་བསྟན་དོན་ཁག་ཅིག་གི་ གསལ་བཤད་ཐེག་ཆེན་དགོངས་རྒྱན་བཞུགས་སོ། །

 

དྲིས་ལན་ཕྱོགས་སྟོན་འཁོར་ལོའི་ནང་གི་བསྟན་དོན་ཁག་ཅིག་གི་
གསལ་བཤད་ཐེག་ཆེན་དགོངས་རྒྱན་བཞུགས་སོ། །

དྲང་སྲོང་རྣམ་རྒྱལ་གྱིས་བརྩམས།

 

བསྐལ་མང་ཐུགས་བསྐྱེད་རྩ་བ་རབ་བརྟན་ཅིང་། །
སྤངས་རྟོགས་རིན་ཆེན་བྱེ་བས་བསྐྲུན་པ་ཡི། །
ཐེག་དགུའི་བང་རིམ་མངོན་པར་མཐོ་བ་ཅན། །
ཐོད་དཀར་སྲས་ཀྱིས་སྐྱེ་རྒུ་འདི་དག་སྲུངས། །

 

སྒྲིབ་གཉིས་དྲི་བྲལ་བདེར་གཤེགས་རྫོགས་སངས་རྒྱས། །
འགོག་ལམ་མདོ་རྒྱུད་འཕྲུལ་ངག་གཡུང་དྲུང་བོན། །
བརྒྱུད་གསུམ་གཤེན་རབས་སེམས་དཔའ་ཆེན་པོའི་ཚོགས། །
སྐྱབས་གསུམ་རིན་ཆེན་རྣམས་ལ་དད་ཕྱག་བརྩེགས། །

 

དེང་དུས་ཕལ་ཆེར་དངོས་པོ་གཙོ་བའི་ལུགས། །
ཕྲ་ཞིབ་བདེན་དཔང་དངོས་བྱུང་འཚོལ་བ་ལས། །
བདག་ཅག་ཆོས་ལུགས་སྨྲ་བའི་ཞེན་ལྟའི་ཚིག །
ཉིན་མཚན་གཉིས་ཀར་སྐྱོར་ཡང་ནུས་པ་ཆུང་། །

 

འོན་ཀྱང་རིས་མེད་རྒྱལ་བསྟན་མ་དྲོས་མཚོར། །
རྩྭ་ཡི་ཟིལ་ཐིགས་ཙམ་ཞིག་མྱངས་པ་ཡིས། །
ཐེག་པ་ཆེན་པོའི་བསམ་པ་དང་བསྟུན་ནས། །
སྒྲོ་སྐུར་ལས་ངན་འགོག་ལ་བློ་ཡིད་ཕྱོགས། །

 

འདྲ་མིན་བཞེད་ཚུལ་ལྷུན་སྟུག་ནགས་ཀླུང་དུ། །
ཕལ་ཆེར་ལམ་ཕྱོགས་འཆོལ་བ་མཐོང་བའི་མོད། །
རགས་པའི་ཤར་ནུབ་ཕྱོགས་སྟོན་འཁོར་ལོ་ཡིས། །
གཟུར་གནས་ཕན་བདེའི་གནས་སུ་སྐྱེལ་དང་ལྷན། །

 

རྒྱལ་འཕགས་བཀའ་ལུང་འཆི་མེད་གྲུབ་པའི་གནས། །
ཐེག་ཆེན་ལྟ་བའི་ཚངས་ཐིག་མ་འཁྱོག་པར། །
ཐར་འདོད་འཇུག་ངོགས་གཅིག་པུར་བརྗོད་པའི་གཏམ། །
དཔྱོད་ལྡན་དགའ་བ་སྐྱེད་ལ་རང་དབང་ཅི། །

 

ཁ་ཅིག་རགས་པའི་བརྡ་དོན་མ་འཕྲོད་པས། །
གསལ་བཤད་ཅུང་ཞིག་འདི་ན་འབྲི་བ་ལ། །
བརྒལ་བརྟག་བགྱི་བའི་བརྩོན་པ་ཡོངས་དོར་ནས། །
ནང་མའི་གཏམ་གླེང་ཉུང་ངུས་ཆོག་པར་བྱ། །

 

