མདུན་ངོས། » གསར་རྩོམ། » རང་རྩོམ་བོད་གཞས་ཁག། » མཐོན་པོ་དགུང་གི་ལྷ་ལ་འོ་དོད་འབོད།།

མཐོན་པོ་དགུང་གི་ལྷ་ལ་འོ་དོད་འབོད།།

 


མཐོན་པོ་དགུང་གི་ལྷ་ལ་འོ་དོད་འབོད།།

 

༡༽ཨཱོ། །མཐོན་པོ་དགུང་གི་ལྷ་ལ་འོ་དོད་འབོད། །
བདག་ཅག་མགོན་སྐྱབས་སྡོང་གྲོགས་མ་བྱས་ན། །
སྣོད་བཅུད་རྟེན་དང་བརྟེན་པ་འཇིག་ལ་ཕྱོགས། །
འཇིག་རྟེན་མུན་པར་འགྱུར་ལ་ཤིན་ཏུ་ཉེ། །

 

༢༽ཨཱོ། །གོ་ལའི་དྲོད་ཀྱིས་གངས་རིའི་ལྭ་བ་ཕུད། །
ས་གཞིའི་རླངས་པས་མཁའ་དབུགས་རྒྱུ་བ་བཅད། །
ནགས་ཀྱི་མཛངས་མའི་གནག་སྣུམ་དབུ་སྐྲ་ཟད། །
རིན་ཆེན་གཏེར་ཁའི་གཙུག་ནོར་རྐུན་པོས་ཁྱེར། །

 

༣༽ཨཱོ། །དྭངས་བསིལ་འབབ་ཆུ་རྙོགས་མའི་དུག་དང་འདྲེས། །
རྒྱ་མཚོའི་གོས་ཅན་ཐུན་མོང་སྐལ་བས་དབེན། །
སྨྲ་ཤེས་དོན་གོ་འཕྲུལ་ཆས་བྲན་གཡོག་གྱུར། །
ཁོར་ཡུག་འབག་བཙོག་གད་སྙིགས་ཕུང་པོ་འདྲ། །

 

༤༽ ཨཱོ། །བྱང་སེམས་སྙིང་རྗེ་རྐུན་མ་བཞིན་དུ་ཕུད།
འཐེན་ཁྱེར་ནང་དམེ་ཉམས་ལེན་བཞིན་དུ་སྐྱོང་། །
ཡ་རབས་སྲོལ་བཟང་ངན་སྐྱུག་ལྟར་དུ་དོར། །
མ་རབས་ཕྱོགས་སུ་རྦབ་ཆུ་བཞིན་དུ་འཇུག །

 

༥༽ཨཱོ། །ཀ་ཁའི་རིག་གནས་དུས་མཐའི་རླུང་གིས་གཏོར། །
ལེགས་བཤད་མཐོང་ན་མིག་དང་རྣ་བ་ཚ། །
ནོར་དང་ཐོབ་ཐང་ཐར་པ་ཆེན་པོར་རློམས། །
ཆོས་གོས་གྱོན་པའི་ཆོས་ཀྱི་སྤྱང་ཀིའང་མང་། །

 

༦༽ཨཱོ། །རང་བྱུང་གནོད་འཚེས་རྟག་ཏུ་སྒུགས་པ་འདྲ། །
ཡམས་ནད་འདྲ་མིན་ནགས་ལ་མེ་ལྕེ་བཞིན། །
སྲོག་ལྡན་རྣམས་ནི་རླུང་ནང་མར་མེ་འདྲ། །
སྣོད་བཅུད་ཞི་བདེའི་ཕྱོགས་སུ་སྡོངས་གྲོགས་མཛོད། །
ཕྱི་ལོ་༢༠༡༢ཟླ་༦ཚེས་༣ཉིན་བྲིས།