མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » གཟི་མིག་དགུ་པའི་རྩོམ་ཡིག་བཀླགས་པའི་མྱོང་ཚོར།

གཟི་མིག་དགུ་པའི་རྩོམ་ཡིག་བཀླགས་པའི་མྱོང་ཚོར།

 

གཟི་མིག་དགུ་པའི་རྩོམ་ཡིག་བཀླགས་པའི་མྱོང་ཚོར།

དྲང་སྲོང་རྣམ་རྒྱལ།

འཕྲུལ་ཆས་དང་ཚན་རིག་ཚད་དམའ་བས་ནོར་གནག་གིས་ཞིང་ཁ་རྨོ་ཞིང་། འུར་རྡོས་ར་ལུག་འདེད་པའི་རང་བྱུང་ཁམས་དང་ཐག་ཉེ་བའི་འཚོ་བ་ལ་རོལ་བའི་ཁོར་ཡུག གནའ་བོའི་ཐ་ཚིག་དང་སྲོལ་རྒྱུན་ལས་འབྲས་ཀྱི་ལྟ་བ། ལྷག་པར་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་ལ་བརྩི་འཇོག་བྱེད་པའི་གཞུང་དྲང་ཡ་རབས་ཀྱི་བསམ་བློ་བླ་ན་མཐོ་བའི་ངའི་སྐྱེས་ཡུལ་དེར། ཆུང་དུས་འཚར་ལོང་བྱས་སྐབས་ཡང་ཡང་མཐོང་ཐོས་འབྲེལ་འདྲིས་ཡོད་པའི་གཟི་མིག་དགུ་པ་དེ་ཉིད། ད་ལྟའི་ཆར་བགྲང་བྱ་བཅུ་ཕྲག་མང་པོར་གནས་ཀྱིས་བསྐལ་བས་ཆུང་དུས་ཀྱི་མིང་ཡང་ལམ་སང་མི་དྲན། ང་རང་ན་གཞོན་ཡིན་པའི་སྐབས་སུ་ཁོང་ནི་བྱིས་པ་སྣབ་ལུག་སྡོད་རྒྱུ་མེད་མཁན་ཞིག་རེད། མ་འོངས་པ་ལ་འཁྲུལ་ཕའི་དབང་གིས་ཁོང་ལ་རིན་ཐང་གང་ཡང་འཇོག་མྱོང་མེད།  ཁོང་གི་ཤེས་རབ་ཀྱི་རྣོ་དབལ་དང་ཉམས་མྱོང་གི་འཚར་ལོང་ལས་བཅོས་མིན་ལྷུན་གྲུབ་ཏུ་ཐོན་པའི་ངག་རིག་སྒྱུ་རྩལ་གྱི་སྣང་བརྙན་དེ་དག གསོན་ཉམས་དང་ལྡན་པ་མིག་ལམ་དུ་གཟུགས་བརྙན་ལྟར་བསྐྲུན་འདུག་པ་ནི་ད་ལྟའི་གཞོན་སྐྱེས་ཀྱི་ཁྱུར་སྙུ་གུ་འཛིན་ཤེས་མཁན་ཚད་མས་གྲུབ་པའི་ཚབ་མཚོན་གྱི་མི་སྣ་ཞིག་ཅི་ལ་མིན། ངས་ཞོར་དུ་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་དེ་ཁོང་གི་རྩོམ་ཡིག་བཀླགས་རྗེས་ཀྱི་བསམ་ཚུལ་ཉུང་ངུ་ཞིག་འབྲི་བར་འདོད། དེང་དུས་ཀྱི་རྩོམ་རིག་གི་དབང་དུ་བྱས་ན་རྩོམ་རིག་དཔྱད་བརྗོད་འབྲི་བ་ནི་ལས་སླ་པོ་ཞིག་མིན་པར་འདུག་ཀྱང་། ལག་ན་སྙུ་གུ་འཛིན་ཤེས་པ་ཙམ་གྱིས་རྩོམ་པ་པོའི་གྲལ་དུ་འཇོག་པའི་ཁོར་ཡུག་གི་ཁྲོད་དུ་དེ་ཙམ་དཀའ་བ་ཞིག་མིན་མོད། སྐད་ཡིག་ནི་མིའི་བརྡ་གོ་བ་ཙམ་ལ་མི་བྱེད་པར་གོ་རིམ་དུ་མ་ཡོད་ཅིང་། ལྷག་པར་དུ་སྒྱུ་རྩལ་གྱི་ཚད་མཐོ་དམན་གྱིས་གདེང་འཇོག་ཆེ་ཆུང་ཐོབ་དགོས། ཉམས་དང་འགྱུར་བས་ཕྱུག་པའི་ངག་གི་སྒྱུ་རྩལ་ནི་ཤིན་ཏུ་རྙེད་དཀའ་བ་ཡིན་པའི་དབང་གིས་རྩོམ་པ་པོ་རྣམས་སྙན་ངག་པ་ཞིག་ཏུ་འགྱུར་བ་ལ་ཐག་ཤིན་ཏུ་རིང་། རྩོམ་རིག་གི་ཁྲོད་དུ་སེམས་ཚོར་རང་དབང་མེད་པར་འགུག་པ་ལ་ཆེས་གནད་ཆེ་བ་ཞིག་ནི་བྱ་ཚིག་གི་ནུས་པ་ལའང་རག་ལས་པར་འདུག་པས། དེ་ནི་བོད་དུ་སྲོལ་རྒྱུན་སྙན་ངག་མེ་ལོང་མ་ལས་ཀྱང་རྩལ་དུ་བཏོན་ཡོད་པ་རེད། སྐབས་ཀྱི་བརྗོད་བྱ་གཟི་མིག་དགུ་པའི་རྩོམ་ཡིག་ཁག་ཅིག་དང་འབྲེལ་ཏེ་བཤད་ན་བྱ་ཚིག་བཀོལ་སྤྱོད་ཇི་ལྟར་བྱས་པ་ནི། དཀར་འཇམ་པགས་གོས་ཐུ་སྣེ་གྲང་རླུང་གིས་ཟས་པའི།། གནག་སྣུམ་སྐྲ་ལོའི་ལན་བུ་རྡོ་ཆས་ཀྱིས་བཏུབ་པའི།། བྲང་གཞུང་བུམ་པའི་ཁ་རྒྱན་བྱི་ཕྲུག་གིས་མཉེད་པའི།། མཆུ་སྒྲོས་ཨུཏྤལ་འདབ་མ་མྱི་ཁ་ཡིས་བསྡམས་པའི།། ཞེས་པ་ལྟ་བུ་བྱ་ཚིག་གི་ནུས་པས་ཕ་རོལ་པོའི་ཡིད་བཀུག་པར་བྱས། སྤྱིར་ནས་སྙན་ངག་ཅིག་བྲི་བ་ལ་ངེས་པར་དཔེ་ཞིག་ལ་བརྟེན་དགོས་པའང་མ་ངེས་ཏེ། གསོན་ཉམས་ལྡན་པའི་ཆ་ནས། རི་བོ་གན་ལ་མུན་པའི་དཔུང་འཇུག་བྱས། །གཙང་པོའི་སྟེང་ལ་ཟླ་བའི་ལང་ཚོ་ཟག །གནམ་གྱི་སྨིན་མ་ལན་གཅིག་བསྡུས་པའི་མཚམས། །སྐར་ཚོགས་ངུས་ཏེ་སྤྱན་ཆབ་དགུང་ལ་གཏོར། །ཞེས་པ་ལྟ་བུ་དང་། རྣ་ལོང་བཏགས་པའི་ལུག་རྫི་བུ་མོ་གཙང་ཆབ་རྒྱུད་དེ་རི་ལ་སོང་།། སྐེད་གྲི་དྲངས་པའི་མི་ཕོ་དེ་ཡིས་ལག་པས་དོམ་ར་ཡང་ཡང་བྱས།། ལྷགས་རླུང་ཁྲོད་ནས་འདར་སིག་རྒྱག་པའི་སྦྲ་རྒན་ཁྱེད་ཉིད་མ་བཤུམ་དང་།། སྒོ་ཁྱི་རྒྱ་བོའི་ཟུག་སྐད་སྙོམས་པོས་རྟག་ཏུ་སྐྱོ་རོགས་བྱེད་བཞིན་འདུག། ཅེས་པ་ལྟ་བུ་གནམ་གཤིས་གྲང་ཞིང་ལྷག་རླུང་གིས་གཙེས་པའི་ཕ་ཡུལ་གྱི་འབྲོག་སྡེ་ཞིག་གི་རྣམ་པ་གསོན་ཉམས་དང་ལྡན་པར་བྲིས། ཁོང་ནི་ཚོིར་སྣང་རྩལ་དུ་འདོན་པའི་སྙན་ངག་པ་ཙམ་ཞིག་མིན་པར་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་དང་རྒྱུས་ལོན་འོག་འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་གྱི་ཆེད་དུ་ཚིགས་བཅད་ཀྱང་བྲིས་འདུག་སྟེ། དཔེར་ན། ཐུ་བོད་བཙན་པོའི་རྨིང་ལ་འཐིམས་པའི་བཟོ་གསོ་སྒྲ་རྩིས་རླབས་རྒྱུན་བབས།། སྨར་ཡིག་རྒན་གཞོན་ལེགས་ཚོགས་བསྡུས་པའི་ཀ་མད་སུམ་ཅུའི་ཟིལ་པ་འཐོར།། དད་པའི་ལྕགས་ཀྱུ་སྙིང་ལ་ཟུག་པས་ལྷ་འདྲེའི་ཆོ་འཕྲུལ་ཕྱོགས་མཚམས་གཏོར།། དགྲ་བཅོམ་ལྔ་བརྒྱའི་རྣམ་ཤེས་མག་མོག་གངས་འཁྱག་སྟུག་པོའི་གཏིང་དུ་ལྷུང་།། ཞེས་པ་ལྟ་བུས་མཚོན་འདུག

རྩོམ་རིག་ལ་གལ་ཆེ་བ་གཞན་ཞིག་ནི་ཐ་སྙད་འདེམས་སྟངས་དེ་ཡིན་ལ། དེ་ནི་ཀློག་པ་པོ་ལ་ལྟོས་དགོས་པའང་ཡོད། གཟི་མིག་དགུ་པའི་རྩོམ་ཡིག་ཁག་ཅིག་ནི་སྙན་ངག་མེ་ལོང་མ་བོད་དུ་མ་དར་གོང་གི་གདོད་མའི་དམངས་ཁྲོད་ཀྱི་རྩོམ་རིག་གི་ཆར་གཏོགས་ཀྱང་ཡོད་འདུག་པ་མ་ཟད། དེ་འབྲེལ་གྱི་ཐ་སྙད་ཀྱང་བེད་སྤྱོད་མང་ཙམ་བཏང་འདུག་པ། དཔེར་ན། ལྷ་ནས་འཐེན་པའི་དམུ་ཐག་རིང་མོ་ཆུ་བཞི་འདུས་པའི་མགོ་ལ་ཐིམས།། སྤུངས་སོ་བཏབ་པའི་བརྡ་ཆད་ཁ་ཡིག་གཡུང་དྲུང་བརྩེགས་པའི་ཟུར་དུ་ལྷག། གྱེར་དང་གདངས་ཀྱི་མན་ངག་རོལ་ཆ་ལྷ་ཀླུ་མི་ཡི་ཡུལ་དུ་དཀྲོལ།། ཆབ་དཀར་ཆབ་ནག་གླེགས་བམ་རལ་པོ་སྒོ་ཕུག་བར་པའི་བྲག་ལ་གབ།། ཅེས་དང་། གྱེར་གྱི་གདངས་ལས་གནའ་བོའི་དབྱངས་ཤིག་མངོན།། བམ་པོའི་གསེང་ནས་ཆབ་དཀར་ཆབ་ནག་བརྡོལ།། ལེའུ་བར་ནས་སྒོ་བཞི་མཛོད་ལྔ་འཁྲུངས།། མཐིང་ཤོག་ཧྲག་ནས་ཚལ་དམར་སྤུངས་སོ་ལུད།། ཅེས་པ་ལྟ་བུ་གདོད་མའི་བོན་ལུགས་དང་འབྲེལ་བའི་ཐ་སྙད་རྣམས་བེད་སྤྱད་དེ་བོད་ཀྱི་སྐད་ཡིག་ལ་རྒྱ་བསྐྱེད་བྱས་པ་ལྟ་བུ་རེད། དེ་ཡང་ཆེས་སྔ་མོའི་ཡིག་རྙིང་ཁྲོད་དུ་ཡོད་པའི་བརྡ་རྙིང་པ་དག་ད་ལྟ་དམངས་ཁྲོད་དུ་ཐད་ཀར་གོ་མི་ཐུབ་པས་ཀློག་པ་པོ་ཁག་ཅིག་ལ་ཉམས་འགྱུར་སྟེར་མི་ཐུབ་ནའང་། གནའ་བོའི་བརྡ་རྙིང་པ་དག་ཀུན་གྱིས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་པ་ནི་སྐད་ཡིག་ཆུང་ཁག་རྣམས་ལོ་ཟླ་རེ་བཞིན་འཇིག་གིན་ཡོིད་པ་འདི་ཤེས་དགོས།

ཆོས་ལུགས་ཀྱི་སྐྱེས་ཆེན་རྣམས་ལའང་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུས་པའི་རྩོམ་ཡིག་ཀྱང་མང་དུ་མཐོང་སྟེ། བཤད་སྒྲུབ་ཀྱི་བསྟན་པས་རང་རྒྱུད་ཡོངས་སུ་སྨིན་ཏེ་གཞན་དུལ་བ་ལ་མཆོག་ཏུ་བཀའ་དྲིན་ཆེ་བ་ལུང་དཀར་སློབ་དཔོན་ཚུལ་ཁྲིམས་རྣམ་དག་ལ་བསྟོད་པ་ཚིགས་སུ་བཅད་པ་དང་། ཆོས་བརྒྱད་ཀྱི་འདུ་འཛི་རབ་ཏུ་རྒོད་པའི་དུས་ཀྱི་སྙིགས་མའི་ཡང་སྙིགས་མ་དེང་གི་ཆར་སྐུ་འཚོ་ཞིང་གཞེས་པའི་ངེས་དོན་གྱི་བྱ་བྲལ་རྣལ་འབྱོར་བ་མཚམས་རྒན་རིན་ཆེན་བློ་གྲོས་ལ་བསྟོད་པ། དཔེར་ན། ཆེན་པོའི་མིང་གིས་ཁ་རྒྱན་མ་སྤྲས་དགེ་སློང་དཀྱུས་མའི་མཚོ་བར་རོལ།། ཟང་ཟིང་ནོར་གྱི་བྲན་དུ་མ་གྱུར་དབེན་པའི་རི་ལ་ཁེར་རྐྱང་བཞུགས།། གཞན་མགོ་བསྐོར་བའི་ཐབས་ལ་མ་འབད་རང་རྒྱུད་མ་རིག་གཏིང་ནས་བཅོས།། ཀུན་སློང་གཙང་མའི་ཐོས་བསམ་ཀློང་ནས་གདམས་ངག་ཟིལ་པ་ཁྲོམ་ཁྲོམ་འབབས།། ཞེས་པ་ལྟ་བུ་སྒྲོ་བཏགས་དང་འཆར་ཡན་སོགས་ཀྱིས་མ་བསླད་པར་ཆོས་པ་གཤའ་མ་ཞིག་བྱེད་ན་ཇི་ལྟར་ཡིན་དགོས་པ་ཆོས་རྣམ་པར་དག་པའི་ཚད་གཞི་གསལ་བར་སྟོན་པའི་བསྟོད་ཚོགས་རིགས་ལྟ་བུ། གཞན་ཡང་སློབ་གསོའི་ཚིགས་བཅད་མང་དུ་མཐོང་བ། དཔེར་ན། འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ཕལ་ཆེ་བ་ནི་གཞན་གྱི་སྡུག་བསྔལ་མྱོང་བའི་འབྲས་བུ་ལས་ཐོབ་པ་ཞིག་རེད། ང་ཚོས་དེ་ལས་འདས་པའི་ལྷད་མེད་བདེ་སྐྱིད་ཅིག་འཚོལ་འདོད་ན། རང་སེམས་གུ་ཡངས་དང་། ཞི་དུལ་བག་ཕེབས་པ། ཆོག་ཤེས་དང་ལྡན་པའི་མིར་ཆགས་པ་བྱ་རྒྱུ་དེའོ། །ཞེས་སེམས་ཀྱི་གཏིང་ནས་སྤྱི་ཚོགས་ཀྱི་དགེ་སྐྱོན་

དང་རྒྱུ་འབྲས་ཀྱི་ཚུལ་ལ་ཞིབ་འཇུག་བྱས་པའི་རྟགས་མཚན་ཡང་དག་ཏུ་མཐོང་།

དམངས་ཁྲོད་དུ་ཆོས་མི་ཤེས་ཀྱང་རྨོངས་དད་ཀྱིས་རང་གི་སེམས་རྗེས་ལུས་སུ་གཏན་དུ་སྡོད་པའི་མི་རྣམས་ལ་ཤེས་རབ་ཀྱི་མིག་ཕྱེ་དགོས་པ་གསལ་སྟོན་བྱས་པ་དེ་དག་ནི། ཆོས་ནས་བཤད་པའི་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ནི་རྩེ་ཕུད་ཡིན་པར་བཤད་པའི་ཕྱོགས་སུ་འཁུམས། ལྷག་པར་ཆོས་བྱེད་མི་སྣ་ལ་ངེས་པར་དྭོགས་པ་ཟ་ཆོག་སྟེ། ཆོས་ཀྱི་ནང་དུ་ཀུན་སློང་མ་དག་པའི་ཆོས་ཀྱི་བྱེད་སྒོ་ཅི་ལྟར་བྱས་ཀྱང་ཆུད་ཟོས་ཡིན་པར་གསལ་པོར་ར་སྤྲད་ཡོད་པ་དང་འདྲ་བ་མ་ཟད། ཆོས་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་མཁན་མང་བའི་དབང་གིས་དེང་སང་ཆོས་ལ་དྭོགས་པ་བྱེད་མཁན་མང་བ་འདི་བྱུང་བ་མ་ཟད། དེང་སང་རྒྱལ་ཕྱི་ནང་གི་དད་ལྡན་མང་པོས། ཆོས་ཁྲི་མཐོན་པོར་འགྱིངས་མཁན་རྣམས་ཀྱིས་ནོར་འཁྲུལ་བྱས་པ་ལ་བརྟེན་ནས་ཆོས་ལུགས་སྤྱི་དང་བྱེ་བྲག་པར་ཡི་ག་ལྡོག་པ་མང་དུ་འབྱུང་བཞིན་པ་ཡིན་པས་ཆོས་པ་ཞིག་ལ་ལམ་སང་རྒྱབ་སྐྱོར་བྱ་རྒྱུ་དེ་ཆེས་ཉེན་འཚབ་ཀྱི་རང་བཞིན་ཡིན་པ་འདི་ཀུན་གྱིས་ཤེས་དགོས། མི་མང་ཕལ་ཆེར་ཡིག་རྨོངས་སུ་གྱུར་པའི་གནའ་བོའི་བོད་པའི་ཁོར་ཡུག་ཏུ་ཡི་གེ་ཤེས་མཁན་ཞིག་གིས་རྫུན་བཤད་ཀྱང་བདེན་པར་བརྩི་བའི་དུས་རབས་ནི་ད་ལྟ་ཡོལ་ཟིན་པས་ཀུན་གྱིས་ཤེས་རབ་ལ་སྦྱོང་གལ་ཆེ་བ་ནི་འཕྲལ་ཕུག་གི་ཁེ་ཕན་ལྟ་ཅི། རང་ཉིད་མགོ་བོ་མི་འཁོར་བའི་ཆེད་དུའང་ཕན་ཐོགས་ཤིན་ཏུ་ཆེ།

ཁོང་གིས་བྲིས་པའི་རང་མོས་སྙན་ངག་རྣམས་ནི་དོན་ལ་སྦྱོར་སྟངས་རང་རང་གི་ཚོར་བ་ལ་སྦྱར་ཆོག་མོད། ཚིག་སྦྱོར་སྤེལ་སྟངས་དང་ཐ་སྙད་འདེམས་སྟངས་སོགས་ནི་ཧ་ཅང་ཚད་མཐོ་བར་བརྩི་ཆོག་སྟེ། དཔེར་ན།

བོད་ཀྱི་སྒྲོལ་མ།
ལུག་ཁྱུ་དང་ནོར་གནག་ལྷན།
ཁྱེད་གནའ་བོའི་རྩྭ་ཐང་ན་ཡོད།
གླུ་སྐད་དང་འུར་ཐག་བསྡེབས་མའི་གདོད་མའི་རོལ་དབྱངས།
རི་ཀླུང་གི་ལྷག་ཁྲོད་ནས་འདྲེན་བཞིན།
མཐའ་ཡས་པའི་རྩྭ་ཐང་གི་ལྷིང་འཇགས་དཀྲོགས་མྱོང་། ཞེས་སྒྲོལ་མ་ནི་བོད་ཀྱི་གཞོན་ནུ་མ་སྤྱི་ཡི་ཚབ་མཚོན་རང་བཞིན་ཅན་དུ་བྱས་ཏེ་བོད་ཀྱི་གཞོན་ནུ་མ་རྣམས་ཀྱི་ཁྱད་ཆོས་དུ་མ་བརྗོད་པ་ལྟ་བུ་དང་།

