མདུན་ངོས། » གསར་རྩོམ། » ཡ་ཐོག་རྩོམ་རིག » གནའ་བོའི་ཚན་བསང་གི་ཆོ་གའི་མ་ཡིག

གནའ་བོའི་ཚན་བསང་གི་ཆོ་གའི་མ་ཡིག

 

གནའ་བོའི་ཚན་བསང་གི་ཆོ་གའི་མ་ཡིག

ཟིན་བདག་རང་གི་རྩོམ་རིག་ཞིབ་འཇུག་སྡེ་ཚན་ནས་དྲངས།

 

གནའ་བོའི་ཚན་བསང་གི་ཆོ་གའི་བསམ་བློའི་འདུ་ཤེས་དང་རྩོམ་རིག་གི་སྒྱུ་རྩལ་མཚན་གཞི་ཙམ་དུ་ངོས་འཛིན་ན། གཙོ་བོ་དག་གཙང་གི་ཆོ་ག་དང་། དུག་ཕྱུང་གི་ཆོ་ག་རིགས་གཉིས་ཏེ།
དག་གཙང་གི་ཆོ་ག་ནི།

དག་གཙང་གི་རྫས་གཙོ་བོ་ནི་ཆབ་ཡིན་པས་དེའི་སྐོར་དག་གཙང་གི་ཆོི་ག་ལས་ཁྱད་ཆོས་མང་དུ་བརྗོད་སྲོལ་ཡོད་པའི་ནང་ནས་ཆབ་ལ་ཡབ་དང་ཡུམ་ལ་བརྟེན་ནས་སྲིད་ཚུལ་སོགས་ལ་དཔེ་མཚོན་རང་བཞིན་དང་ལྡན་པའི་ཆོ་ག་གཅིག་ནི་ཚན་ཁྲུས་༼གཡག་རུའི་དགྲ་ཆོས་ལས་བྱུང་བའི་ ༡༧༽ལས། དང་པོ་ཡབ་ཀྱི་མཚན། རྐོང་རུམ་རུམ་ཤིག ཆབ་ཀྱི་མ་དང་ཡུམ་གྱི་མཚན། ས་ཡི་ཞིམ་ཞིམ་ལྕམ་མོ་གཉིས། དེ་གཉིས་བརྡེབ་པ་ལ། ཆུ་བོ་གསུམ་དུ་སྲིད། གཅིག་ནི་གངས་ཆབ་སིལ་མ་དང་། གཅིག་ནི་གཡའ་ཆབ་སྔོན་མོ་དང་། ཤར་ནས་སེང་གེ་དཀར་མོའི་ཁ་ནས་འབབ་པའི་ཆབ། ལྷོ་ནས་གཡུ་འབྲུག་སྔོན་མོའི་ཁ་ནས་འབབ་པའི་ཆབ། ནུབ་ནས་རྨ་བྱ་དམར་པོའི་ཁ་ནས་འབབ་པའི་ཆབ། བྱང་ནས་རུས་སྦལ་རྒྱ་བོའི་ཁ་ནས་འབབ་པའི་ཆབ། ཆུ་བོ་ཆེན་པོ་གང་གྷ་དང་། ཆུ་བོ་ཆེན་པོ་ན་ར་ཛ། ཆ་བོ་ཆེན་པོ་སིདྷི་དང་། རྨ་རྒྱལ་པོམ་ར་ཡོད་པའི་ལྷ་ཆབ་དང་། སེང་གེ་དཀར་མོའི་འོ་མ་དང་། གཡུ་འབྲུག་སྔོན་མོའི་ཁ་ཆུ་དང་། བ་དཀར་ར་དཀར་འོ་མ་དང་། སྟེང་གི་ལྷ་ལ་ཁྲུས་གསོལ་ལོ། སྟེང་གི་ལྷ་ཡང་དག་གྱུར་ཅིག