དེ་ལ་ནང་པ་ཞེས་པ་ནི་གྲུབ་མཐའ་རང་རང་གི་ལུགས་ལ་རང་ཉིད་ནང་པ་དང་དེ་ལས་གཞན་པ་ལ་ཕྱི་པ་ཟེར་བ་མ་ཡིན་པར་ནང་སེམས་ཀྱི་ཉམས་ལེན་གཙོ་བོར་ཆོས་འདོད་པ་དང་། ལྷག་ཏུ་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ལམ་གྱི་རིམ་པ་ཡོད་མཁན་གྱི་གྲུབ་མཐའ་ལ་ནང་པ་འཇོག་དགོས་པ་ཡིན། འདས་མ་འོངས་ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་དེ་ནང་བསྟན་ཡིན་པས་གཡུང་དྲུང་གི་བོན་ཡང་ནང་བསྟན་ལས་གཞན་དུ་གྱུར་པ་ཞིག་མིན། དམངས་ཁྲོད་དུ་ནང་པ་ཞེས་པ་ཐུབ་བསྟན་རིང་ལུགས་པ་ཡིན་པ་གཞིར་བཞག་བྱེད་པ་མང་དུ་མཐོང་ཞིང་། བོན་གྱི་གནས་ཚུལ་ལ་རྒྱུས་མངའ་མེད་པའི་རིགས་ཤིག་ཡོང་གི་ཡོད་པས། ཐུབ་བསྟན་པ་ལ་ནང་པ་ཟེར་དགོས་པའི་རྒྱུ་མཚན་དང་བོན་ལའང་དེའི་ནང་ཚན་དུ་འདུ་བའི་ཚུལ་དེ་ནི་ཕྱོགས་གཉིས་ཀ་ནས་འགྲེལ་བཤད་རྒྱག་དགོས་པ་ལས་ཕྱོགས་གཅིག་མ་གཏོགས་བསམ་གཞིག་མ་བྱས་ན་སྤྱི་ཁྱབ་ཀྱི་འགྲེལ་བཤད་རྒྱག་མི་ཐུབ་པ་གསལ་པོ་ཡིན་པས་དེའི་དབང་གིས་ཐ་སྙད་ཆགས་ཚུལ་ལ་གོ་ཁག་པོ་བྱུང་ཡོད་པ་འདི་རེད།
འོ་ན་བསྟན་གཉིས་འགལ་མེད་ཡིན་ན་བོད་ཀྱི་ཆོས་བརྒྱུད་ཁག་ཅིག་གི་ལོ་རྒྱུས་སོགས་ལས་བོན་ལ་སྨད་པའི་ཚིག་ཡོད་པ་ཅི་ཡིན་ཞེ་ན། སྤྱིར་བོན་ཞེས་པའི་མིང་ཚིག་ནི་བོད་ཀྱི་བརྡ་རྙིང་པ་འཇུག་ཡུལ་དུ་མ་ཡོད་པ་ཞིག་ཡིན་ཞིང་། ལྷག་ཏུ་ཡ་ཐོག་སྲིད་པའི་བོན་དང་བདུད་བོན་དང་བཙན་བོན་སོགས་གཤེན་རབ་ཀྱི་ཡར་སྔོན་དུ་བྱུང་བའི་བོན་གྱི་རྣམ་གྲངས་དུ་མ་ཞིག་ཡོད་པ་དེ་དག་གཤེན་རབ་ཀྱིས་ཀྱང་བཀག་པར་ཡིག་རྙིང་ནང་གསལ་ཡོད་པས་བོན་དང་གཡུང་དྲུང་བོན་གྱི་ཁྱད་པར་དེ་ངེས་པར་ཕྱེད་དགོས་པ་ཡིན། འཚེ་བ་ཆོས་སུ་སྨྲ་བའི་རིང་ལུགས་ཁག་ཅིག་དུས་རབས་བརྒྱད་པའི་སྐབས་སུ་ཉམས་དམས་པར་བྱས་པ་དང་། གཡུང་དྲུང་བོན་ནི་སྐབས་དེར་གཏེར་དུ་སྦས་པའི་ལོ་རྒྱུས་བན་བོན་ཕྱོགས་གཉིས་ཀར་གསལ་ཡོད་པ་རེད། འོན་ཀྱང་ལོ་རྒྱུས་ཁག་ནས་གསལ་བ་ལྟར་སྐབས་དེའི་བོན་གཤེན་དྲག་གྲས་དེ་དག་གིས་ཆོས་དགེ་བ་བཅུ་བློར་མ་ཤོང་བ་སོགས་ཀྱི་གཏམ་རྒྱུད་ཡོད་ཀྱང་དེ་དག་རྩོམ་ཡིག་གི་སྔ་ཕྱི་གང་དུའང་ཁས་བླང་མེད་པས་བོན་པོ་རྣམས་བཟོད་མི་ཐུབ་པའི་གཏམ་ཞིག་མིན་པར་སྙམ།
བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་པ། ཞེས་པ་ལྟར་སྔ་མའི་ཤུལ་བཞག་དུས་ཕྱིས་སུའང་ཡོང་བསྡད་པ་དེ་དག་གཡུང་དྲུང་གི་བོན་མ་ཡིན་ལ་བོན་ཙམ་ཡིན་པས་དེའི་རིགས་ནི་བོད་ཀྱི་ནང་དུ་ཡོངས་སུ་གྲགས་པའི་བོན་ནག་ཏུ་འཇོག་པ་མིན་ན་གཡུང་དྲུང་བོན་གྱི་ངོས་ནས་དཀར་ནག་གི་དབྱེ་བ་རྙེད་དུ་མེད།
སྤྱིར་ན་འཇིག་རྟེན་ཆོས་བརྒྱད་ལ་དཀར་ནག་ཁྲ་གསུམ་ཡོད་པ་ལྟར་ཆོས་བྱེད་ཚུལ་ལའང་དཀར་ནག་ཁྲ་གསུམ་ཡོད་མོད། བླ་སྤྲུལ་དང་སྐྱ་སེར་སུ་རུང་གིས་འཇིག་རྟེན་བོན་བརྒྱད་དོན་དུ་གཉེར་ནས་མང་ཚོགས་ལ་བསླུ་བྲིད་བྱེད་དེ་གཡུང་དྲུང་གི་བོན་བྱེད་པའི་ཟོལ་གྱིས་སྒེར་གྱི་ཆབ་སྲིད་དང་ཆགས་སྡང་གི་རྒྱུར་བེད་སྤྱད་ནས་བསྒྲུབས་པའི་བོན་ནི་བོན་ནག་ཡིན་ལ། དེ་འདྲའི་སྒོ་ནས་དམ་པའི་ཆོས་བསྒྲུབ་ཁུལ་བྱས་ཀྱང་ཆོས་ནག་ཡིན་པ་སྨོས་མེད་ཡིན་པས་རྟོན་པ་བཞི་ཁས་ལེན་པའི་དབང་དུ་བྱས་ན་ཆོས་དང་བོན་ལ་དཀར་ནག་གི་མིང་འདོགས་པ་ལ་ཧ་ལས་དགོས་པ་ཞིག་མིན།
བོན་ཆོས་གཉིས་ཀའི་ནང་དུ་རྒྱ་ཁྱབ་ཏུ་དར་བའི་རྒྱུ་ཐེག་ནང་ཚན་མོ་གཏོ་དང་སྨན་དཔྱད། ལྷ་གསོལ་དང་འདྲེ་བཀར། ཕྱྭ་ཚེ་དང་གཡང་སྒྲུབ། མཐུ་གཏད་དང་དགྲ་བྲུབ་སོགས་ཀྱི་རྩ་བའི་གཞུང་ནི་ཚེ་འདིའི་བདེ་ཐབས་གཙོ་བོར་སྟོན་པའི་གཞུང་ཡིན་ཞིང་། ཆོས་ལུགས་དེ་དག་ནི་རྟེན་རང་བྱུང་ཁམས་ལ་སྲུང་སྐྱོབ་དང་། བརྟེན་པ་འགྲོ་བ་སེམས་ཅན་གྱི་ཚེ་སྲོག་དང་། དེ་བཞིན་གང་ཟག་སོ་སོའི་བདེ་སྐྱིད་དང་། ཆབ་སྲིད་ཀྱི་དགོས་མཁོ། མི་རིགས་ཀྱི་རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན་སོགས་ཚེ་འདིའི་ཕུན་ཚོགས་ནི་འཇིག་རྟེན་དུ་འཚོ་སྡོད་བྱེད་པའི་གང་ཟག་ཀུན་ལ་གལ་ཆེན་ཡིན་པས་དེ་དག་གི་ཆ་རྐྱེན་འཛིན་སྤེལ་བྱེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན། ཆོས་ཀྱི་བྱེད་སྒོ་དེ་དག་མཐའ་གཅིག་ཏུ་སྨོད་པའི་གནས་མ་ཡིན་པ་མ་ཟད། ཚེ་འདིའི་ཕན་བདེ་སྒྲུབ་ཐབས་ཀྱི་ཆོས་ལུགས་གལ་ཆེ་བ་ཞིག་ཡིན་པ་བསྙོན་དུ་མེད། ཐེག་པ་དེའང་གང་ཟག་གི་དབང་པོ་ལ་སྦྱར་བ་ཞིག་ཡིན་པས་དེའི་རྨང་གཞི་ནི་ཡ་ཐོག་སྲིད་པའི་བོན་ལས་བྱུང་ཞིང་དེ་ཉིད་སྟོན་པ་གཤེན་རབ་མི་བོས་རྣམ་པ་གཞན་འཚེ་མེད་ཞི་བའི་རང་བཞིན་དུ་བསྒྱུར་ནས་བྱུང་བ་ཞིག་ཏུ་ངོས་འཛིན་བྱ་ཆོག་སྙམ། སྤྱིར་རྒྱུ་ཐེག་བཞི་པོ་རང་རང་གི་ལྡོག་པ་ནས་གཞུང་བཞིན་སྤྱོད་དེ་རྟོགས་པ་རིམ་བཞིན་དུ་ན་འཕར་བའི་གང་ཟག་ཅིག་ལ་དེ་དག་སྤྱད་པས་ས་ལམ་གྱི་རྟོགས་པ་འཐོབ་པའི་བག་ཆགས་འཇོག་པའམ་རྟེན་འབྲེལ་ཡོད་པ་ཙམ་ལ་གོ་དགོས་པའི་ལུང་ཡོད་ཀྱང་། དོན་དུ་དེ་དག་གི་གཞུང་དུ་ཐད་ཀར་ས་ལམ་གྱི་རྣམ་གཞག་འཇོག་ཏུ་མེད་པ་མ་ཟད། སྟོན་པ་གཤེན་རབ་ཀོང་པོར་བྱོན་དུས་མཐའ་འཁོབ་མི་ཡིས་ལུང་མི་གོ་བས་རྒྱུ་བོན་ཙམ་ལས་མ་བསྟན་པར་མ་འོངས་པར་འབྲས་བུའི་བོན་ལ་སྤྱོད་པའི་སྨོན་ལམ་བཏབ་པར་གསུངས་པས་ཀྱང་གནད་དོན་དེ་ཤེས་ནུས་པ་ཡོད།