ཡང་། འཇིག་རྟེན་ཆུང་ནས་ཆུང་དུ་འགྲོ་དུས

པོ་ཏ་ལ་ཆེ་ནས་ཆེ་རུ་འགྲོ

འཇིག་རྟེན་དམའ་ནས་དམའ་རུ་འགྲོ་དུས

པོ་ཏ་ལ་མཐོ་ནས་མཐོ་རུ་འགྲོ

འཇིག་རྟེན་དྲོ་ནས་དྲོ་རུ་འགྲོ་དུས

པོ་ཏ་ལ་གྲང་ནས་གྲང་དུ་འགྲོ་ལ

མུན་པ་མཐུག་ནས་མཐུག་ཏུ་འགྲོ་དུས

པོ་ཏ་ལ་གསལ་ནས་གསལ་དུ་འགྲོ

ཉི་ཟླའི་འགྲོ་འོང་གིས་རྒྱུན་དུ་རྟ་ཁ་གློད་ནས་སྒུག་མྱོང་པའི་པོ་ཏ་ལ

སྐར་ཚོགས་འདུ་ལོང་གིས་རྟག་ཏུ་སྤྱན་ཆབ་ལྷུང་བཞིན་གཟིགས་མྱོང་བའི་པོ་ཏ་ལ

ཁྱེད་ཀྱིས་འཛམ་གླིང་ལ་ཐེངས་གཅིག་གཟིགས་པ་ནས་བཟུང

འཛམ་གླིང་གིས་ཁྱེད་ལ་རྟག་ཏུ་བལྟས་ཡོད

ཁྱེད་ཀྱིས་འཛམ་གླིང་འདི་ཡོངས་སུ་མཐོང་དུས

འཛམ་གླིང་གིས་ཁྱེད་ཀྱི་ཟུར་ཙམ་མཐོང་ཡོད། ཅེས་པ་ལྟ་བུ་ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་རིག་གནས་ཀྱི་བསྡུས་གཟུགས་སུ་བཀོད་དེ་ང་ཚོའི་བོད་ཀྱི་རིག་གནས་འདི་འཛམ་གླིང་ན་ངོམས་ཆོག་པའི་ནོར་བུའི་ཕུང་པོ་ཟླ་མེད་པ་ཞིག་ཡིན་པར་གསལ་སྟོན་བྱས་པ་ལྟ་བུར་མངོན། །

ཁོང་གི་རྩོམ་ཡིག་རིགས་གཅིག་ནི་གནའ་བོའི་རྩོམ་རིག་ཁྲོད་ཀྱི་ཁ་ཤགས་རྩོམ་རིག་གི་གྲལ་དུ་འགྲོ་བར་སྙམ་སྟེ། དཔེར་ན། ཆུ་བོ་ཆུང་ཆུང་དེ་ཡི་ཕ་རུ་ན།། ཁྱེད་ཀྱིས་རྟ་ཁ་གློད་དེ་ང་ལ་སྒུག། ལོ་ཟླའི་མིག་ཆུ་ཟགས་པའི་སྒལ་རྒྱབ་ན།། བརྩེ་དུང་འོ་ཆུ་འདྲེས་པའི་མཚོ་ཡོད་ཟེར།། ངས་ནི་འཇིག་རྟེན་འཚོ་བ་མ་རྟོགས་འདྲ།། སེམས་ཀྱི་ཁ་བཏགས་བཏེགས་པའི་མི་བོ་དེ།། གཙང་པོའི་ཕ་རོལ་ཞིག་ལ་བཞུད་ནས་བཟུང་།། འཚོ་བའི་སྒང་གཤོང་དེད་པའི་གླུ་སྐད་ཅིག། འཇག་མའི་ཤུགས་གླུ་ལྷན་དུ་ཡང་ཡང་བཀླགས།། ཞེས་དང་། རྣམ་རྟོག་འདྲེ་དགུ་འཁོར་བའི།།བོད་རིགས་རྨོངས་དད་ཅན་ལ།།མི་ལོ་ཧྲིལ་པོའི་གེག་སེལ།།ཕུར་མཇལ་ཐེངས་མ་གཅིག་རེད།།སེ་རའི་ཕུར་པ་མཇལ་མཁན།།དད་ལྡན་བོད་རིགས་འདི་ཚོས།། ཡར་ལ་གད་སྙིགས་ཕུལ་ནས།།མར་ལ་བྱིན་རླབས་ཞུས་འདུག། ཅེས་དང་། ཡང་། རོང་ཞིང་གྲུ་བཞིའི་རྣམ་ཤེས་བཅོམ་ཞིང་།། འབྲུ་དྲུག་སྙེ་མའི་བླ་སྲོག་བཅད་དེ།། སྦྲང་དཀར་རྩམ་པ་དུག་ལྟར་མཐོང་བའི།། རོང་པ་འདི་ཚོར་བླ་འགུགས་དགོས་འདུག། སྦྲ་ནག་གྲུ་བཞིའི་རྣམ་ཤེས་བཅོམ་ཞིང་།། ཆོན་ཐག་ཕྲ་མོའི་བླ་སྲོག་བཅད་དེ།། དཀར་ནག་ཕྱུག་ཟོག་བདག་སྐྱོང་མེད་པའི།། འབྲོག་པ་དེ་ཚོར་བླ་འགུག་དགོས་འདུག། ཅེས་པ་ལ་སོགས་པ་ད་ལྟའི་བོད་པའི་རོང་འབྲོག་གི་འཚོ་བར་ཉེན་ཁ་ཅན་གྱི་གནས་སྟངས་ལ་སེམས་འཚབ་བྱས་པའི་ཁ་ཤགས་ཀྱི་རྩོམ་ཡིག་ལེགས་པོར་གྲུབ་ཡོད་པ་རེད། །