བར་གྱི་གཉན་ལ་ཁྲུས་གསོལ་ལོ། བར་གྱི་གཉན་ཡང་དག་གྱུར་ཅིག འོག་གི་ཀླུ་ལ་ཁྲུས་གསོལ་ལོ། འོག་གི་ཀླུ་ཡང་དག་གྱུར་ཅིག སྲིད་པའི་གཟུ་བོ་བཞི་ལ་ཁྲུས་གསོལ་ལོ། བསྐལ་པ་དཔང་པོ་བརྒྱད་ལ་ཁྲུས་གསོལ་ལོ། ཞེས་པ་ནས་ཤར་གར་གསས་དང་། ལྷོ་གནམ་གསས་དང་། ནུབ་གསས་རྗེ། ་བྱང་རྒོད་གསས། དབུས་ཟོ་བོ་དབུ་དགུ། གསས་རྡོ་དྲུག་གསུམ་བཅོ་བརྒྱད། ཤུགས་མགོན། ཐུགས་དཀར། ཝེར་མ། སྒྲ་བླ། ཅང་སེང་། མགོན་པོ། མཚུན་མགོན་སྟོབས་ཆེན། གཞི་བདག་བཅས་ལ་དག་གཙང་རིམ་བཞིན་བྱས་ཚུལ་བསྟན། །
དག་གཙང་གི་ཆོི་གའི་བསྟན་དོན་ཇི་ཞིག་ཡོད་པ་ནི་གེ་ཁོད་ཚན་ཁྲུས་ཀྱི་ནང་དོན་ལས་རྟོགས་ཐུབ་ལ། དེའི་རྩོམ་རིག་གི་ཐད་གནའ་བོའི་རང་བཞིན་དང་ལྡན་པ་ཞིག་ཡིན་པ་ནི་བཀླགས་པ་ཙམ་གྱིས་བྲོ་བ་མྱོང་ཐུབ་པ་ཞིག་རེད། གེ་ཁོད་ཚན་དཀར་ལས།  བསྭོ་ནམ་མཁའ་མི་འགྱུར་དབལ་གྱི་གཞལ་ཡས་ན། དབལ་ལྷ་གེ་ཁོད་སྐུར་བཞུགས་པ། དབལ་སྐུ་ཤེལ་ལྟར་གསལ་བ་ལ། ཉོན་མོངས་རྣམ་རྟོག་མི་མངའ་སྟེ། བདག་ཅག་གཤེན་གྱེར་སྒྲུབ་པ་པོས། ལུས་ཀྱི་རྣམ་རྟོག་བསལ་བ་དང་། གེ་ཁོད་ལྷ་ཞལ་བལྟ་བའི་ཕྱིར། གེ་ཁོད་ལྷ་ལ་ཚན་ཁྲུས་གསོལ། ཚན་གྱི་རྒྱུ་འདི་གང་ནས་བྱུང་། ཁྲུས་ཀྱི་ཆབ་འདི་གང་ན་གཏོགས། སྲིད་གསུམ་འདུས་པའི་རྩེ་མོ་ཡང་གོང་ན། གནམ་ཕྱི་གུང་རྒྱལ་བདུད་རྩིའི་ཡུམ། སྐུ་ལ་བདུད་རྩིའི་ཐུལ་པ་གསོལ། དབུ་ལ་བདུད་རྩིའི་སྤྲིན་དཔུང་གཏིབས། ཕྱག་ན་བདུད་རྩིའི་བུམ་པ་བསྣམས། ཞལ་ནས་བདུད་རྩིའི་ཆར་པ་འབེབས། ལས་སུ་བདུད་རྩིའི་ཐང་བ་བརྡལ། ཟས་སུ་བདུད་རྩིའི་སྙིང་པོ་བཟའ། སྐོམ་དུ་བདུད་རྩིའི་ཁུ་བ་འཐུང་། སེམས་ཅན་ཉོིན་མོངས་སྡུག་བསྔལ་ཅན། ཉོན་མོངས་ནད་རྣམས་གསོ་བ་དང་། ལྷ་དང་ལྷ་བདག་མཇལ་བའི་ཕྱིར། ཞལ་གྱི་མཆིལ་མ་ལྗགས་གང་ལ། བདུད་རྩི་སྨན་དུ་སྨོན་ལམ་བཏབ། མི་ཡུལ་གླིང་བཞིའི་འཇིག་རྟེན་ན། སྡུག་བསྔལ་ནད་སེལ་རྩི་དང་སྨན། སེམས་ཅན་དོན་དུ་འཁྲུངས་པར་སྨོན། ས་གཞིའི་ཁམས་སུ་གཏོར་བ་ལ། དེ་ལ་ཚན་གྱི་རྒྱུ་རུ་སྲིད། ཚན་དུ་བབས་པས་ཚན་ཞེས་བྱ། ནད་རྣམས་གསོ་བས་སྨན་ཞེས་བྱ། སྨེ་བ་དག་པས་ཁྲུས་ཞེས་བྱ། མནོལ་བ་བསང་བས་ཚན་ཞེས་བྱ། བདུད་རྩི་ག་པུར་གངས་ཀྱི་སྨན། རྒྱ་མཚོ་ཝུ་བ་ཆུ་ཡི་སྨན། གུར་གུམ་སེར་པོ་སྤང་གི་སྨན། ཅོང་ཞི་དཀར་པོ་རྡོ་ཡི་སྨན། བྲག་ཞུན་སྨུག་པོ་བྲག་གི་སྨན། མཆོང་གི་གླ་བ་ནགས་ཀྱི་སྨན། གི་ཝང་གླང་པོ་ཆེ་ཡི་རྩི། ཞེས་བདུད་རྩི་ལ་མངའ་མཛད་པའི་ལྷ་མོ་གནམ་ཕྱི་གུང་རྒྱལ་གྱི་ལྗགས་ཀྱི་མཆིལ་མ་ལས་ནི་ཚན་གྱི་རྒྱུ་ཆ་བྱུང་བ་དང་། དེའི་ཆ་ལུགས་དང་ཁྱད་ཆོས་ཞིབ་ཏུ་བརྗོད་པ་སོགས་ཡིན།
ཡང་དེ་ཉིད་ལས། ཏི་སེ་གངས་ཀྱི་སྨན། མ་པང་མཚོ་ཡི་ཆུ། བདུད་རྩི་སྨན་དུ་སྦྱར། དངུལ་སྐྱོགས་ནང་དུ་བླུགས། ཚན་ལ་ལྗགས་མ་མཆིས། ཁྲུས་ཀྱི་རྟ་མ་མཆིས། རྣམ་དག་ལྷ་ཡི་བྱ། དྭངས་མ་སྨན་གྱིས་བསྐོར། སྨན་བྱ་གོང་མོ་དེ། མཚལ་གྱི་སྤུ་རིས་ཅན། གཙོས་ཀྱི་ལའུ་གོན། མཐིང་གི་སྟོད་སྐོར་ལ། གཡའ་ཤམ་ཡ་མས་བསྐོར། གསེར་གྱི་གཟོང་བུའི་མཆུ། ཟངས་ཀྱི་ལྷམ་བུ་གྱོན། གསུང་སྙན་པའི་གླུ། རི་རྒྱལ་རྩེ་ལ་འགྲིམ། གཡའ་སྤངས་གངས་ལ་ཆགས། བདུད་རྩིའི་ཁྲོན་པ་བརྐོ། རྩི་དུག་སྔགས་ཀྱིས་འབྱེད། ཞལ་ནས་དུག་སྔགས་བཟློ། དུག་ཆོམ་དུག་ཐུབ་ཚངས་གྱུར་ཅིག། དུག་ཐུབ་དུག་ཕྱུང་ས་ལེ་མོ། གོང་མོས་དུག་ཆོམ་ཟེར་བ་དང་། དུག་ཐུབ་ལྷ་སྔགས་བཟློ་བ་ཡིན། གོང་མོས་ཚང་ཚང་ཟེར་བ་དེ། ལྷ་ལ་དག་ཚངས་གསོལ་བ་ཡིན། སྨན་བྱ་གོང་མོའི་གཤོགས་པུ་གཡས་པ་ལ། བདུད་རྩི་ཚན་གྱི་ལྗགས་སུ་བྱས། སྨེ་བ་དག་ལ་མནོལ་བ་ཚངས། ཡབ་ལྷ་དབལ་ཆེན་གེ་ཁོད་ལ། བདུད་རྩི་ཚན་གྱི་སྐུ་ཁྲུས་གསོལ། ཞེས་ཐོག་མར་ལྷ་མོ་གནམ་ཕྱི་གུང་རྒྱལ་ལས་ཚན་གྱི་རྒྱུ་ཆ་བྱུང་ཡང་ད་ཚན་གྱི་ཡོ་ཆས་མ་མཆིས་ཏེ་བཙལ་བའི་ཚེ་ན། འཇིག་རྟེན་ན་འདབ་ཆགས་གཞན་ལས་ཁྱད་པར་འཕགས་པའི་ལྷ་བྱ་གོང་མོ་ཞལ་ནས་དག་གཙང་གི་སྔགས་བཟློ་བཞིན་པ་དེའི་གཤོག་པ་གཡས་པ་དེ་ཚན་གྱི་ཡོ་ཆས་སུ་བེད་སྤྱོད་བྱས་ཡོད་པ་སོགས་གསལ་ཞིང་། ཚིག་རིས་དེ་དག་ལ་བརྟག་ན་གཟུགས་རྒྱན་དང་ངེས་བསྟན་སོགས་ཀྱི་སྒོ་ནས་སྒྲ་ཉམས་དང་དོན་ཉམས་ཕུན་སུམ་ཚོགས་པའི་ཡ་ཐོག་གི་རྩོམ་རྩལ་དང་ལྡན་པའི་རིན་ཐང་བྲལ་བའི་རྩོམ་རིག་ཞེ་ཅིག་རེད། །༼ སྐུ་ཞབས་བསམ་གཏན་རྒྱལ་མཚན་མཆོག་ནས། སྟོད་ཆ་ངོས་༣༡༧ལས། བདུད་རྩི་ཞེས་པའི་ཐ་སྙད་དེ་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་ནང་ཨམྲིཏ་༼འཆི་མེད༽ཞེས་པའི་ཚིག་དེའི་འགྱུར་ཡིན་ནའང་། ཁོ་བོས་ལྟར་ན་ཐ་སྙད་དེ་གཉིས་དབར་འབྲེལ་བ་མེད་སྙམ། བོན་གཞུང་དུ་བདུད་རྩིའི་དོན་ནི་ངམ་མམ་ཡང་ན་བདུད་ཡུལ་དུ་སྐྱེས་པའི་རྩི་དུག་ལ་བྱེད། དེ་ལྡོག་པར་བྱེད་པའི་དོད་ལ་ལྷ་རྣམས་ཀྱིས་སྨན་རྫས་ཐོན་སྐྱེད་བྱེད་པ་ནི་བདུད་ཀྱིས་དུག་བཟོ་བ་དང་འདྲ་བ་ལས། བདུད་རྩི་ཞེས་པ་དེ་ནི་གསེར་བཙོ་ལྟ་བུ་རྫས་འགྱུར་རིག་པ་ལས་ཐོན་པའི་དངོས་རྫས་ཤིག་ལ་མི་འབོད་དོ། །ཞེས་གསལ།༽

