མདུན་ངོས། » གསར་རྩོམ། » མདོ་ཕྱོགས། » ཐེག་པ་ཆེན་པོ་ཡུམ་ཀྱི་སྙིང་པོ་ཞེས་བྱ་བའི་མདོ་བཞུགས།

ཐེག་པ་ཆེན་པོ་ཡུམ་ཀྱི་སྙིང་པོ་ཞེས་བྱ་བའི་མདོ་བཞུགས།

ཐེག་པ་ཆེན་པོ་ཡུམ་ཀྱི་སྙིང་པོ་ཞེས་བྱ་བའི་མདོ་བཞུགས།

སྤྱིར་བོན་དང་ཐེག་པའི་བརྒྱུད་ཐམས་ཅད་ཚིག་བཞི་ཚིགས་སུ་བཅད་དེ་གསུངས་པ་གཅིག་གིས་བསྟན། དེ་ལྟ་བ་ཡས་ཕུབ་སྤྱོད་པ་མས་འཛེགས། གཞི་སྙིང་རྗེ་ཆེན་པོ་ལ་སློང༌། ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་གསུངས་པའི། ཁྱད་པར་སྟོང་ཕྲག་བརྒྱ་པའི་ཚིག་བཞིས་སྟོན་ཏེ། ཨོཾའ་མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། །ཤེས་རབ་གསལ་བ་ཀུན་གྱི་ཡུམ་གཅིག་མ། །སྐྱེ་མེད་དབྱིངས་ནས་གསལ་བའི་འོད་ཕྱུང་ཞིང༌། །ཐམས་ཅད་ཐུགས་རྗེའི་མགོན་དུ་གྱུར་པ་མོ། །ས་ཏྲིག་ཨེར་སངས་སྐུ་ལ་ཕྱག་འཚལ་ལོ། །ཞང་ཞུང་སྐད་དུ། ཧ་ཨ་སད་སླས་གུ་གུན་ཐོ་ར་ཆུང༌། བོད་སྐད་དུ། ཐེག་པ་ཆེན་པོ་ཡུམ་གྱི་མདོ་ཞེས་བྱ་བ། །འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། །སྟོན་པ་གཤེན་རབ་མི་བོ་ནི། །རི་རྒྱལ་ལྷུན་པོའི་ཕོ་བྲང་ན། །འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་ན། །འཁོར་ཡེ་གཤེན་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། གང་གཡུང་དྲུང་སེམས་དཔའ་ཡིད་ཀྱི་ཁྱེའུ་ཆུང་དང༌། གང་གཡུང་དྲུང་སེམས་དཔའ་གཏོ་བུ་འབུམ་སངས་དང༌། གང་གཡུང་དྲུང་སེམས་དཔའ་གསལ་བ་འོད་ལྡན་དང༌། གང་གཡུང་དྲུང་སེམས་དཔའ་མེད་ཁམས་སྟོང་པ་རྗེ་དང༌། གང་གཡུང་དྲུང་སེམས་དཔའ་ཚངས་པ་གཙུག་ཕུད་དང༌། གང་གཡུང་དྲུང་སེམས་དཔའ་གཙུག་གཤེན་རྒྱལ་བ་དང༌། གང་གཡུང་དྲུང་སེམས་དཔའ་ཀླུ་མོ་མ་མ་ཏེ་དང༌། གང་གཡུང་དྲུང་སེམས་དཔའ་གསང་བ་ངང་རིང་དང༌། གཞན་ཡང་ལྷ་ཡི་དབང་པོ་བརྒྱ་བྱིན་དང༌། ཀླུའི་རྒྱལ་པོ་འཇོག་པོ་དང༌། ལྷ་ཆེན་པོ་བརྒྱད་དང༌། ཀླུ་ཆེན་པོ་བརྒྱད་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ཕྱོགས་སྐྱོང་བ་བཅུ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང༌། གཟའ་ཆེན་པོ་བརྒྱད་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། གངྒའི་ཀླུང་གི་ལྷ་མོ་འོད་ཀྱི་མདངས་ལྡན་མ་དང༌། འབངས་དད་པ་ཅན་དང༌། སྨྲ་མི་གྲོང་བདུན་དང༌། ས་བདག་གི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་ཏེ། ལྷ་དང་ཀླུ་དང་མི་དང་མི་མ་ཡིན་དང་དྲི་ཟ་བཅས་འཁོར་དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པའི་མཆོད་པ་ཡོངས་སུ་གཏོང་བའི་སྤྲིན་ཞེས་བྱ་བ་བཤམས་ནས་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་དེའི་དུས་ན། ལྷ་ཡི་དབང་པོ་བརྒྱ་བྱིན་རང་གི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ་ཐལ་མོ་སྦྱར་ནས། སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཉེས་པའི་སྐྱོན་བྲལ་ཡོན་ཏན་མཐའ་དག་རྫོགས། །བདེ་ལེགས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །རྣམ་པ་ཐམས་ཅད་མཁྱེན་པའི་གཤེན་རབ་ལགས། །ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོ་ལ། །སྤྱད་དམ་སྤྱོད་ན་ཇི་ལྟར་སྤྱོད་པར་བགྱི། །ཞེས་གསོལ་ཏོ། །དེ་ལ་གཤེན་རབ་ཀྱི་བཀའ་བསྩལ་པ། །ལྷ་ཡི་དབང་པོ་བརྒྱ་བྱིན་ལ་སོགས་གཡུང་དྲུང་སེམས་དཔའ་རྣམས། ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོ་ལ་སྤྱད་དམ་སྤྱོད་ན། བོན་ཐམས་ཅད་སྲིད་པ་ལས་བྱུང་བ་དང༌། རིན་པོ་ཆེ་ལས་བྱུང་བ་དང༌། སྣང་བ་ལས་བྱུང་བ་དང༌། སྟོང་པ་ལས་བྱུང་བ་དང༌། སོ་སོ་གསལ་བ་ལས་བྱུང་བ་དང༌། རང་རིག་པ་ལས་བྱུང་བ་དང༌། མི་འགྱུར་བ་གཡུང་དྲུང་གི་དབྱིངས་ལས་བྱུང་བ་དང༌། མཉམ་པ་ཉིད་ལས་བྱུང་བ་དང༌། དེ་དག་ཐམས་ཅད་སྣང་བའམ། སྟོང་པའམ། ཡོད་པའམ། མེད་པའམ། རྟག་པའམ། ཆད་པའམ། སྐྱེ་བའམ། འགག་པའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ཅིར་ཡང་མི་དམིགས་སོ། །རང་བཞིན་ཀྱང་མི་དམིགས་སོ། །དེ་ལྟ་བས་ན་ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ། །མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་མི་བོ་ནི། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་འདས་ཏེ་མི་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་དེའི་དུས་ན། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་ཁྱེའུ་ཆུང་གིས་ཐེག་པ་ཆེན་པོའི་མདོ་ལས་ཁམས་སྟོང་པ་ཉིད་དུ་བལྟ་ཞིང་མ་བཅོས་པའི་ཐིག་ལེ་གཅིག་ལ་གནས་སོ། །དེའི་ཚེ་དེའི་དུས་ན། གཤེན་རབ་ཀྱི་མཐུ་དང་ལྡན་པའི་གཏོ་བུ་འབུམ་སངས་ཀྱིས་ཡིད་ཀྱི་ཁྱེའུ་ཆུང་ལ་འདི་སྐད་ཅེས་སྨྲས་སོ། །གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ལ་སྤྱད་ཅིང་ཁྲི་འཕང་དང་པོ་ལ་གཏོགས་པར་འཚལ་ན་ཇི་ལྟར་བགྱི་ན་རྟོགས་པར་འགྱུར། ཞེས་སྨྲས་སོ། །གཡུང་དྲུང་སེམས་དཔའ་ཆེན་པོ་ཡྀད་ཀྱི་ཁྱེའུ་ཆུང་གིས་སྨྲས་པ། དེ་ལྟ་བས་ན་གཏོ་བུ་འབུམ་སངས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གང་ལ་ལ་ཞིག་གིས། ཐེག་པ་གོང་མ་ལ་སྤྱོད་ཅིང་ཁྲི་འཕང་དང་པོ་ལ་རྟོགས་པར་འཚལ་ན། བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །དེའི་ཕྱིར་ན། སྲིད་པའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ་སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །རིན་པོ་ཆེའི་རྒྱུན་གྱི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །སྣང་བའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །སྟོང་པའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །སོ་སོར་གསལ་བའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །རང་རིག་པའི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །མི་འགྱུར་བ་གཡུང་དྲུང་གི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །མཉམ་པ་ཉིད་ཀྱི་ཁམས་ལས་བྱུང་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །དེ་ལྟར་ན་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་མེད་དོ། །རྣམ་པར་ཤེས་པ་མེད་དོ། །མིག་མེད་དོ། །གཟུགས་མེད་དོ། །རྣ་བ་མེད་དོ། །སྒྲ་མེད་དོ། །སྣ་མེད་དོ། །དྲི་མེད་དོ། །ལྕེ་མེད་དོ། །རོ་མེད་དོ། །ལུས་མེད་དོ། །རེག་མེད་དོ། །ཡིད་མེད་དོ། །བོན་མེད་དོ། །མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་མེད་དོ། །མིག་གི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པར་ཤེས་པའི་རྐྱེན་གྱི་ཚོར་བའི་བར་དུ་ཡང་མེད་དོ། །རླུང་གི་ཁམས་ནས་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་ནས་རྒ་ཤིའི་བར་དུ་ཡང་མེད་དོ། །བླ་ན་མེད་པར་ཕྱིན་པ་རྣམས་མེད་དོ། །སྟོང་པ་ཉིད་མེད་དོ། །ལམ་མེད་དོ། །ཡན་ལག་མེད་དོ། །འབྲས་བུ་མེད་དོ། །ཡེ་ཤེས་མེད་དོ། །དེ་ལྟ་བུའི་ཕྱིར་ན་སེམས་ལ་སྒྲིབ་པ་མེད་དོ། །སྐྱོན་མེད་དོ། །དྲི་མ་མེད་དོ། །དྲི་མ་དང་རབ་ཏུ་བྲལ་བས་ན་སྟོང་པ་ཉིད་ལས་འདས་ཤིང༌། ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ་མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ། །མྱ་ངན་ལས་འདས་ཤིང་བོན་ཐམས་ཅད་མཐར་ཕྱིན་ཏེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་འབྲས་བུ་འཐོབ་པའོ། །ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱང༌། ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོ་ལ་བརྟེན་ནས་གནས་ཏེ་སྤྱད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་ཐོབ་བོ། །དེ་ལྟ་བས་ན་ཐེག་པ་ཆེན་པོའི་སྔགས་སྨྲས་པ། མི་མཉམ་པ་ལ་མཉམ་པའི་སྔགས། མཉམ་པ་ལ་ཡེ་ཤེས་ཡོངས་སུ་རྫོགས་པའི་སྔགས། ཡེ་ཤེས་ལས་ཀྱང་བླ་ན་མེད་པར་ཡང་དག་པར་རྫོགས་པའི་སྔགས། ཨོཾའ་ཨོཾའ་ཨ་ཨ་སལ་སལ་མ་བ་མ་དེ་ཨེ་མ་ཧོ་མ་ད་ར་ཡེ་སྭཱཧཱ། །དེའི་ཕྱིར་ན་ཐེག་པ་ཆེན་པོའི་དོན་ལ་སྤྱོད་པར་བྱའོ། །དེའི་ཚེ་གཤེན་རབ་ཀྱང་མི་དམིགས་པའི་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འདི་སྐད་ཅེས་གསུངས་སོ། །གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་ཁྱེའུ་ཆུང་དང༌། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཐེག་པ་ཆེན་པོ་ལ་སྤྱད་ཅིང་ཡུམ་གྱི་སྙིང་པོ་ལ་གནས་ན། ཁྱེད་ཀྱི་བསྟན་པ་དེ་བཞིན་ནོ། །ཁྱོད་ཀྱི་བསྟན་པ་དེ་ལ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཡི་རངས་ཏེ། ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དེ་སྐད་ཅེས་བཀའ་བསྩལ་ནས། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་ཁྱེའུ་ཆུང་དང༌། ལྷ་ཡི་དབང་པོ་བརྒྱ་བྱིན་དང༌། ཀླུ་ཡི་རྒྱལ་པོ་འཇོག་པོ་དང༌། ལྷ་དང༌། ཀླུ་དང༌། ལྷ་མ་ཡིན་དང༌། དྲི་ཟ་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། གཤེན་རབ་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོའི་མདོ་ཞེས་བྱ་བ་རྫོགས་སོ།། །།