ཚེ་འདིའི་བདེ་ཐབས་གཙོ་བོར་སྟོན་པའི་བྱེད་ཐབས་དེ་དག་ནི་སྐྱེས་བུ་ཆུང་ངུའི་ཉམས་ལེན་གྱི་རིམ་པ་ཚེ་འདི་བློས་གཏོང་ནས་ཕྱི་མ་ཕན་པའི་ཐབས་སུ་ཆེད་དུ་གཉེར་བར་བྱ་བ་མ་ཡིན་པ་དང་། ཆོས་ལུགས་ཀྱི་བགྱི་སྒོ་དེ་དག་ནི་བོན་ཆོས་གཉིས་ཀར་རྒྱ་ཁྱབ་ཏུ་དར་ཞིང་། ཡོངས་གྲགས་ཀྱི་ཁུངས་ནི་བོན་ལས་བྱུང་བ་ཁས་ལེན་པས་ཐུབ་པའི་རིང་ལུགས་པ་རྣམས་ཀྱིས་བོན་ལུགས་ཐམས་ཅད་དེ་ལྟར་ཡིན་པར་དགོངས་ཏེ་འགྲེལ་བཤད་སྣ་ཚོགས་པ་གནང་ཞིང་བོན་པོ་ལ་སྨད་པ་བཏང་བའང་མང་དུ་བྱུང་ཡོད། དོན་དུ་གཡུང་དྲུང་བོན་གྱི་ལུགས་ལའང་རྒྱུ་བོན་དུ་ཡོད་པའི་ན་མཉམ་ཀེག་སྒྱུར་སོགས་གཞན་ལ་གནོད་པའི་གཏོ་ནག་རིགས་སྤོང་དགོས་པར་གསུངས་པ་ཡོད་ལ། མདོ་སྔགས་རྫོགས་གསུམ་གྱི་རྣལ་འབྱོར་རྟོགས་པ་མཐོ་རབ་ཅིག་ལ་རྒྱུ་བོན་ཕྲན་ཚེགས་ཀྱི་ཉམས་ལེན་ལ་ལྟོས་པ་མེད་པར་བཞེད་པ་ཡིན།
གཡུང་དྲུང་བོན་ལུགས་ནི་སྟོན་པ་གཤེན་རབ་ཀྱི་ལུགས་ཡིན་པ་ཡོངས་སུ་གྲགས་པ་ཡིན་ཞིང་། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་སུ་གཏོགས་པར་ཤོད་ཆོག་སྙམ་སྟེ། ད་ལྟའི་ཆར་འཛམ་གླིང་དུ་ཆོས་ལུགས་མང་པོ་ཞིག་ཡོད་པའི་ནང་ནས་ཆོས་ལུགས་ཆེ་ཁག་རྣམས་ཀྱི་ལྟ་སྤྱོད་དང་ཆ་ལུགས་སོགས་ལ་ཐུན་མོང་མཐོང་ཚུལ་གྱི་དབང་དུ་བྱས་ན་བོན་གྱི་སངས་རྒྱས་ཆོས་ལུགས་ཞེས་སྨྲ་ཆོག་པ་ལྟ་བུ་རེད། དེའི་དབང་གིས་གཡུང་དྲུང་བོན་ལུགས་དེ་དེང་སང་བོད་བརྒྱུད་ནང་བསྟན་གྱི་ནང་དུ་ཡོད་པ་ལས་ཟུར་དུ་དོན་མེད་པ་འདིས་ཀྱང་ཤེས་ཐུབ་པ་ཡོད།
ཆོས་ཀྱི་གཞུང་ལུགས་ཀྱི་དབང་དུ་བྱས་ནའང་གཡུང་དྲུང་བོན་ལུགས་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་དགོངས་དང་ཡོངས་སུ་མཐུན་ཞིང་། ལྟ་སྤྱོད་སོགས་གནད་དོན་ཆེ་ཁག་ལ་ཁྱད་པར་མ་བྱུང་བ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ནང་ཁུལ་ལའང་ཆོས་གོས་ཆ་ལུགས་མི་གཅིག་པ་ཡོད་ཀྱང་བོད་ཀྱི་བོན་པོ་དང་ཆོས་པ་གཉིས་མ་མཐའ་ཆ་ལུགས་ཆོས་གོས་ཆོ་ག་ཕྱག་ལེན་སོགས་ཀྱང་གཅིག་མཐུན་དུ་མཐོང་ཡོང་བ་འདིས་ཐུན་མོང་གི་ངོར་གཅིག་ལས་ཐ་དད་དུ་མི་འཆར་བ་ཡིན། ལྷག་པར་སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེན་པོའི་བསམ་བློ་ལ་སྦྱར་ནའང་གནད་གཅིག་ཏུ་ཤེས་ཐུབ་པ་ཡོད་པས་དེའི་སྐོར་གཤམ་དུ་འཆད་རྒྱུ་ཡིན།
གཡུང་དྲུང་བོན་ལུགས་ལྟར་ནའང་ལོས་ཀྱང་ཡིན་ཏེ། ཐུབ་པའི་བསྟན་པ་དེ་གཡུང་དྲུང་གི་བོན་ཡིན་པ་སྟོན་པ་གཤེན་རབ་ཀྱི་བཀའ་ལས་གསལ་བས་དོན་དུ་སྟོན་པ་གཤེན་རབ་ཀྱི་བཀའ་ལྟར་ན་གཤེན་རབ་དང་ཐུབ་པའི་བསྟན་པ་དེ་ལྡོག་པ་ཙམ་གྱི་སྒོ་ནས་སོ་སོར་འཇོག་པ་ལས་ངོ་བོ་གཅིག་ལས་གཉིས་སུ་ཁས་བླངས་མེད་པ་རེད།
འོ་ན། གླིང་གཞི་གཅིག་ལ་ཉི་མ་གཅིག བསྟན་པ་གཅིག་ལ་སྟོན་པ་གཅིག གསུངས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་སྟོན་པ་དུ་མ་གནས་གཅིག་ལ་དུས་གཅིག་ཏུ་བྱོན་ན་དགོས་པ་མེད་པའི་དབང་གིས་ཡིན་པ་ལས། གདུལ་བྱ་སེམས་ཅན་གྱི་སྣང་ཚུལ་ཐ་དད་པའི་དབང་གིས་གནས་དུས་ཐ་དད་པ་དུ་མར་སྤྲུལ་པའི་སྐུ་དུ་མ་འབྱོན་ཆོག་པར་གསུངས་ཡོད་དེ། མེ་སྟོན་ཤེས་རབ་འོད་ཟེར་གྱིས། བསྟན་གཅིག་སྟོན་པ་གཉིས་མི་འབྱུང་ཞེ་ན། །སྤྲུལ་སྐུ་སྟོན་པའི་མཚན་མང་དོན་ལ་གཅིག །གདུལ་བྱའི་སྣང་ཚུལ་ཐ་དད་བཤད་པ་དང་། །འགྲོ་བ་འདྲེན་པའི་ཐབས་ཚུལ་མཐུན་པའི་ཕྱིར། །ཞེས་གསུངས་པ་ལྟར་ཡིན།
གཡུང་དྲུང་བོན་ལུགས་ལྟར་ན་སྟོན་པ་ཤཱཀྱ་ཐུབ་པ་ནི་གཤེན་རབ་ཀྱི་གསུང་གི་བསྟན་པའི་ཟུར་སྡོང་གི་ཚུལ་དུ་བྱོན་པར་བཤད་པ་ཡོད་པ་མ་ཟད། གཤེན་རབ་ཀྱི་གསུང་གི་བསྟན་པ་དེ་ཐུབ་པ་བྱོན་ནས་ཆོས་སུ་སྟོན་ཚུལ་ཡང་གསུངས་ཡོད།
བན་བོན་གཉིས་ས་གནས་མི་འདྲ་བ་ནས་དར་བའི་དབང་དུ་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཆོས་ལུགས་གཉིས་ཀྱི་རྣམ་པར་ཡོད་པ་ལྟར་ནའང་། དེང་སང་གི་མི་ཁག་ཅིག་གི་བསམ་ཚུལ་ལྟར་དེ་གཉིས་ཆེས་འགལ་བ་རྣོ་ངར་ཅན་དུ་གྱུར་ཡོད་པར་བསམ་བཞིན་ཡོད་པ་ལ་དཔྱད་དགོས་པ་ཡོད་དེ། དུས་རབས་བརྒྱད་པའི་སྐབས་སུའང་གཡས་སྐོར་བ་ཕྱག་རྒྱ་ཆེན་པོ། གཡོན་སྐོར་བ་རྫོགས་པ་ཆེན་པོ། ཕྱག་འཚལ་བ་དབུ་མ་ཆེན་པོ་ཞེས་དང་། གནམ་ལ་ཉི་ཟླ་ཕྲུག་ཅིག ས་ལ་བན་བོན་སྡེབ་གཅིག་ཅེས་མཉམ་སྤྱོད་བྱས་པའི་གཏན་ཚིགས་ཀྱང་སྣང་བ་མ་ཟད། དུས་རབས་བརྒྱད་པའི་སྐབས་ནས་ད་ལྟའི་བར་དུ་བོན་ཆོས་རིས་མེད་སྤྱོད་མཁན་དང་། ཆོས་ཕྱོགས་ཀྱི་མཁས་གྲུབ་མང་པོས་བོན་ལ་བསྔགས་པ་བརྗོད་མཁན་གྲངས་མང་བྱུང་ཡོད་པ་རང་རྩོམ་དེར་བྲིས་ཡོད་པ་ནི་སྐབས་འདིའི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། དཔེར་ན།  ཚད་ཐུབ་བོད་ཀྱི་ལོ་ཙྭ་བ་རྔོག་ལོ་ཆེན་པོས། བཱཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །ཞེས་ལོ་ཙྭ་བ་རྣམས་ཀྱི་ནང་ནས་མཁྱེན་པ་ནམ་མཁའ་ལྟར་ཡངས་པའི་ལོ་ཆེན་བཱཻ་རོ་ཙ་ན་དེ་བོན་པོས། བོན་ཆོས་དབྱེར་མེད་བྭཻ་རོ་ཙ་ན། ཞེས་མངོན་པར་བསྟོད་དེ་གལ་ཆེན་དུ་བཟུང་ཡོད་པ་མ་ཟད། བོན་ལུགས་ཀྱི་གལ་ཆེའི་ཡིག་ཆ་ཐེག་རིམ་མེ་ལོང་དགུ་སྐོར་ལྟ་བུ་བྭཻ་རོས་བོད་དུ་བསྒྱུར་བར་འཁོད་ཡོད་པ་རེད། ཐེག་རིམ་དེ་ལ་བོན་གྱི་གྲགས་ཅན་མཁས་མཆོག་མཉམ་མེད་ཤེས་རབ་རྒྱལ་མཚན་སོགས་ཀྱིས་འགྲེལ་བཤད་བརྩམས་གནང་ནས་དབུས་གཏེར་ཐེག་པ་རིམ་དགུའི་རྣམ་གཞག་མདོ་སྔགས་རྫོགས་གསུམ་ཆ་ཚང་བའི་གཞུང་ལུགས་གཙོ་གྲས་ཤིག་ཏུ་གྱུར་ཡོད་པ་དེ་རེད། དེ་བཞིན་དུས་རབས་བརྒྱད་པའི་སྐབས་སུ་བོན་གྱི་བསྟན་པའི་གཉེར་དཔོན་ལྟ་བུར་གྱུར་པ་དྲན་པ་ནམ་མཁའ་ནི་རྙིང་མའི་རྗེ་འབངས་ཉེར་ལྔའི་གྲས་སུ་ཡོད་པ་སོགས་དུས་རབས་བརྒྱད་པའི་སྐབས་ཀྱི་གནས་ཚུལ་རེད།
རང་རྩོམ་དུ་ནཱ་ལན་ཌའི་རིག་པའི་གཞུང་ལུགས་ཞེས་གླེང་ཡོད། དེང་སང་བོད་བརྒྱུད་ནང་བསྟན་དར་བའི་རྒྱལ་ཁབ་ཀུན་ཏུ་གྲགས་པ་ཆེ་བའི་ཐ་སྙད་ཅིག་ལ་ནཱ་ལན་ཌའི་རིག་པའི་གཞུང་ལུགས་ཟེར་བ་དེ་རེད། རིག་པའི་གཞུང་ལུགས་དེ་ནི་རྨོངས་དད་དང་སྨོན་ལམ་ཙམ་ལ་མཐར་ཐུག་གི་བློ་གཏོད་མི་བཅོལ་བར་ཆོས་ཀྱི་དགོངས་དོན་ཤེས་ནས་དད་པ་སྐྱེ་ཐུབ་པ་དང་། ཆོས་ཀྱི་གོ་རྟོགས་སམ་ཤེས་རབ་ཀྱིས་དྲངས་པའི་སྙིང་རྗེ་དང་། ཤེས་རབ་ཀྱིས་དྲངས་པའི་བྱམས་པ་སྐྱེ་དགོས་པ་དང་། གང་ཟག་གི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་དེ་གསོལ་འདེབས་དང་སྨོན་ལམ་ཙམ་གྱིས་མ་ཡིན་པར་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་བསྒྲུབ་དགོས་པའི་ཆོས་ལུགས་ཤིག་ཡིན་པ་དང་། ལྷག་ཏུ་ཐར་པ་དང་ཐམས་ཅད་མཁྱེན་པའི་འབྲས་བུ་གལ་ཆེན་པོ་དེ་དག་ཀྱང་སངས་རྒྱས་ཀྱིས་གསུངས་པའི་ཕྱིར་ཟེར་ནས་མི་བསྒྲུབ་པར་དངོས་སྟོབས་ཀྱི་རིགས་པ་ལ་བརྟེན་ནས་བསྒྲུབ་སྟེ་འགྲོ་ཐུབ་པའི་ལྟ་གྲུབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མོད། ལྟ་གྲུབ་དེ་ནི་རིག་ལམ་གཏན་འབེབས་ཀྱི་ཐོག་ནས་དོན་གནད་ལ་བརྒལ་བརྟག་གམ་དགག་སྒྲུབ་ཀྱི་རིག་པའི་གཞུང་ལུགས་ཀྱིས་མ་རྟོགས་པ་དང་ལོག་རྟོག་དང་ཐེ་ཚོམ་གྱི་དྲྭ་བ་བཅད་ནས་རང་རྒྱུད་ལ་ངེས་པ་རྙེད་དགོས་པའི་རིག་པའི་གཞུང་ལུགས་ཤིག་རེད། ནཱ་ལན་ཌ་དང་འབྲེལ་བའི་རིག་པའི་གཞུང་ལུགས་ཟེར་སྨྲོས་པའི་རྒྱུ་མཚན་དེ་ཡིན་པ་ལས་རིག་པའི་གཞུང་ལུགས་དེ་ནི་རྒྱ་གར་གཅིག་པུ་ནས་བྱུང་བ་ཞིག་མིན།  རིག་པའི་གཞུང་ལུགས་དེ་ནི་གཡུང་དྲུང་བོན་གྱི་ལུགས་སུ་ཡོད་པ་ཡིན་པས་གཡུང་དྲུང་བོན་ལུགས་ལའང་ནཱ་ལན་ཌའི་རིག་པའི་གཞུང་ལུགས་ཀྱི་རིན་ཐང་ལྡན་ཡོད་པ་ཤོད་ཆོག རིག་པའི་གཞུང་ལུགས་དེ་ཆོས་ཕྱོགས་སུ་དར་ཁྱབ་ཆེ་བའི་དབང་གིས་ཕྱིས་ཀྱི་བོན་ཕྱོགས་ཀྱི་རླབས་ཆེན་གྱི་རྩོམ་པ་པོ་མང་པོ་ཞིག་རིག་པའི་གཞུང་ལུགས་དེ་དག་ལ་ཆོས་ཕྱོགས་ཀྱི་མཁས་པ་ལ་བརྟེན་ནས་སློབ་སྦྱོང་གནང་བ་མངོན་གསལ་རེད། མཁས་པ་དེ་དག་བོན་ཆོས་རེ་རེ་བའི་གཞུང་ལ་བརྟེན་ནས་མཁས་པར་གྱུར་པ་ཤོད་ཆོག་པ་ནི། མཁས་པ་དེ་དག་བོན་ཆོས་གཉིས་ཀའི་གཞུང་ལ་བརྟེན་ནས་མཁས་པར་གྱུར་པའི་རྒྱུ་མཚན་གྱིས་ཡིན།
དྲན་པ་ནམ་མཁའ་ལྟ་བུས་ཀྱང་། བོན་ཆོས་གཉིས་ལ་བདག་འཛིན་རུ་ཏྲ་བྱེད། །ངོ་བོ་གཅིག་ལ་གཉིས་སུ་འཛིན་པ་དེ། །དོན་དང་མི་མཐུན་ང་དང་རྒྱང་ཐག་རིང་། །ཞེས་གསུངས་འདུག་པས་ཁོང་གིས་བོན་ཕྱོགས་ཙམ་དུ་མ་ཟད་ཐུབ་པའི་གཞུང་ལུགས་ཐོས་བསམ་སྦྱངས་ནས་དེ་ལྟར་ངེས་ཤེས་རྙེད་པ་ཞིག་ཡིན་པ་ལས་ཐུབ་པའི་གཞུང་ལུགས་མ་སྦྱངས་ནས་རང་དགར་དེ་འདྲའི་ངེས་ཤེས་རྙེད་པ་ཞིག་ག་ལ་ཡིན་སྙམ། དེ་ཡང་ཡིག་རྙིང་ཁག་ནས་གསལ་བ་ལྟར་ན་དུས་རབས་བརྒྱད་པའི་སྐབས་སུ་བོད་ཀྱི་ཐུབ་བསྟན་རིང་ལུགས་ཀྱི་ལྟ་གྲུབ་དེ་གཙོ་ཆེ་བ་ནཱ་ལན་ཌའི་མཁས་པ་ཞི་བ་མཚོ་དང་། ཧ་ཤང་མ་ཧ་ཡ་ནའི་ལྟ་གྲུབ་གཉིས་ཡིན་པར་བཤད། མཐར་མངའ་བདག་རྒྱལ་པོས་བཀས་བཅད་ཀྱིས་བོད་དུ་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་བྱས་པར་གསལ་བས་དུས་རབས་བརྒྱད་པའི་སྐབས་སུ་རྒྱ་གར་ནས་བྱུང་བའི་ནཱ་ལན་ཌའི་རིག་པའི་གཞུང་ལུགས་དེ་བོད་ལ་གོ་གནས་གལ་ཆེན་བཟུང་ཡོད་པ་དཔོག་ཐུབ། སྐབས་དེར་རྗེ་འབངས་ཉེར་ལྔའི་གྲས་སུ་བཞུགས་ཡོད་པའི་དྲན་པ་ནམ་མཁའ་ནི་བོན་ལུགས་ཀྱི་མཚན་ཉིད་རིག་པ་ལ་བྱང་ཆུབ་པ་མ་ཟད། རྒྱ་གར་ནས་བྱུང་བའི་ནཱ་ལན་ཌའི་རིག་པའི་གཞུང་ལུགས་ལའང་རྒྱུས་མངའ་ཡོད་མཁན་ཞིག་ཡིན། གཞན་ཡང་རྙིང་མའི་རིན་ཆེན་གཏེར་མཛོད་ཀྱི་ནང་ཚན་དུ་དྲན་པའི་གཞུང་ཡོད་པ་དང་། དྲན་པ་དང་ཁྲི་སྲོང་། བཱཻ་རོ་བཅས་ཀྱི་བར་དུ་འབྲེལ་བ་ཇི་ལྟར་ཡོད་པའི་ཚུལ་ལ་དཔྱད་དགོས་པ་མང་དུ་ཡོད་པ་དང་། བོན་གསར་ཕྱོགས་སུ་དྲན་པ་ཡབ་སྲས་གསུམ་ཞེས་དྲན་པ་ནམ་མཁའ་དང་། པད་མ་འབྱུང་གནས་དང་། ཚེ་དབང་རིག་འཛིན་གསུམ་གལ་ཆེན་དུ་བརྩི་བའི་ལུགས་སྲོལ་ཡོད་པས་དུས་རབས་བརྒྱད་པའི་སྐབས་སུ་དྲན་པ་ནམ་མཁའ་དེ་ཐུབ་བསྟན་པའི་ཆོས་ལུགས་དང་འབྲེལ་བ་ཡོད་ཚུལ་བཤད་པ་དེ་གཏམ་གསར་པ་ཞིག་གཏན་ནས་མིན་པ་འདི་ཤེས་དགོས་ལ། དྲན་པ་ཡབ་སྲས་གསུམ་ཁས་ལེན་པའི་རྗེས་འབྲངས་པ་ཉམས་ལེན་ཚད་ལྡན་བྱེད་མཁན་ཞིག་ཡིན་ན་ཁོ་བོ་ལྟ་བུས་མཐའ་གཅིག་ཏུ་རྒོལ་བའི་གཏན་ཚིགས་མ་རྙེད་དོ། །
སྔ་རབས་བོན་བསྟན་དེ་ཤུགས་ཆེ་བ་སྔགས་པའམ་བླ་མའི་བརྒྱུད་པ་སྟེ་མི་སྐྱའི་སྤྱི་ཚོགས་ཀྱིས་འཛིན་མྱོང་བ་ཞིག་ཡིན་པར་གསལ་ཡོད་པ་ནི་སྔ་རབས་ཀྱི་བླ་མ་དང་སྔགས་བརྒྱུད་རྣམས་ཀྱི་མཛད་རྗེས་ལ་གདེང་འཇོག་ཞུས་ཡོད་པ་ལས་སྨད་པར་སོང་མེད་པ་ཞིབ་ཏུ་དཔྱད་ན་ཤེས། ལྷག་ཏུ་གསང་སྔགས་འཆང་བ་རྣམས་ཀྱི་ནང་དུ་མདོ་ཕྱོགས་མཚན་ཉིད་རིག་པ་ལ་སློབ་སྦྱོང་ཐོབ་པར་དཀའ་བ་ནི་མདོ་ཕྱོགས་ཀྱི་མཚན་ཉིད་རིག་པ་ལ་སློབ་སྦྱོང་དཔྱིས་ཕྱིན་པ་ཞིག་བྱ་བར་སློབ་སྦྱོང་གི་ཁོར་ཡུག་ཡོད་པའི་ཐོག་ནས་དུས་ཡུན་རིང་པོར་དཀའ་སྤྱད་འབད་བརྩོན་བརྒྱུད་པ་ལ་ལྟོས་དགོས་པ་དཔེར་ན་དེང་སང་ལོ་ཉི་ཤུ་སུམ་ཅུ་ཙམ་ལ་ཆོས་གྲྭ་འགྲིམས་ནས་འགྲོ་བ་ལྟ་བུ་ལ་ཟེར་བ་ཡིན།
གཡུང་དྲུང་བོན་ལུགས་ཉམས་ཆག་སོང་བའི་དབང་གིས་ནང་དོན་རིག་པའི་ཤེས་ཚད་ཞན་པོར་གྱུར་པའི་གནས་སྐབས་རྣམས་སུ་ཆོས་བརྒྱུད་གཞན་དག་གི་མཁས་པས་བོན་པོ་ཞེས་པ་དེ་གསོན་པོའི་རིམ་གྲོ་བྱེད་མཁན་ཞིག་ཡིན་པ་ལས། ནང་དོན་རིག་པ་ཡོད་པའི་གྲུབ་མཐའ་ཞིག་ཡིན་པར་ངོས་འཛིན་གནང་མེད་པ་ནི་བོན་ལ་མཚན་ཉིད་རིག་པ་མེད་པའི་སྒྲུབ་བྱེད་དུ་མི་འགྲོ་ཞིང་། བོན་ལུགས་ཉམས་ཆག་སོང་བ་དང་། ཆོས་ཕྱོགས་ཀྱི་མཁས་པས་བོན་ལ་ལྟ་ཚུལ་ཉེས་པའི་ཁུངས་སྐྱེལ་ཡང་དག་ཡིན་པས་ཚུལ་འདི་ནི་བན་བོན་གང་ལའང་གནོད་པའི་ཚིག་རྩུབ་ཁྱི་ཐོན་གྱི་ཟུག་ཆོམ་ལྟ་བུ་མ་ཡིན་པ་མ་ཟད། དམིགས་ཡུལ་དང་བྲལ་བའི་མུན་ནག་མདའ་འཕེན་གྱི་གཏམ་ཡང་གཏན་མིན་སྙམ།
བསྟན་པ་ཕྱི་དར་གྱི་སྐབས་སུ་ཐུབ་བསྟན་རིང་ལུགས་ཀྱི་གཞུང་ལུགས་མང་པོ་རྒྱ་གར་ནས་ཚུར་བོད་དུ་བསྒྱུར་ཏེ་བཤད་ཁྲིད་ཀྱི་རྒྱུན་དར་བ་ལྟ་བུ་ནི། ལོ་ཙཱ་བ་རྣམས་ཀྱིས་ཚིག་དོན་གཉིས་ཆ་ལ་སྦྱངས་པ་མཐར་ཕྱིན་བྱས་ཏེ་བོད་དུ་ཁྱེར་ནས་བོད་ལ་འབྱོར་དུས་རང་གི་སློབ་མ་ལ་ཟབ་རྒྱས་ཀྱི་བཤད་ཁྲིད་ཐད་ཀར་སྤེལ་ཐུབ་པ་ལྟ་བུ་བོན་པོའི་གཞུང་ལུགས་ཁག་ཅིག་སྟེ། དཔེར་ན། ཁམས་ཆེན་ལྟ་བུ་ལ་བཤད་ཁྲིད་བར་མ་ཆད་པའི་རྒྱུན་དེ་འདྲ་མེད་པར་འདོད་པ་དེ་གཏེར་སྟོན་དེ་དག་ལ་གཏེར་སྲུང་གིས་གནང་བའི་བྱིན་རླབས་ཀྱི་རྒྱུན་ཡོད་ཀྱང་། གཏེར་ཡིག་དེ་དང་དེའི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆ་ལ་བྱང་ཆུབ་པའི་བཤད་ཁྲིད་ཀྱི་རྒྱུན་ཐད་ཀར་རང་གི་སློབ་མ་ལ་སྤེལ་བ་གོང་མ་བཞིན་དུ་མེད་པར་བཤད་པ་དེ་ཅུང་ཟད་དཔྱད་པ་ཙམ་གྱིས་ཤེས་ནུས་པ་ཡིན་ཏེ། བོད་རྒྱལ་བརྒྱད་པ་གྲི་གུམ་བཙད་པོའི་སྐབས་སུ་གཏེར་དུ་སྦས་པ་དེ་ཕྱིས་སུ་དུས་རབས་བཅུ་གཅིག་པའི་ནང་དུ་གཤེན་ཀླུ་དགས་གཏེར་ནས་རྙེད་པའི་ཚུལ་དེ་ལོ་རྒྱུས་དངོས་ཡོད་ལ་བརྩིས་པས་ཡིན་པ་མ་ཟད། གཤེན་ཆེན་ཀླུ་དགའི་རྗེས་སུ་བྲུ་ཆེན་གྱིས་ཕྱི་དར་གྱི་མཚན་ཉིད་ཐེག་པའི་འཆད་ཉན་གྱི་ཤིང་རྟའི་ལམ་སྲོལ་ཕྱེས་པ་བོན་གྱི་ལོ་རྒྱུས་སུ་གསལ་བ་ལྟ་བུས་ཀྱང་ཚུལ་དེ་དག་ལ་དྭོགས་གཞི་མི་ཡོང་བ་ལྟ་བུར་ཡོད།
མཁས་པ་དཔལ་ཆེན་གྱིས་ཁམས་ཆེན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཀྲལ་བའི་ཚེ་ན་ཁོང་གིས་ཚད་ལྡན་བཤེས་གཉེན་ལ་བསྟེན་ནས་ཚུལ་བཞིན་དུ་སྦྱངས་པ་བྱས་མྱངས་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་པོར་བཀྲལ་བའི་གཞུང་བྱམས་པའི་མངོན་རྟོགས་རྒྱན་སོགས་ལ་བརྟེན་པ་དེ་ཁམས་ཆེན་གྱི་སྦས་དོན་མངོན་རྟོགས་རིམ་པ་བཀྲལ་བ་ལ་རིགས་པའི་བློ་སྒོ་ཕྱེས་པ་ལ་གོ་བ་ལས། བོན་གྱི་ཤེར་ཕྱིན་ལ་སྔར་མེད་གསར་བཟོ་ལྟ་བུའམ་ཕྱོགས་ཐམས་ཅད་ནས་འདྲ་བཤུས་བྱས་པ་ཞིག་ཏུ་གོ་བ་མིན། དེ་སྐོར་རྒྱས་བཤད་མི་དགོས་པར་དེས་འཐུས་སྙམ།
རང་རྩོམ་ནང་དུ། བློ་ངོར་འཆར་བདེ་མིན་གང་ལྟར་ཡང་ཐམས་ཅད་ངོ་བོ་གཅིག་པར་བཞེད་པའི་སྲོལ་མེད་པ་མ་ཡིན་ཏེ། རྡོ་རྗེ་གླིང་པའི་གཏེར་ཡིག་ཏུ། འཕགས་པ་རབ་འབྱོར་ཡིད་ཀྱི་ཁྱེའུ་ཆུང་ཡིནཿ  རྨ་ལོ་གཡུ་ལོ་མཽངྒལ་ཤྭ་རིའི་བུཿ གཏོ་བུ་འབུམ་སངས་ཉེ་གནས་ཀུན་དགའ་བོཿ ཞེས་འཁོད་པ་དེ་གཏེར་ཡིག་ལུང་འདྲེན་བྱས་པ་ཙམ་ལས་ཡིན་མིན་གྱི་རང་ལུགས་གང་ཡང་བརྗོད་མེད་པ་ཤེས་དགོས། སྤྱིར་ལྷ་སྔགས་ཞི་ཁྲོའི་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་རྣམ་པ་དེ་དག་ནང་ཕན་ཚུན་ངོ་བོ་གཅིག་མི་གཅིག་གི་ལྟ་ཚུལ་དེ་ནི་གང་ཟག་རང་རང་གི་ཉམས་ལེན་བྱེད་སྟངས་ལ་རག་ལས་པ་ཞིག་ཡིན་ཞིང་། གལ་སྲིད་ཉམས་ལེན་པ་ཞིག་གིས་དེ་དག་ངོ་བོ་གཅིག་པར་བལྟས་ནས་ཉམས་སུ་བླང་ན་དེ་དག་ཡུལ་གྱི་ངོས་ནས་ཐ་མི་དད་དུ་གྱུར་པ་ཞིག་ཀྱང་ཡིན་མི་དགོས་ལ། ཉམས་ལེན་པ་གང་ཞིག་གིས་ངོ་བོ་སོ་སོ་བར་བལྟས་ནའང་ཞི་ཁྲོའི་དཀྱིལ་འཁོར་དེ་དག་ནང་ཕན་ཚུན་ངོ་བོ་ཐ་དད་དུ་འགྱུར་བ་ཞིག་ཡིན་མི་དགོས།
ཡུལ་ལུང་མི་འདྲ་བའི་རིག་གཞུང་དང་སྐྱེས་ཆེན་དབར་གྱི་ལྟ་བ་ལ་མི་མཐུན་པ་ཡིན་དགོས་པ་དེ་དངོས་གཙོ་སྨྲ་བ་རྣམས་ཀྱི་ལུགས་ཡིན་པ་ལས་ལྟ་བ་དེ་ཆོས་ལུགས་སྤྱི་དང་། ལྷག་པར་ཐེག་པ་ཆེན་པོའི་ཆོས་ལུགས་ཀྱིས་ཁས་ལེན་མི་དགོས་མོད། དེའི་དབང་གིས་བསྟན་གཉིས་དགོངས་པ་གཅིག་ཏུ་གྱུར་པ་ཡིན་ཡང་ཕན་ཚུན་འདྲ་བཤུས་བྱས་པ་ཞིག་ཡིན་མི་དགོས་ཞེས་གོ་ཐུབ་པ་དགོས།
བོན་ལུགས་ཡོངས་གྲགས་སུ་སྟོན་པ་གཤེན་རབ་ནི་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་བརྒྱུད་པ་ཡིན་པར་གསལ་མོད། སྟོན་པ་གཤེན་རབ་ཤཱཀྱའི་བརྒྱུད་པར་བཤད་པའི་བོན་གྱི་ཡིག་ཆ་འདུལ་བ་རྒྱུད་དྲུག་སོགས་མང་པོའི་ནང་དུ་འཁོད་པ་དེ་ལ་ད་བར་དུ་འགྲེལ་བཤད་གནང་མཁན་མ་མཐོང་བས་དེ་སྐོར་འགྲེལ་བཤད་བྱ་ཕྱོགས་ཇི་ཡིན་བོན་པོ་རྣམས་ཀྱིས་བརྟག་ཞིབ་བྱེད་ནས་འགྲེལ་བཤད་བྱ་ཐུབ་པ་བྱེད་དགོས་ཞེས་རང་གི་རེ་བ་བཏོན་པ་ཙམ་ཡིན་པ་ལས་དོན་གནད་དེ་ལ་ཁོ་བོས་ནི་འགྲེལ་བཤད་གང་ཡང་ཞུ་མ་ཐུབ་པར་ལུས་ཡོད།
ཐེག་པ་ཆེན་པོའི་རྗེས་འབྲངས་ཀྱི་ཐུབ་བསྟན་རིང་ལུགས་པ་རྣམས་ཐེག་ཆེན་གྱི་ཆོས་ཁས་ལེན་ན་སངས་རྒྱས་མང་པོ་ཁས་ལེན་དགོས་པར་འདུག་སྟེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐེག་པ་ཆེན་པོའི་ཆོས་ལུགས་ཀྱི་དབང་དུ་བྱས་ན་སྟོན་པ་གཤེན་རབ་ཀྱི་མཛད་པ་དེ་སངས་རྒྱས་ཀྱི་མཛད་པ་ཡིན་དགོས་པ་བཤད་པའི་སྐོར་ནི། རང་རྩོམ་དུ། སངས་རྒྱས་རྒྱ་གར་དུ་བྱུང་བས་ཡུལ་གྲུ་གཞན་བོད་སོགས་ལ་སངས་རྒྱས་གཞན་མི་འབྱུང་བ་དགོངས་མོད། འདི་ལ་བསམ་པར་བྱ་དགོས་པ་ཞིག་ཡོད་དེ། ཐེག་པ་ཆེན་པོའི་གཞུང་ནས་རྡུལ་གཅིག་གི་སྟེང་དུ་འཇིག་རྟེན་ཁམས་ཀྱི་རྡུལ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་བཞུགས་པ་མ་ཟད་སངས་རྒྱས་དེ་དག་གིས་རང་གི་འཁོར་བྱང་སེམས་ལ་ཆོས་སྟོན་བཞིན་པར་བཞུགས་ཡོད་པ་ཞལ་གྱིས་བཞེས་དགོས་པ་ནི་བྱམས་འཇམ་དབྱངས་སོགས་ཀྱི་དགོངས་པ་ཡིན་པས། ཆེས་ཐག་རིང་བའི་ལྷོ་བྱང་གི་ས་ན་སངས་རྒྱས་ཁ་ཤས་ཤིག་བཞུགས་པ་ན་སངས་རྒྱས་ལ་མང་དུ་སོང་བའི་སྐྱོན་ཨེ་ཡོད། དངོས་དོན་བྱས་ན་ད་ལྟའི་ཆར་ཡང་སངས་རྒྱས་མང་པོ་ཞིག་བྱོན་ན་ལེགས་ཆ་ལས་ཉེས་ཆ་གང་ཡང་མེད། སངས་རྒྱས་ཀྱི་སྤྲུལ་པ་ལ་རིགས་བཞིར་གསུངས་ཀྱང་ཚད་འདི་ཁོ་ན་ཞེས་བརྗོད་པར་དཀའ་བས་སངས་རྒྱས་ཤཱཀྱ་ཐུབ་པའི་ལྟ་དགོངས་ཇི་བཞིན་སྟོན་པའི་བཀའ་ཡོད་པའི་གཤེན་རབ་ཅིག་ཞང་ཞུང་སོགས་སུ་བྱུང་ན་སངས་རྒྱས་ཀྱི་སྡོང་གྲོགས་སུ་འགྱུར་དགོས་ཏེ། དཔེར་ན། འཇིག་རྟེན་ན་མང་གཙོའི་ཡུལ་གྲུ་ཞིག་ཡོད་ན་དེ་མང་གཙོའི་སྲིད་ལུགས་ཀྱི་སྡོངས་གྲོགས་ཡིན་པས་སོ། །
དེའི་དབང་གིས་རྩིས་གཞུང་བཱཻཌཱུརྱ་སེར་པོ་ལ་སོགས་པར། སྟོན་པ་གཤེན་རབ་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པར་བཤད་ཡོད་ལ། འཇམ་དབྱངས་ནི་བྱང་སེམས་ཀྱི་ཚུལ་སྟོན་པའི་སངས་རྒྱས་ཡིན། །ཞེས་པ་ནི་གསལ་བཤད་ཟུར་དུ་མི་དགོས་སྙམ།
ཆོས་ལུགས་ཀྱི་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་འཇོག་ཏུ་ཡོད་པའི་དབང་གིས་ཀླུ་སྒྲུབ་ཀྱིས་ཡུམ་འབུམ་པ་ཀླུ་ཡུལ་ནས་དྲངས་པ་དང་། གཤེན་ཀླུ་དགས་ཁམས་ཆེན་སྟོང་ཕྲག་བརྒྱ་པ་གཏེར་ནས་བཏོན་པ་གཉིས་ཀ་ཡོང་ཆོག་པ་ཞིག་ཡིན་པ་མ་ཟད། གཞི་བདེན་པ་གཉིས་ལ་བཅོས་ཀ་བྱ་རྒྱུ་མེད་པས་དེ་གཏན་ལ་འབེབས་པའི་རིགས་པའི་འབབས་སའང་གཅིག་ཏུ་ངེས་པ་དེ་བོན་ཆོས་གཉིས་ཀའི་ལུགས་ལ་འགལ་བ་མེད་པ་མ་ཟད། དེའི་མཐར་ཐུག་གི་ཁུངས་ཐེག་ཆེན་གྱི་བསམ་པ་དང་སྦྱར་ནས་བཤད་པ་ནི་ཐེག་ཆེན་གྱི་ཆོས་ཁས་ལེན་མཁན་ཞིག་ཡིན་ན་བློར་མི་ཤོངས་པ་ཞིག་གཏན་མིན་སྙམ།