དུག་ཕྱུང་གི་ཆོ་ག

གཤམ་དུ་ཀུན་ཏུ་བཟང་པོ་ཞེས་བཟང་ངན་དང་སྣང་མུན་རྩི་དུག་ཐམས་ཅད་ཀྱི་འབྱུང་གཞིར་བསྟན་ཅིང་ད་དུང་གཞི་དང་རྩལ་ཞེས་ཐེག་པ་ཆེན་པོའི་ནང་དོན་ཁག་ཅིག་བརྗོད་ཡོད་ཅིང་བདུད་ཀྱི་དུག་སྦྱོར་ཉོན་མོངས་པ་དུག་ལྔ་དང་ཕྱི་རོལ་དོན་སྣང་གི་དབང་དུ་བྱས་ན་འབྱུང་བ་ལྔའི་དུག་དེ་དག་གིས་གཤེན་གྱི་ལྷ་ལ་མནོལ་བརྩོག་འབག་སྒྲིབ་ཀྱི་སྡིག་པ་བྱེད་པ་དེ་དག་སེལ་བའི་དོན་བསྟན། དེ་ཡང་སྔ་མའི་ཆོ་རབས་བརྗོད་ཡོད་དེ། སྔོན་སྲིད་པ་ཡབ་ཡུམ་གཉིས་ཀྱིས་སྲིད་པ་ཕོ་ཁྲི་མོ་འབུམ་དང་། སྲིད་པ་སྟོང་སྡེ་བཅོ་བརྒྱད་ཅེས་པ་བྱུང་བ་ལ་མནོལ་རྩོག་གིས་གོས་དུས་ལྷ་བོན་གཤེན་གསུམ་གྱིས་ཕྱི་ནང་གི་རྟེན་འབྲེལ་གྱི་ནུས་པ་བསྐྱེད་དེ་མནོལ་སྨེ་བག་ཆགས་ཐམས་ཅད་བསལ་བས་སྲིད་པ་སྟོང་སྡེ་བཅོ་བརྒྱད་དག་འཕེལ་རྒྱས་སོང་བའི་སྔོན་བྱུང་ལོ་རྒྱུས་དང་སྦྲགས་ད་ལྟར་ཡང་ཆོ་ག་དེ་སྤེལ་བཞིན་ཡོད་པ་བཅས་བསྟན་པ་དཔེ་མཚོན་ཙམ་དྲངས་ན་ ༽འདི་ལྟར།
གེ་ཁོད་ལྷ་དུག་ཕྱུང་བ་༼གེ་ཁོད་སྒྲུབ་སྐོར་ངོས་༧༠ལ་ཡོད་པའི་ཀུན་བཟང་བསང་ནག་གི་ལེའུ༽ལས།
ཞང་ཞུང་སྨར་གྱི་སྐད་དུ་ན། ཁྲི་རྩེ་ཨཱུ་དུག་སངས་སངས་ཨེ་མ་ཧོ། །ང་ནི་ཀུན་ཏུ་བཟང་པོ་ཡིན། ཀུན་ཏུ་བཟང་པོ་ཀུན་གྱི་གཞི། ཀུན་ཏུ་བཟང་པོ་རྩི་ཡི་ཁུང་། ཀུན་ཏུ་བཟང་པོ་དུག་གིས་ཁུང་། ཀུན་ཏུ་བཟང་པོ་བོན་གྱིས་ཁུང་། དུག་དང་རྩི་དང་བོན་དང་གསུམ། དེ་གསུམ་ཀུན་བཟང་ང་ཡི་རྩལ། ཀུན་ཏུ་བཟང་པོ་ལྷ་ཆེན་སྣང་། ལྷ་ཆེན་སྣང་བ་དུག་གི་ཁུང་། མཐོ་རིགས་བསྐྱེད་ཀྱི་དུག་ལྔ་སྟེ། ལྷ་ཆེན་སྣང་བ་ཉིད་ལས་བྱུང་། ལྷ་དང་མུན་དང་འདྲེ་དང་གསུམ། སྣང་མུན་༼༧༡༽སྐྱེ་མཆེད་སྐྱིད་སྡུག་གཉིས། སྐྱིད་སྡུག་ངོ་བོ་མ་རྟོགས་ནས། སྐྱིད་སྡུག་གཉིས་ཀ་མ་རྟོགས་སེམས་ཀྱིས་དུག། མཛེས་དགུ་གཟུགས་འདོད་མིག་གིས་དུག། སྙན་དགུ་སྒྲ་སྒྲོགས་རྣ་བས་དུག། ངར་དགུ་དྲི་གདའ་སྣའི་དུག། གདའ་དགུ་རོ་མཆོག་ལྕེ་ཡི་དུག། འཇམ་དགུ་རེག་བྱ་ལུས་ཀྱི་དུག། ལྷའི་བུ་ཡི་དུག་ལྔ་སྟེ། ཞེ་སྡང་ཞེ་རྔམ་མེ་ཡི་དུག། འདོད་ཆགས་འདོད་སྲེད་ནལ་གྱིས་དུག། གཏི་མུག་མུན་པ་ཆུ་ཡི་༼༧༢༽དུག། ཕྲག་དོག་རུ་ང་མཚེ་མའི་དུག། ང་རྒྱལ་འགྲེན་གྱི་དུག། བདུད་ཀྱིས་དུག་སྦྱོར་འདྲེ་ལྔ་སྟེ། གཤེན་གྱི་ལྷ་སྒོ་མ་མནོལ་ཅིག། ལྷ་མི་བར་གྱི་སྒོ་འགེགས་ཀྱིས། ནམ་ནམ་ཞི་ཞི་ཨ་སངས་ལྷན། རྩོག་ཅིང་མནོལ་སྨེ་མགྲེན་སྐོངས་ཕུད། དུ་དུག་གི་དུག་ཕུད་དུག་གི་རྩི། ཐན་གྱི་ཐན་སྒྱུར་ཐན་ཡང་དཔལ། འདྲེ་ཡི་འདྲེ་གསལ་འདྲེ་ཡང་ལྷ། དིང་འདིར་དུག་ཕྱུང་ཆབ་བསལ་བས། མི་རབ་སྲིད་པའི་མནའ་ཡི་མུག། བོན་རབ་སྲིད་པས་གཙུག་ལག་གཞུང་གི་གཏོ། སྔོན་སྲིད་པ་སངས་པོ་འབུམ་ཁྲི་དང་། སྒོ་བ་ཆུ་ལྕམ་རྒྱལ་མོ་གཉིས། ཕོ་ཁྲི་མོ་འབུམ་སྤྲུལ་པའི་སྲས། སྲིད་པ་སྟོང་སྡེ་བཅུ་བརྒྱད་དང་། མནོལ་སྨེ་རྩོས་ལྗིང་འཁྱིལ་ཙམ་ནས། ལྷ་རབ་བོན་རབ་གཤེན་རབ་གསུམ། བརྡ་སྤྲོད་རིག་འཛིན་གཤེན་རབ་དང་། རང་རིག་ཡེ་ཤེས་རྩལ་བསྐྱེད་ནས། ནང་གིས་རྟོག་འགྲིན་ཀློང་དུ་བསྟིམ། བརྟེན་འབྲེལ་རྫས་ཀྱི་ཆབས་ཤོར་ནས། ༼༧༣༽ཕྱི་ཡི་འགྲེན་འདྲེ་ཡས་ཀྱི་ཕུད། ཀུན་རྫོབ་དོན་དམ་མགོ་བསྒྲོལ་ནས། མནོལ་སྨེ་བག་ཆགས་སེལ་ཡབ་བསིལ། གཙུག་ལག་དེ་ཡི་ཡོན་ཏན་གྱིས། སྲིད་པ་སྟོང་སྡེ་བཅུ་བརྒྱད་ཀྱིས། ལྷ་དང་དམེ་ཡི་དྲག་རྒྱས་སོ། ད་ཡང་སྲིད་པ་སྔོན་གྱིས་དཔེ། གཙུག་ལག་སྲིད་པ་གཞུང་གི་གཏོ། འབྱུང་བ་དུག་སེལ་ཆེན་པོ་ལ། བོན་སྨྲང་བདེན་པས་ངར་བླུད་ནས། དུག་གི་དུག་ཕུད་དུག་འགྱོད་དོ། སྨེ་མནོལ་ཚངས་པས་གཏོ་འདེབས་སོ། །མཐོ་སྟེ་སྲིད་པའི་རྩེ་མོ་ནས། དམའ་སྟེ་ཁྲི་འཕང་འབྱུང་བཞི་བར། ལྷ་རབ་བོན་རབ་གཤེན་རབ་སྟེ། ཡོད་ཁམས་ཁ་འཛིན་ཐམས་ཅད་བསང་། ཞེས་སོ། །
གཡག་ཏུ་དགྲ་ཆོས་ལས་བྱུང་བའི་སྲིད་པ་རྒྱུད་ཀྱི་དུག་ཕྱུང་ནི། །༼བརྟེན་འགྱུར་ངོས་༢༽ཀྱཱེ་དང་པོ་དུག་ཕྱུང་གང་ནས་བྱུང་། །དུག་སྲིད་གང་ནས་སྲིད། །གནམ་མཐའ་ལྕགས་ཀྱི་རྒན་པོ་དང་། །ས་མཐའ་ཟངས་ཀྱི་རྒན་མོ་གཉིས། །སྡེབ་པ་ནང་དུ་འཚོས་ལ། །དུག་ནག་རིགས་དགུ་སྲིད། །ས་དུག་བོང་བ་དང་། །ཆུ་དུག་རྩ་ཁུ་དང་། །རྡོ་དུག་མཁར་འོང་དང་། །གསེར་དུག་རག་གན་དང་། །དངུལ་དུག་ཞ་ཉེ་དང་། །ལྕགས་དུག་སོ་དུག་དང་། །ཤིང་དུག་སྟག་མ་དང་། །༼༣༽ལྡོམ་དུག་ཐང་ཕྲོམ་དང་། །རྩ་དུག་རེ་ལྕགས་དང་། །དུག་རིགས་སྣ་ཚོགས་རྣམས། །གཤེན་པོ་བདག་གི་ཕྱག་ཏུ་བསྡུས། །དུག་འགལ་སྟོབས་ཆེན་ཟོས། །རྐེད་པ་ཡ་སོ་འདི། །རྟ་དྲེའུ་བོང་གསུམ་བས་སྟོབས་ཆེ། །སྐེ་རག་མ་སོ་འདི། །མཛོ་གཡག་གླང་གསུམ་བས་སྟོབས་ཆེ། །སྐེ་རག་ཐད་སོ་འདི། །ཁྱི་ར་ཕག་གསུམ་༼བས༽སྟོབས་ཆེ། །སྟོབས་ཆེན་དེ་རྣམས་ཀྱིས། །མི་མངོན་དབྱིངས་ཀྱི་ཕོ་བྲང་ནས། །ཀུན་ཏུ་བཟང་པོ་ལ་སོགས་ཏེ། །ཐུགས་ཁར་ལྷ་དམག་རྣམས་ཀྱི་མགུར་ནས་དུག་མར་ཕྱུང་ལ་སེལ་གྱི་བསལ། །དབུས་ཕྱོགས་བདེ་བའི་གསས་མཁར་ནས། །མགོན་ལྷ་༼༤༽དཀར་པོ་ལ་སོགས་ཏེ། །ཞེས་སོགས་འཁོད། །