སྙན་ངག་ལ་དཔེ་དོན་བཀོད་པ་ནི་འཛམ་གླིང་ཀུན་འདྲ་བས་དཔེ་དང་གཟུགས་སུ་བཀོད་པ་རྣམས་ནི་དཔེ་དོན་འཚམས་པོར་བཀོད་འདུག་པ་མ་ཟད། སྒྱུ་རྩལ་གྱི་ཆ་ནས་རི་མོ་དང་གཟུགས་བརྙན་ལ་ཐད་ཀར་བལྟས་ཏེ་སེམས་ཀྱི་འཆར་ཡན་ལ་སྦྱར་ནས་བྲིས་པའི་སྙན་རྩོམ་དེ་འདྲའང་འདུག་སྟེ། དཔེར་ན། གནམ་གྱི་གུར་ལ་འཇའ་ཡི་ཤམ་བུས་བརྒྱན།། སྤྲིན་གྱི་མེ་ཏོག་ཚོམས་བུས་བཀོད་པ་ལེགས།། དེ་ཡི་དཀྱིལ་ན་རྟོགས་པའི་གླུ་ངག་ཅན།། གཅེར་བུའི་གཟུགས་ཀྱི་རྡོ་རྗེ་དཀྱིལ་དཀྲུང་བ།། ཡེ་ནས་དག་པའི་ཤེལ་དཀར་ལྷུན་པོའི་མདངས།། དབྱངས་ཀྱི་འཇིག་རྟེན་ཏིང་འཛིན་ཀློང་དུ་སྟིམ།། ཕྱག་གི་པད་འདབ་ལྷུམ་གྱི་ཟེའུ་འབྲུར་བསྣོལ།། ཉོན་མོངས་རོལ་པའི་མཚོ་ཆེན་གཏིང་ནས་དཀྲུགས།། སྐེད་ཀྱི་དྲང་སྲོང་མན་ངག་རྫས་ཀྱིས་དཀྲིག། འོད་ཀྱི་འཇའ་ཡིས་དབྱིངས་ཀྱི་རྨུ་སྐས་ཐགས།། དབུ་ཡི་རལ་པས་ཕྲག་གི་ཕྱེད་ཙམ་བཟའ།། ཞེས་ཏ་པི་ཧྲི་ཙའི་ཐང་ཀ་ཞིག་ལ་བལྟས་ཏེ་བྲིས་པ་ལྟ་བུའོ། །

