མདུན་ངོས། » གསར་རྩོམ། » གྲགས་རྩོམ། » བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་།

བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་།

 

 

བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་བཞུགས་སོ། །

 

རྒྱ་གར་གྱི་གྲགས་ཅན་སྙན་དངགས་མཁན་དགེ་དབང་། 

༄༅།   །རྒྱ་གར་སྐད་དུ། བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤཱ་ལ་ཏཱ། ན་མཿརྦྦ་ཛྙཱ་ཡ། །བོད་སྐད་དུ། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །

གང་ཐུགས་དྲི་བྲལ་ཤེལ་ལ་ཆགས་མཚོན་འཛིན་པ་མིན་པ་ཉིད། །གང་གིས་ཁྲོ་བ་མེད་ལ་རང་གིས་འཁོར་བའི་དགྲ་སྡེ་མངོན་པར་བཅོམ། །ཀུན་མཁྱེན་དེ་ཡིས་ཁྱེད་ལ་དགེ་ལེགས་གཡོ་བ་མེད་གྱུར་ཅིག །དམ་པའི་གྲིབ་བསིལ་དང་ལྡན་བརྟན་པའི་ཆོས་ཀྱི་རྩ་བས་བསྐོར་ཅིང་བསོད་ནམས་ར་བར་གནས། །བློ་དང་རིག་པ་སྙིང་རྗེ་ལ་སོགས་ཆུ་ཡིས་རྣམ་མཛེས་རྣམ་པར་རྒྱས་པའི་ཡལ་ག་ཅན། །ཆོག་ཤེས་དྲི་མེད་ཡལ་འདབ་གྲགས་སྙན་དཀར་བའི་མེ་ཏོག་རྟག་ཏུ་དམ་པའི་འབྲས་བུ་ ནི། །བསམ་ཀུན་ཡོངས་སུ་རྫོགས་པར་མཛད་པ་དཔལ་ལྡན་སངས་རྒྱས་ལྗོན་པ་རྣམ་པར་རྒྱལ་ གྱུར་ཅིག །འཁོར་བ་ཆུ་སྲིན་འབྱུང་གནས་ལས། །འགྲོ་བ་གདོན་པའི་བློ་གྲོས་ནི། །མཐུ་ཆེན་རྣམས་ལས་འབྱུང་འགྱུར་ཏེ། །དེ་ཡང་འདི་སྐད་རྗེས་སུ་ཐོས། །གསེར་གྱི་བ་གམ་གཞལ་ཡས་ཁང་། །ཁང་པས་བསྐོར་བའི་གྲོང་ཁྱེར་ནི། །འོད་ལྡན་ཞེས་བྱ་བསོད་ནམས་ལས། །འོད་ལྡན་མཐོ་རིས་ལྟ་བུ་ཡོད། །ལེགས་པ་རྣམས་ཀྱིས་ལེགས་བྱས་པའི། །རིག་འཛིན་དང་ལྡན་གྲུབ་པ་དང་། །དྲི་ཟའི་ཚོགས་ཀྱིས་རབ་ཏུ་བསྟེན། །བརྒྱ་བྱིན་གྲོང་ཁྱེར་སར་གཤེགས་འདྲ། །ཆོས་ཀྱི་རྒྱལ་པོའི་ཕོ་བྲང་བཞིན། ། བསོད་ནམས་ཁང་པ་བསྔགས་འོས་ཤིང་། བདེན་དང་བརྟུལ་ཞུགས་སྦྱིན་པ་དང་། །བརྩེ་བའི་རང་བཞིན་གྱིས་རྟག་བསྟེན། །གཟི་བརྗིད་ལ་བརྟེན་ལྷ་རྣམས་ཀྱིས། །གང་གི་གྲགས་པ་མངོན་མཆོད་པ། །རབ་གསལ་ཞེས་བྱའི་ས་བདག་དེ། །དེར་ནི་ས་ཡི་ཐིག་ལེར་གྱུར། །གང་གི་གྲགས་པའི་མེ་ཏོག་གི། །དོག་པ་ཡོན་ཏན་དྲི་བཟང་ཚོགས། །ཕྱོགས་ཀུན་རི་དྭགས་མིག་ཅན་གྱི། །རྣ་བ་ཡི་ནི་རྒྱན་དུ་གྱུར། །ཐབས་ཤེས་ལྡན་པ་ གང་གི་བཀའ། །ས་སྐྱོང་མགོ་ཡི་ཚོགས་རྣམས་ལ། །གསེར་གྱི་མེ་ཏོག་དྲི་མེད་ཀྱི། ། འཕྲེང་བ་བཞིན་དུ་རབ་ཏུ་བགྱིད།   །ནམ་ཞིག་ས་ཡི་དབང་ཕྱུག་དེ། །མདུན་སར་བཞུགས་ལ་གླང་པོ་ཡི། །ནགས་ཀྱི་བདག་པོ་མངོན་ཕྱོགས་ཏེ། །པུས་མོ་ས་ལ་བཙུགས་ནས་སྨྲས། །རྨད་དུ་བྱུང་བ་བདག་གིས་བཟུང་། །སྐབས་གསུམ་པར་འོས་སོ་གཉིས་འདི། །སྒོ་ན་གནས་སོ་རབ་ཏུ་གཟིགས། །གང་ཕྱིར་ཇོ་བོས་གཟིགས་གྱུར་ན། །གཡོག་འཁོར་ཡོངས་ངལ་འབྲལ་དང་བཅས། །དེ་དག་ཐོས་ནས་མི་བདག་ནི། །བློན་ལ་ཡང་དག་བགྲོས་ནས་སོང་། །སྒོར་ནི་སོ་གཉིས་ཀེེ་ལ་ཤ། །གཡོ་བ་ལྟ་བུ་མཐོང་གྱུར་ཏེ། །རབ་ལྷག་དྲི་བཟང་གིས་བོས་པ། །བུང་བ་འགྲམ་པའི་རྔ་རྣམས་ཀྱིས། །སྒེག་པའི་རྒྱན་ནི་ཡིད་འོང་བ། །དཔྱིད་ཀ་བཞིན་དུ་རབ་ཏུ་བསྟེན། །འབིགས་བྱེད་ཀྱི་ནི་ཆུ་ཤིང་དང་། །ཤ་ལ་ཀི་ཡི་ ནགས་ཀྱི་དཔལ། །དྲན་ལས་མིག་ནི་ཟུམ་གྱུར་ཅིང་། །སོ་ཡི་བར་དུ་ལག་པ་བརྐྱངས། །འདབ་མ་བདུན་པའི་དྲིས་རྒྱས་ཤིང་། །ཨ་གསྟྱཱ་ཡིས་བསྟན་པ་ལས། །འབིགས་བྱེད་མི་གཡོ་ས་ལ་ནི། །གླང་པོའི་རྒྱལ་པོར་གྱུར་ལྟར་མཐོ། །སོ་ཡི་ཀ་བས་རབ་བརྒྱན་ཅིང་། །དཔལ་འབྱོར་རྣམ་པར་རྩེ་བའི་གནས། །དེ་ནི་རྣམ་གཟིགས་ས་ཡི་བདག ཡ་མཚན་གྱུར་ནས་འདི་ལྟར་བསམས། །ཨེ་མ་གསར་པ་གསར་པར་ནི། །རབ་གྱུར་ངོ་མཚར་སྤྲུལ་བྱེད་པ། །བསྔགས་འོས་ལས་རྣམས་འཁོར་བར་ནི། །སྤྲོས་པའི་རྒྱུན་དག་ཆད་པ་མེད། །བདུད་རྩིའི་ཆུ་གཏེར་མ་བསྲུབས་ཤིང་། །ནོར་རྒྱས་ཐང་ཡང་མ་བཅད་ལ། །རི་བོ་བསྒྲིལ་བ་མེད་པ་ནི། །གླང་པོ་འདི་ནི་སུ་ ཡིས་བསྐྲུན། །དེ་ནས་གླང་ཆེན་ཁ་ལོ་པ། །ཀུན་ཏུ་བགྲོད་ཅེས་བཀའ་གཉན་ལ། །གླང་ཆེན་འདི་ནི་ཐུལ་ཅིག་ཅེས། །ས་ཡི་བདག་པོས་ཀུན་ཏུ་བསྟན། །དེ་གདམས་ས་སྐྱོང་ནང་གི་ནི། །གྲོང་གི་ཁང་པར་གཤེགས་པར་གྱུར།   །བསླབ་པ་ཀུན་གྱི་ཁུར་བཟོད་པའི། །གླང་ཆེན་ཀུན་ཏུ་བགྲོད་ཀྱིས་བཟུང་། །དེ་ཡི་སློབ་མ་དམ་པ་བཞིན། །སྐྱེ་བ་སྔར་གོམས་དབང་གྱུར་པ། །ཤེས་རབ་ལྡན་དེས་འབད་མེད་དུ། །བསླབ་པ་ཀུན་གྱིས་རྣམ་དུལ་ཐོབ། །སྦྱིན་མང་གདུང་བ་མེད་པ་དང་། །སྟོབས་དང་སྤྲོ་ལྡན་བཟོད་པར་ལྡན། །དགྲ་འཇོམས་ལེགས་པར་འགྲོ་བ་དེ།   །རྒྱལ་པོ་ཉིད་དང་མཚུངས་པར་གྱུར། །དེ་ནས་གླང་པོའི་དབང་པོ་དེ། །གདུལ་བའི་བྱ་བ་མཐར་ཕྱིན་ནས། །བྱ་བ་བྱས་པའི་ཀུན་བགྲོད་ཀྱིས།   །མི་དབང་ལ་ནི་སྦྲན་པར་གྱུར།   ། རྣམ་འགྱུར་མེད་པའི་སྟོབས་རྒྱས་པ། །ལྕགས་ཀྱུའི་དབང་གྱུར་དེ་མཐོང་ནས། །སྤྲོ་བ་ཡི་ནི་རྩེར་ཞུགས་པ། །རྒྱལ་པོའི་དཔལ་དུ་རྒྱལ་པོས་བསམས། །དེ་ནས་རབ་དགའ་ཡང་དག་སྐྱེས། །མཁས་པར་བསླབས་པ་བལྟ་ཕྱིར་དེ། །འོད་སྟོང་ཤར་གྱི་རི་ལ་བཞིན། །དེ་ལ་སྤྲོ་བ་ཆེན་པོས་ཞོན། །དེ་ནས་གླང་པོའི་དབང་པོ་དེའི། །དཀྱིལ་འཁོར་ཀུན་ཏུ་ཡང་དག་རྒྱུ། །མཁས་པ་བློན་བཞིན་དབང་སྒྱུར་བ། །ཀུན་ཏུ་བགྲོད་ཀྱིས་ཡང་དག་བརྟན། །རྒྱལ་པོ་རང་གི་སྤྲོ་བ་བཞིན། །གླང་པོ་བལྟ་བའི་ཞར་ལ་ནི། །རྔོན་ལ་རྩེ་ཞིང་དགའ་ལྡན་པས། །ཆེ་བའི་ནགས་སུ་འཁྱམས་པར་གྱུར། །རིན་ཅེན་དཔུང་རྒྱན་འོད་ཟེར་ནི། །རིང་དུ་འཕྲོ་དེ་ཤལླ་ཀའི། །ལོ་འདབ་མཆོག་གི་ཕྱོགས་ཀྱི་ནི། །གླང་རྣམས་འབོད་པ་ལྟ་བུར་སོང་། །ནགས་སུ་དེ་ནི་འགྲོ་བ་དག རབ་དགའ་ཡ་མཚན་ཀུན་རྒྱས་ཤིང་། །མིག་ནི་རྣ་བར་རྫོགས་བྱས་པ། །ནགས་ཀྱི་ལྷ་ཡིས་མཐོང་བར་གྱུར། །ནོར་འཛིན་གྱི་བདག་དབང་པོ་དེ། །ཤ་བ་རི་ཡི་སྐྲ་ཚོགས་ཀྱིས། །མེ་ཏོག་དྲི་བཟང་རྫོགས་པའི་རྒྱུས། །འབིགས་བྱེད་རླུང་གིས་བསྟེན་པར་གྱུར། །དེ་ནས་འབིགས་བྱེད་ཉེ་བ་ནི། །རང་དབང་བདེ་བའི་འདབ་ལྡན་པར། །རྩེ་དགའི་བསམ་པ་དྲན་གྱུར་ཏེ། །གླང་པོ་ཤིན་ཏུ་རྒོད་པར་གྱུར། །དགའ་བས་བཅིངས་པའི་གླང་མོ་ཡི། །དྲི་མ་སྣོམ་ཞིང་གཉིས་འཐུང་དེ། །མི་བདག་གཡེར་བས་ལུགས་བཞིན་དུ། །ལྕགས་ཀྱུའི་དབང་དུ་གྱུར་པ་བཏང་། །སོ་ལྡན་འདོད་ཆགས་ཀྱིས་བཀུག་པ། །རྗེས་སུ་ཆགས་བཅས་རྒྱུག་པ་དེ། །རྨོངས་པ་འཁོར་བ་བདག་ལ་བཞིན། །གང་དུའང་དགའ་དང་བྲལ་མ་གྱུར། །རླུང་བཞིན་མགྱོགས་པར་བགྲོད་པ་ཡི། །གླང་པོ་མཐོང་ནས་ཐེ་ཚོམ་ནི། །སྐྱེས་པའི་རྒྱལ་པོ་གླང་པོ་ཡིས། །ཀུན་ཏུ་བགྲོད་ལ་འདི་སྨྲས་སོ། །ཀྱེ་མ་མ་ལ་གླང་པོ་འདི། །ཁྱོད་ཀྱིས་འདུལ་བ་འཛིན་དུ་བཙུད། །ལྕགས་ཀྱུ་ལྕི་བ་དག་ལས་ཀྱང་། །གང་ཞིག་ཕྱིར་ཕྱོགས་སོང་བ་མཐོང་། །འདི་ཡི་རྐང་བཀོད་ཁུར་གྱིས་ནི། །ཕྱོགས་ཀྱི་འཁོར་ལོ་འཁོར་བ་བཞིན། །རྐང་པས་འཐུང་རྣམས་རྗེས་སྙོག་བཞིན། །ས་རྣམས་ཀུན་འཁྲུལ་མྱོས་པ་བཞིན། །འདིར་ནི་ཁ་རྗེ་དུས་མིན་པར། །རབ་ཏུ་མི་མཐུན་གྱུར་པ་བཞིན། །སྐྱེས་བུའི་བྱ་བ་ཐམས་ཅད་ལ། །འབད་པས་ཞུགས་པ་འབྲས་མེད་གྱུར། །དེ་སྐད་རྗེ་ཡི་གསུང་ཐོས་ནས། །འཇིགས་པར་གྱུར་པའི་ཀུན་ཏུ་བགྲོད། །བསླབ་པ་སྨད་པས་སྐྱངས་གྱུར་ཅིང་། །ཐལ་མོ་སྦྱར་བ་བྱས་ནས་སྨྲས། །ལྷ་གཅིག་བདག་གི་གླང་པོ་འདི། །བྱ་བ་ཀུན་གྱི་དབང་དུ་བགྱིས། །འོན་ཀྱང་དེ་རིང་གླང་མོ་ཡི། །དྲི་མ་མནམ་ཞིང་རྣམ་འགྱུར་གྱུར།   །འདོད་པའི་དབང་ དུ་གྱུར་པ་ཡི། །སྐྱེ་བོ་རྣམས་ནི་མན་ངག་མིན། །སྡོམ་པ་མ་ཡིན་ཡོན་མིན་ཞིང་། །ལེགས་པ་ཉིད་མིན་འདོད་པ་དྲན། །ཡུལ་ལ་མངོན་པར་ཕྱོགས་པའི་བློ། །དགའ་བའི་རོ་ལ་ཆགས་གྱུར་པ། །གཤོང་གཤོང་མང་པོར་རི་ཡི་ཆུ། །རྣམ་པར་ལྷུང་བཞིན་སུ་ཡིས་བཟློག །ལུས་ནི་ངལ་བའི་བསླབ་པ་ལ། །འདུལ་བར་བྱེད་པ་ཁོ་བོ་མཁས། །ཡིད་ནི་སྡོམ་པའི་བསླབ་པ་ལ། །ཐུབ་པ་རྣམས་ཀྱང་མཁས་པ་ཡིན། །ཆགས་ལས་ངལ་བར་མི་རྩི་ཞིང་། །བསྡམས་པ་མ་ལུས་བྲལ་གྱུར་ཏེ། །ངན་རྨོངས་བཞིན་དུ་ལམ་མིན་ནས། །གཉིས་འཐུང་འདི་ནི་རབ་ཏུ་རྒྱུག སྐྱེ་བོ་ངན་པ་ཡ་ངར་ལྷུང་། །ངེས་པར་ལྷུང་བར་བགྱིད་པ་ཉིད། །ས་བདག་ལྗོན་པའི་ལོ་མ་རྣམས།   ། ཡང་དག་བཟུང་ལ་འདི་ནི་ཐོང་། །མི་བདག་གིས་ནི་ཀུན་ཏུ་འགྲོའི། །དེ་དུས་སུ་འོང་ ཚིག་ཐོས་ནས། །དེ་དང་ལྷན་ཅིག་ཤིང་ཆེན་གྱི། །ལོ་མ་དག་ལ་འཕྱངས་པར་གྱུར། །མི་བདག་ཤིང་ལས་བབས་གྱུར་ཏེ། །རྟ་ལ་ཞོན་ནས་གཤེགས་པར་གྱུར། །གླང་པོ་ནགས་སུ་འཁྱམས་གྱུར་པས།   །གླང་མོ་ལ་ནི་འཁྱུད་པ་ཐོབ། །དེ་འོག་གླང་ཆེན་འདོད་པ་ཞི། །ཉིན་ཞག་བདུན་གྱིས་འདོད་པའི་སར། །རང་ཉིད་མངོན་དུ་འོངས་ཤིང་ཆགས། །བཟའ་བ་མངོན་པར་འདོད་ཅིང་གནས། །བསླབ་པས་བསྡམས་པའི་དབང་གྱུར་ཅིང་། །རང་ཉིད་འོངས་པ་དེ་མཐོང་ནས། །མཁས་པ་ཤིན་ཏུ་དགའ་བ་ཡི། །ཀུན་ཏུ་བགྲོད་ཀྱིས་རྒྱལ་ལ་སྨྲས། །ཆགས་པའི་ཞགས་པས་དྲངས་གྱུར་ཅིང་། །འདོད་པས་གཟིར་ནས་རབ་སོང་གང་། །བསླབ་པ་དག་དང་མི་འགལ་བར། །གླང་པོ་འདི་དེ་རང་ཉིད་འོངས། །བརྡ་དང་ལྡན་པའི་དབང་གྱུར་གཟིགས། །ས་ལ་ཀཱི་སའི་རོ་ཤེས་པ། །ཤིན་ཏུ་ཚ་བའི་ལྕགས་ཀྱི་ཟས། །འཛིན་ཅིང་དུལ་བ་དག་ཏུ་གནས། །འདི་ནི་འདོད་པའི་རོ་ཡིས་དྲངས། །ཀུན་ཏུ་སྡུག་བསྔལ་རོ་ཡི་དྲངས། །འདོད་པའི་རིམས་ནི་རབ་ཞི་ནས། །ཕྱི་ནས་རྣལ་དུ་གནས་པ་ཐོབ། །ལྷ་གཅིག་སེང་གེ་སྟག་དང་ནི། །གླང་པོ་ལ་སོགས་འདུལ་བར་ནུས། །ཆགས་པའི་ཆང་གིས་མྱོས་པའི་ཡིད། །ཡུལ་ལ་མངོན་ངར་ཕྱོགས་པ་མིན། །དེ་དག་ཐོས་ནས་ས་སྐྱོང་གིས། །དེ་དེ་བཞིན་ཞེས་བསམས་ནས་སྨྲས། །ཀུན་ཏུ་བགྲོད་ཁྱོད་བདེན་པ་དང་། །རིགས་པ་དག་ཏུ་བརྗོད་པ་ཡིན། །རབ་ཞི་ཚུལ་ཁྲིམས་གང་དག་གིས། །སེམས་ཀྱི་གཉིས་འཐུང་མྱོས་པ་ནི། །སྡོམ་པའི་ཐག་ པས་བཏགས་གྱུར་པ། །འཇིག་རྟེན་འདི་ན་འགའ་ཡོད་དམ། །དེ་སྐད་སྨྲས་ཚེ་ཀུན་ཏུ་བགྲོད། །ལྷ་ནི་བཞུགས་པས་དེ་ལ་སྨྲས། །ལྷ་གཅིག་འགྲོ་བའི་ཉིན་མོངས་རྣམས། །མ་ལུས་འཇོམས་པ་ལ་བརྩོན་ཞིང་། །རྣམ་པར་རིག་ལྡན་འཇིག་རྟེན་ན། །འབད་པ་ཆགས་བྲལ་སྐྱེད་པ་ཡོད། །ཞི་དང་ཆོག་ཤེས་དྲི་མ་མེད། །རབ་རྟོགས་སངས་རྒྱས་ཁོ་ན་འོ། །དེ་ལྟར་སངས་རྒྱས་མཚན་ཐོས་པས། །སྐྱེ་བ་སྔར་སྐྱེས་གོམས་པ་ལས། །ཡང་དག་རྫོགས་པའི་བྱང་ཆུབ་སེམས། །རྒྱལ་པོ་ཡི་ནི་སྨོན་ལམ་སྐྱེས། །འཁོར་བ་ཆུ་སྲིན་འབྱུང་གནས་སུ། །རྣམ་པར་བྱིངས་པའི་འགྲོ་བ་འདི། །དགེ་བའི་ལམ་ ནས་རྫོགས་པ་ཡི། །བྱང་ཆུབ་གྲོལ་བར་ཡང་དག་བསྒྲལ། །དེ་ནས་དེ་ལ་ནམ་མཁའ་ལས། །གཙང་མ་རིས་ཀྱི་ལྷ་ཡིས་སྨྲས། །ཡང་དག་རྫོགས་པའི་བྱང་ཆུབ་ཏུ། །ས་བདག་མངོན་པར་འཚང་རྒྱ་འགྱུར། །དེ་སྐད་དེ་ཡི་ཚིག་ཐོས་པས། །རྒྱལ་པོ་རྡུལ་བྲལ་རྣམས་ཀྱི་མཆོག །སྐྱེ་བ་དྲན་ ཞིང་ལྷ་མིག་ལྡན། །བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར། །དེ་ནས་དེ་ནི་སྙིང་སྟོབས་ཡངས་ལྡན་མིག་ནི་དེ་ཉིད་དག་ལ་གཏད། །སྲིད་པའི་ཆུ་གཏེར་བྱིངས་པའི་འབྱུང་པོ་ཀུན་ལ་རྗེས་སུ་བརྩེ་ལྡན་ཞིང་། །ཡང་དག་རིག་པ་སྤྲོ་བ་དང་ལྡན་མངོན་པར་གསར་པ་བསྐྱེད་པ་ལས། །སེམས་ཅན་རྣམས་ནི་ཡང་དག་བསྒྲལ་ཕྱིར་དགེ་བའི་ལམ་དག་བགྱིས་པར་གྱུར། །

ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་ལས་རབ་གསལ་གྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་དང་པོའོ།། །།མུ་མཐུད་དུ་འགོད་རྒྱུ།