གཞན་ཡང་ཐེག་ཆེན་པ་ཞིག་གི་ཉམས་ལེན་གྱི་ཆ་ནས་བཤད་ན་སངས་རྒྱས་ལ་ཕྱོགས་རིས་མི་བྱེད་པར། སངས་རྒྱས་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་དབྱེ་བ་ཕྱེད་དུ་མེད་པ་དཔེར་ན་ཟླ་གཟུགས་ཆུ་སྣོད་དུ་མའི་ནང་དུ་ཤར་བ་ལྟར་ཡིན་པར་གསུངས་པ་ཡོད་པས། སངས་རྒྱས་རྣམས་ཀྱི་ཐུགས་ངོ་བོ་དབྱེར་མེད་དུ་བཞག་ནས་དེ་ལ་དད་པ་བྱས་པ་ལ་ཐེག་པ་ཆེན་པོའི་ཆོས་ལུགས་ནས་བཤད་པའི་གྲུབ་འབྲས་བཟང་པོ་ཡོང་བ་གདོན་མི་ཟ་སྟེ། བླ་མའི་རྣལ་འབྱོར་གྱི་སྒོམ་རིམ་རྣམས་སུ་རང་གི་བླ་མ་དེ་ངོ་བོ་སངས་རྒྱས་ཡིན་པའི་འདུ་ཤེས་འཇོག་དགོས་པ་མ་ཟད། རང་གི་བླ་མ་གཞན་རྣམས་ཀྱང་བླ་མ་གཙོ་བོ་དེ་དང་ངོ་བོ་གཅིག་པར་བསྒོམ་ནས་ཉམས་སུ་ལེན་པའི་རིམ་པ་རྒྱས་པོ་ཡོད་པ་རྣམས་ལས་ཤེས་ནུས་པ་ཡོད།
རང་རྩོམ་དུ་སྤྱིར་ན་དུས་རབས་བརྒྱད་པའི་སྐབས་སུ་ཆོས་ལུགས་ལ་བརྟེན་ནས་བོན་ལུགས་ཉམ་ཆག་ཕྱིན་པ་དང་། བསྟན་པ་ཕྱི་དར་ནས་ཆོས་ཀྱི་གཞུང་ལུགས་འཕེལ་རྒྱས་ཀྱིས་བོན་ལ་ཕན་བཏགས་པ་དེ་དོན་དངོས་ཡིན་སྙམ། ཞེས་འཁོད་པའི་གོ་བ་ནི། བསྟན་པ་ཕྱི་དར་སྐབས་སུ་བོད་ལ་ཐུབ་བསྟན་རིང་ལུགས་པ་རྣམས་ཀྱིས་རྒྱ་གར་ནས་མཚན་ཉིད་རིག་པའི་གཞུང་ལུགས་མང་པོ་ཞིག་བོད་དུ་བསྒྱུར་ནས་འཆད་ཉན་གྱི་གྲྭ་ཆེན་པོ་བཙུགས་པའི་སྐབས་སུ་བོན་གྱི་མཁས་པ་མང་པོ་ཞིག་དེ་དག་ཏུ་སློབ་གཉེར་གནང་རྒྱུའི་གོ་སྐབས་ཐོབ་སྟེ་རྗེས་སུ་བོན་རང་གི་འཆད་ཉན་བཙུགས་པ་དང་བཀའ་བརྟེན་བརྩམས་པ་སོགས་བོན་ལུགས་འཆད་ཉན་གྱི་རྒྱུན་འཕེལ་བའི་རྐྱེན་དུ་སོང་བའི་ཚུལ་ལ་བསམ་ནས་བློ་གཟུ་བོར་ཕྱོགས་ཏེ་བརྗོད་པ་ཡིན་པས་བརྗོད་ཚུལ་དེ་ལ་ཐལ་ཆ་གང་ཡང་མེད་པ་མ་ཟད། བརྗོད་ཚུལ་དེ་ནི་བོན་གྱི་མ་ཧ་པཎ་ཊི་ཏ་དབྲ་སྟོན་སྐལ་བཟང་རྒྱལ་མཚན་གྱི་གསུང་ལས། འབྲས་བུའི་བོན་རྣམས་ཕྱིས་སུ་གཏེར་ནས་བཏོན་ཏེ་ཇེ་དར་དུ་སོང་བས། ད་ལྟར་བོན་དར་བའི་བདག་རྐྱེན་ཡང་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བར་སྣང་མོད། བོན་པོ་སྔོ་ཐུལ་ཅན་ཕལ་གྱིས་མི་དགོངས་པར་དྭོགས་སོ། །ཞེས་གསུངས་ཡོད་པ་དང་བསྡུར་ན་གོང་གི་དེ་ནི་དེ་ལས་དགུ་འགྱུར་གྱིས་མངོན་ཚན་ཆུང་བའི་གཏམ་ཞིག་ཡིན།
གཤམ་དུ་རང་ཉིད་ཆོས་ལ་ཞུགས་པའི་དགོས་པ་ཆོས་ལུགས་ནང་གི་ཉམས་ལེན་གྱི་ལེགས་ཆ་དེ་དག་གང་ཐུབ་ལེན་དགོས་པ་ལས། ཆོས་ལུགས་ལ་བསྟེན་པའི་སྡིག་ཉེས་གསོག་མི་རིགས་པའི་སྐོར་བྲིས་པ་དེ་དག་གསལ་ཁ་ཅན་ཡིན་པས་དྭོགས་གཞི་གང་ཡང་མེད་སྙམ།
སྤྱིར་ཆོས་དང་གང་ཟག་གཉིས་ནི་ཧ་ཅང་གི་བར་ཐག་རིང་བ་ཞིག་ཡིན་པ་ཤིན་ཏུ་གསལ་བས་སྐབས་འགར་གང་ཟག་བྱེ་བྲག་པའི་དགའ་ཕྱོགས་དང་སྡང་ཕྱོགས་ལ་བརྟེན་ནས་འགྱུར་ལྡོག་སྣ་ཚོགས་ཡོང་བསྡད་པ་ཞིག་ཡོད་དེ། དམངས་ཕལ་གྱིས་ཆོས་ལུགས་མི་སྣའི་འགུལ་སྐྱོད་ཀྱི་རྒྱབ་ལྗོངས་ཆ་ཚང་བདེ་བླག་ཏུ་ཤེས་ཐུབ་ཀྱི་མེད། ཆོས་ལུགས་ཁ་ལ་འཁྱེར་ནས་རང་གི་འདོད་པ་སྒྲུབ་མཁན་སྔར་ནས་ད་བར་དུ་རྒྱུན་མ་ཆད་མོད། བྱེད་ཐབས་འདི་ནི་སྤྱི་དང་སྒེར་གྱི་ཆབ་སྲིད་ཀྱི་གནད་དོན་ལས་བྱུང་བ་ཡིན་ཞིང་། རྣམ་པར་དག་པའི་ཆོས་ཉམས་ལེན་གྱི་ལྡོག་ཕྱོགས་སུ་གྱུར་ཡོད་མོད། དེ་ནི་ཆོས་བྱེད་མི་སྣ་རྣམས་ཀྱིས་ཆོས་ལུགས་སོ་སོའི་དབར་དུ་བེད་སྤྱད་ཡོད་པ་མ་ཟད། ཆོས་ལུགས་ནང་ཁུལ་ལའང་དེ་བཞིན་དུ་བེད་སྤྱོད་ཅིང་ཡོད་པས་ཆབ་སྲིད་ཀྱི་དགོས་མཁོ་དང་གང་ཟག་གི་སྒེར་གཅོད་རིང་ལུགས་ལ་བརྟེན་པའི་ཉེས་པ་མང་པོ་ཞིག་ཡོད་པ་དེ་དག་ཆོས་ལུགས་སྤྱི་ཡི་ཐོག་ཏུ་འགེལ་མི་རིགས་པ་འདི་ཤེས་དགོས། །
མཐའ་དོན་རང་ཅག་རྣམས་ཀྱིས། བོན་དང་ཆོས་སུ་ཡི་རྗེས་འབྲངས་ཡིན་ཡང་ཚད་མ་ཡང་དག་གི་རྒྱབ་བརྟེན་མེད་པར་ཆགས་སྡང་གིས་ཀུན་ནས་བསླངས་ཏེ་ང་བདེན་ཁྱོད་རྫུན་གྱི་ངག་འཁྱལ་སྨྲ་བ་རྣམས་ནི་རྣ་བ་གཏོད་པའི་ཡུལ་མ་ཡིན་ཏེ། ཇི་སྐད་དུ། བན་སྔགས་བོན་གྱེར་ཆང་དྲི་ཐུལ་ལེ་བའི། །ཁ་ནས་ཐོན་པའི་གཏམ་ལ་ཅི་ཆ་ཡོད། །ཅེས་པ་ལྟར་རེད། དགེ་སྦྱོར་བ་ཞིག་ཡིན་ཕྱིན་རྒྱལ་བ་སྲས་དང་བཅས་པས་ལན་གཅིག་མིན་པར་སྨད་པའི་ཆོས་དང་གང་ཟག་ལ་བསྐུར་འདེབས་ཀྱི་དམྱལ་བའི་འབུད་ཤིང་དུ་འགྱུར་བའི་རྒྱུ་ཉུང་དུ་གཏོང་ཞིང་། རང་ཉིད་ཆོས་དང་འཕྲད་པའི་སྙིང་པོ་རང་ནུས་ལ་ལྟོས་པའི་ཉམས་ལེན་ལ་འཇུག་པ་ནི་ཡང་དག་པའི་ཆོས་ཀྱི་བླང་བྱ་ཡིན། རང་ཉིད་ཆོས་ལུགས་ལ་ཞུགས་པའི་སྙིང་པོ་སེམས་རྒྱུད་ལ་ཕན་མ་ཐོགས་ན་རང་གི་གྲུབ་མཐའི་ནང་ཚན་ལ་སངས་རྒྱས་དང་བྱང་སེམས་ནམ་མཁའི་སྐར་ཚོགས་ལྟར་སྔར་བྱོན་ཟིན་པ་དེ་ཙམ་གྱིས་རང་ལ་ཅི་ཡང་མི་ཕན་པ་ནི། སྔོན་མའི་སྐྱེས་བུ་དམ་པ་རྣམས་ཀྱིས། སྤྱིར་གྱི་བསྟན་པ་ང་ཚོའི་རྒྱུད་ལ་མེད། གང་ཟག་རང་རང་སྒེར་གྱི་བསྟན་པ་དེ་སྒོས་ནུབ་ཏུ་མ་སོང་བ་དགོས། གསུངས་པ་ནི་རང་རེ་རྣམས་ལ་གདམས་པ་གལ་ཆེན་ཞིག་ཡིན་པར་གོ་བ་བྱ་རྒྱུ་ནི་ཆོས་ལ་ཞུགས་པའི་དོན་ཡིན་པ་རང་གཞན་ཀུན་གྱིས་ཤེས་དགོས་གལ་ཆེན་དུ་མཐོང་ཞེས་མཐའ་མའི་མཇུག་བསྡུའི་ཚུལ་དུ་སྨྲས་པའོ།། །།