ཁོང་གིས་སྔར་བྲིས་པའི་རྩོམ་ཡིག་གི་ནང་དུ་ཚིགས་བཅད་ཙམ་ཞིག་མིན་པར་ལྷུག་རྩོམ་གྱི་རྣམ་པ་ཅན་ཁག་ཅིག་ཡོད་འདུག་སྟེ། དཔེར་ན་དབུས་ཀྱི་ཉི་མ་ལྷ་ས། ཞེས་པར། སྒྲུབ་ཕྱོགས་ཡོན་ཏན་གྱི་ཆ་མང་པོ་ཞིག་བརྗོད་ཡོད་ཀྱང་། ཡར་རྒྱས་གཏོང་དགོས་པ་ད་ལྟའི་ཞན་ཆ་བརྗོད་པ་དཔེར་ན། གྲོང་ཁྱེར་འདིའི་སློབ་གྲྭ་ཆུང་འབྲིང་ཁག་གི་སྒོ་འགྲམ་དུ་དཔེ་ཁུག་རང་ལུས་ལས་ཆེ་བ་ཞིག་ཁུར་ནས་འགྲོ་འོང་བྱེད་བཞིན་པ་ནི། བོད་སྐད་མི་ཤེས་པའི་དུས་རབས་ཉེར་གཅིག་གི་བོད་རིགས་སློབ་མ་དེ་དག་གོ། དེ་དག་བསུ་སྐྱེལ་ལ་རེམས་པའི་ཕ་མ་ཕལ་ཆེ་བ་ནི་ནར་མ་སྨིན་པའི་སེམས་ཁམས་ལ་གྲོང་ཁྱེར་གྱི་འཚོ་བའི་ཡམས་ནད་འགོས་པས་བོད་ཀྱི་ཡ་རབས་སྤྱོད་བཟང་དང་། མི་གཤིས་གཙང་མ། ལྷག་བསམ་རྣམ་དག་ཟེར་བ་སྔ་ས་ནས་ཤི་མིང་དུ་གྱུར་ཚར་བའི་ངན་རུལ་གྱི་ཤ་རྡོག་ཁ་མིག་དོད་པ་ཞིག་ལས། རང་གི་བུ་རྒྱུད་ལ་བཟང་སྤྱོད་ཀྱི་བག་ཆགས་འཇོག་ཐུབ་པའི་སྣང་བརྙན་ནི་གཏམ་རྒྱུད་ཀྱི་ཀློང་ན་ཐིམས་ཟིན། ཞེས་པ་ལ་སོགས་པ་སྤྱི་ཚོགས་ཀྱི་ཞན་ཆ་ལ་སུན་འབྱིན་གསལ་བ་མང་དུ་འདུག་པ་འདི་ལྟ་བུ་ལ་མཚོན་ན། རྩོམ་པ་པོ་རང་ཉིད་སྒེར་གྱི་འཚོ་གོས་གྱིས་ཡིད་མ་ཚིམས་པར་མི་རིགས་ལ་སེམས་ཁུར་འོག སྤྱི་ཚོགས་ལ་རྒྱུས་ལོན་ཡང་དག་བྱས་ཏེ་མྱོང་རྟོགས་གཏིང་ཟབ་ལོན་པའི་གྲུབ་དོན་ཞིག་ཡིན་དགོས་ལ། ཚོར་ཤེས་གཟུ་བོར་གནས་པ་དང་རང་དོན་ཡིད་བྱེད་ཀྱི་སྒེར་སེམས་ཆུང་ཞིང་སྤྱི་སེམས་ཀྱི་ཁུར་པོ་ལྕི་བས་ཐད་ཀར་དྲང་བརྗོད་ཕོད་པ་དེ་ཡིན། དྲང་ལྡོག་དང་དགག་སྒྲུབ་ཀྱི་རྣོ་ངར་ནི་མེད་དུ་མི་རུང་བའི་དཔྱད་རྩོམ་གྱི་ལེགས་ཆ་ཡིན་ཡང་། ཁོར་ཡུག་ཁག་ཅིག་གི་ཁྲོད་དུ་དཔྱད་རྩོམ་ཀློག་རྒྱུར་མི་དགའ་བས་སྙན་ངག་གི་ལམ་ནས་སྤྱི་ཚོགས་ལ་ཡོ་བསྲང་གི་རྣམ་པས་མདུན་སྐྱོད་ཀྱི་ལམ་བུར་ཁྲིད་ཐབས་བྱས་པ་ནི་རྩ་བ་མི་རིགས་ལ་ལྷག་བསམ་དཀར་བ་མཚོན་ཡོད། ཁོང་གིས་ལྷག་པར་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ཡར་རྒྱས་ལ་སྐུལ་འདེད་ཆེན་པོ་བྱས་པ་དེ་ནི་ད་ལྟ་སྐབས་བབས་ཀྱི་གལ་ཆེའི་དོན་གནད་ཅིག་ཡིན་པ་ལྟ་ཅི་སྨོས། ལྷག་པར་ཁོང་གི་རྩོམ་ཡིག་ནི་རྒྱ་བོད་སྐད་ཡིག་གཉིས་བཀླགས་པའི་ཉམས་མྱོང་ལ་བརྟེན་ནས་རྩོམ་ཡིག་ལ་ལྗིད་ཚད་འདི་ལྟར་གྱུར་ཡོད་པར་ངེས་ཏེ། དེང་གི་དུས་སུ་འཛམ་གླིང་འདི་རིལ་པོ་ཆུང་ངུ་ཞིག་ཏུ་གྱུར་ཟིན་པས། གནའ་སྔ་མོ་ལྟར་སྐད་ཡིག་གཅིག་ཙམ་ལ་འཇུས་ནས་ཐམས་ཅད་མཁྱེན་པར་རློམས་པའི་ལྟ་བ་ནི་ཕྱོགས་གཅིག་ཁོ་ནར་ལྷུང་བ་ཡིན་ལ། རིག་པའི་གནས་ལྔ་དང་བཅུ་ཕྲག་རིག་པ་ཟེར་བ་ལྟ་བུ་ནི་དེང་དུས་ལ་ལྟོས་ན་གྲངས་ཀ་ཉུང་ཉུང་ཞིག་ཡིན་པས་ན་གཞོན་རྣམས་ལ་སློབ་སྦྱོང་གི་བརྗོད་བྱ་ཤིན་ཏུ་མང་ལ། དུས་རབས་ཀྱི་འགན་ཧ་ཅང་ལྕི་བ་ཡོད་པ་ལ་སོགས་པ་ཤེས་པར་བྱ་དགོས་པ་མང་དུ་ཡོད་པ་ཡིན་ནོ་ཞེས་རེ་ཞིག་མཇུག་བསྡུས་ཟིན་ཏོ།། །།