 

བདག་འཛིན་གཉིས་ཀྱིས་བཅིང་བའི་འགྲོ་བ་ཀུན། །
བྱ་བ་ཐམས་ཅད་དེ་ཡི་རྗེས་འགྲོ་ཕྱིར། །
གསུང་རབ་གདམས་པར་འཆར་བའང་དཀའ་བ་སྟེ། །
དེ་ཕྱིར་དེ་ལ་རིན་པོ་ཆེ་ཞེས་བསྔགས། །

 

སྐུ་གསུམ་སྟོན་པ་རྗེས་འབྲངས་དང་བཅས་པའི། །
བོན་ཆོས་བསྟན་པ་རིས་སུ་མ་ཆད་པར། །
མཐའ་དག་ཕན་བདེའི་གསོས་སུ་སྤྱོད་ནུས་པའི། །
གདུལ་བྱའི་ཚོགས་རྣམས་སྔོན་བསགས་སྐལ་པ་སྦོམ། །

 

ཇི་སྐད་དྲན་དབང་ཞལ་ནས་གསུངས་པའི་ཕྱིར། །
ཆོས་ལ་བརྟེན་པའི་དགེ་མཚན་ལེན་པ་ལས། །
གྲུབ་མཐས་བཅོས་པའི་སྐྱོན་གྱིས་མ་རེག་པ། །
འདི་ནི་དུས་ཀུན་ཕན་པ་ཆེ་བར་སྣང་། །

 

དོན་དམ་རྩ་བ་འཚོལ་ན་ཕུ་ཐག་རིང་། །
ཀུན་རྫོབ་རྩེ་མོ་ཞིབ་པའི་ངག་འཁྱལ་ལ། །
ཡང་དག་རིགས་པས་ཡན་པོར་མི་གཏོང་བས། །
དེ་ཕྱིར་བག་ཡོད་བྱ་བ་སྙིང་གཏམ་ཡིན།། །།

ཞེས་པ་འདི་ནི་རིས་མེད་དམ་པ་དུ་མའི་དྲིན་གྱིས་ཆོས་བོན་རྒྱལ་བསྟན་རིས་མེད་ལ་ཐོས་བསམ་གྱི་སྐལ་བཟང་རྙེད་དེ་ཅུང་ཟད་ཤེས་ནས་དད་པ་ཐོབ་ཅིང་གཟུར་གནས་ཀྱི་གཏམ་སྨྲ་བ་ལའང་མི་འཇིགས་པའི་སྤོབས་པ་དགེ་བ་ཅན་དགེ་མིང་དྲང་སྲོང་རྣམ་རྒྱལ་དུ་འབོད་པས་དཔྱོད་ལྡན་འགའ་ཞིག་གིས་བསྐུལ་ཏེ་ནུབ་ཕྱོགས་ཨ་རིའི་ཡུལ་དུ་ཕྱི་ལོ་༢༠༡༤ཟླ་༤ཚེས་༡༨ལ་བྲིས་པ་འགྲོ་ཀུན་མཐའ་བྲལ་ཐེག་པ་ཆེན་པོའི་བསམ་པ་ལ་སྤྱོད་པའི་རྒྱུར་གྱུར་ཅིག།། །།