མདུན་ངོས། » གསར་རྩོམ། » སྤྱིར་བཏང་། » མན་ངག་གི་རྒྱལ་པོ་ལྟ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

མན་ངག་གི་རྒྱལ་པོ་ལྟ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

 

མན་ངག་གི་རྒྱལ་པོ་ལྟ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
སློབ་དཔོན་པདྨ་འབྱུང་གནས།

ལྟ་བ་དང་ཐེག་པ་ལ་སོགས་པའི་ཁྱད་པར་བསྡུས་པའི་བསྐྱུས་བྱང༌། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་དང༌། རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ།། འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པ་མདོ་རྣམ་པ་བཞིར་འདུས་ཏེ། ཕྱལ་བ་དང༌། རྒྱང་འཕེན་དང༌། མུར་ཐུག་པ་དང༌། མུ་སྟེགས་པའོ། །དེ་ལ་ཕྱལ་བ་ནི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་ཡོད་མེད་དུ་མ་གཏོགས་ཏེ། ཀུན་ཏུ་རྨོངས་པའོ། །རྒྱང་འཕེན་ནི་ཚེ་སྔ་ཕྱི་ཡོད་མེད་དུ་མ་གཏོགས་ཤིང༌། ཚེ་གཅིག་ལ་བཙན་ཕྱུག་དང་མཐུ་སྟོབས་སྒྲུབ་པ་སྟེ། འཇིག་རྟེན་གྱི་གསང་ཚིག་ལ་བརྟེན་པའོ། །མུར་ཐུ ག་པ་ནི། ཆོས་ཐམས་ཅད་ནི་རྒྱུ་དང་འབྲས་བུ་མེད་པ་སྟེ། ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་གློ་ བུར་དུ་སྐྱེས་ལ་མཐའ་ཆད་པར་ལྟ་བའོ། །མུ་སྟེགས་པ་ནི། ཆོས་ཐམས་ཅད་ལ་ཀུན་ཏུ་བཏགས་པའི་༣བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་བལྟ་བ་དང༌། རྒྱུ་འབྲས་ལོག་པར་ལྟ་བ་དང༌། རྒྱུ་ཡོད་པ་ལ་འབྲས་བུ་མེད་པར་ལྟ་བའོ། །འདི་དག་ནི་མ་རིག་པའི་ལྟ་བའོ། །འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་རྡོ་རྗེའིི་ཐེག་པའོ། །མཚན་ཉིད་ཀྱི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས་པ་ཡིས་སྒྲོ་དང་བཀུར་བར་བཏབ་པའི་ཡེ་མེད་པར་བལྟ་བ་དང༌། རྟག་པ་ལ་སོགས་པ་ཡོད་པར་ལྟ་བ་ནི་ཐག་པ་ལ་སྦྲུལ་དུ་མཐོང་བ་མེད། ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི། རྡུལ་ཕྲ་རབ་དང༌། རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་ལྟ་བ་དང༌། འཕགས་པའི་བདེན་པ་བཞི་བསྒོམས་པས་རིམ་གྱིས་འབྲས་བུ་རྣམ་པ་བཞི་གྲུབ་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས་པས། སྒྲོ་དང་བཀུར་བར་ཀུན་ཏུ་རྟགས་པའི་བདག་རྟག་པ་ལ་སོགས་པ་མེད་པར་ལྟ་བ་ནི་ཉན་ཐོས་དང་མཐུན། དེ་ལ་ཁྱད་པར་དུ་གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང༌། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའི་དུས་ན་ཡང༌། ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལ་མི་ལྟོས་པར་སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་སྒོ་ནས། ཆོས་ཉིད་ཟབ་མོ་རྟོགས་ནས་རང་སངས་རྒྱས་ཀྱི་འབྲས་བུ་འགྲུབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་མཚན་ཉིད་མ་འདྲེས་པར་ཡོད་དེ། ཕ་རོལ་དུ་ཕྱིན་པ་བཅུ་སྤྱད་པའི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་པའི་མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་འདོད་པ་ཡིན་ནོ། །རྡོ་རྗེའི་ཐེག་པ་ལ་ཡང་གསུམ་སྟེ། བྱ་བའི་རྒྱུད་ཀྱི་ཐེག་པ་དང༌། གཉིས་ཀའི་རྒྱུད་ཀྱི་ཐེག་པ་དང༌། རྣལ་འབྱོར་རྒྱུད་ཀྱི་ཐེག་པའོ། །དེ་ལ་བྱ་བའི་རྒྱུ ད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དོན་དམ་པར་སྐྱེ་འགག་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུར་བསྒོམ་ཞིང༌། སྐུའི་གཟུགས་བརྙན་དང༌། ཐུགས་མཚན་དང༌། བཟླས་བརྗོད་དང༌། གཙང་སྦྲ་དང༌། དུས་ཚིགས་དང༌། གཟའ་དང༌། རྒྱུ་སྐར་ལ་སོགས་པ། གཙོ་བོར་ཡོ་བྱད་དང་རྒྱུུ་རྐྱེན་ཚོགས་པའི་མཐུས་གྲུབ་པའོ། །གཉིས་ཀའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དོན་དམ་པར་སྐྱེ་འགག་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་སྐུ་ཉིད་རྣམ་པ་བཞི་དང་ལྡན་པར་བསྒོམ་པའི་ཏིང་ངེ་འཛིན་དང༌། ཡོ་བྱད་དང་རྒྱུ་རྐྱེན་ལ་སོགས་པ་གཉིས་ཀ་ལ་ཡང་བརྟེན་ནས་འགྲུབ་པའོ། །རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་རྣམ་པ་གཉིས་ཏེ། རྣལ་འབྱོར་ཕྱི་པ་ཐུབ་པའི་རྒྱུད་ཀྱི་ཐེག་པ་དང༌། རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དེ་ལ་རྣལ་འབྱོར་ཕྱི་པ་ཐུབ་པའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཕྱི་ཡོ་བྱད་ལ་གཙོ་བོར་མི་འཛིན་པར་དོན་དམ་པ་སྐྱེ་འགག་མེད་པའི་ ལྷ་དང་ལྷ་མོ་དང༌། དེ་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱི་འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་པའི་རྣལ་འབྱོར་པའི་གཙོར་བྱས་པ་ལས་འགྲུབ་པའོ། །རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་རྣམ་པ་གསུམ་སྟེ། བསྐྱེད་པའི་ཚུལ་དང༌། རྫོགས་པའི་ཚུལ་དང༌། རྫོགས་པ་ཆེན་པོའི་ཚུལ་ལོ། །དེ་ལ་བསྐྱེད་པའི་ཚུལ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་རིམས་བཞིན་དུ་བསྐྱེད་ཅིང༌། དཀྱིལ་འཁོར་རིམ་བཞིན་བཀོད་ནས་བསྒོམ་པས་འགྲུབ་པའོ། །རྫོགས་པའི་ཚུལ་ནི་དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོའི་རྣམ་པར་མི་རྟོག་པའི་དོན་དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས་ལ། ཀུན་རྫོབ་ཏུ་འཕགས་པའི་གཟུགས་ཀྱི་སྐུ་ཡང་གསལ་བར་བསྒོམ་ཞིང་མཉམ་པ་མ་འདྲེས་པར་བསྒོམ་པས་འགྲུབ་བོ།།
རྫོགས་པ་ཆེན་པོའི་ཚུལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡེ་ནས་ཡིན་པར་རྟོགས་ནས་སྒོམ་པ་སྟེ། དེ་ཡང་རྒྱུད་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཅེས་འབྱུང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་མ་སྐྱེས་ལ། བྱ་བ་བྱེད་ནུས་པའི་སྒྱུ་མ་བདེ་བར་གཤེགས་པ་ཡབ་ཡུམ་བཅུ་ལ་སོགས་པའི་རང་བཞིན་ཡེ་ནས་ཡིན་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་གྱི་མྱ་ངན་ལས་འདས་པ་སྟ།ེ ཆེན་པོ་ལྔ་ནི་ཡུམ་ལྔའི་རང་བཞིན། ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས་ལ། རྣམ་པར་ཤེས་པ་བཞི་ནི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན། ཡུལ་བཞི་ནི་མཛེས་པའི་ལྷ་མོ་བཞིའི་རང་བཞིན། དབང་པོ་བཞི་ནི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན། དུས་བཞི་ནི་མཆོད་པའི་ལྷ་མོ་བཞིའི་རང་བཞིན། ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་དང༌། ཡུལ་དང་དེ་ལས་བྱུང་བའི་བྱང་ཆུབ་དཔའ་ནི་ཁྲོ་བོ་བཞིའི་རང་བཞིན། རྟག་ཆད་མུ་བཞི་ནི་ཁྲོ་མོ་བཞིའི་རང་བཞིན། ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཀུན་ཏུ་བཟང་པོའི་རང་བཞིན། ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ནི། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོའི་རང་བཞིན་ཏེ། དེ་དག་ཀྱང་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཡིན་གྱི། ད་ལམ་གྱིས་བསྒྲུབས་པ་མ་ཡིན་ནོ། །དེ་ལྟར་ཕྱོགས་བཅུ་དང་དུས་གསུམ་དང༌། ཁམས་གསུམ་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་རང་གི་སེམས་ལས་གུད་ན་མེད་དེ། ཇི་སྐད་དུ། རང་སེམས་སོ་སོར་རྟོགས་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་པ་དེ་ཉིད་དོ ། །འབྱུང་བ་ཆེ་རྣམས་དེ་ཉིད་དོ།༡༢ །ཞེས་འབྱུང་ངོ༌། །ཇི་སྐད་དུ། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་འབྱུང་བ་དང༌། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྟོང་པའོ། །ཆོས་ཐམས་ཅད་ནི་གདོད་མ་ནས་རྣམ་པར་དག་པའོ། །ཆོས་ཐམས་ཅད་ནི་ཡོངས་ཀྱིས་འོད་གསལ་བའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའ།ོ །ཆོས་ཐམས་ཅད་ནི་ཡེ་ ནས་མངོན་པར་རྫགོ ས་པར་སངས་རྒྱས་པའོ། །ཞེས་གསུངས་སོ། །འདི་རྫོགས་པ་ཆེན་པོའི་ཚུལ་ལོ།།
རྫོགས་པ་ཆེན་པོའི་ཚུལ་ནི། རྟོགས་པ་རྣམ་པ་བཞིའི་ལམ་གྱིས་ཡིད་ཆེས་ཏེ། དེ་ལ་རྫོགས་པ་ཆེན་པོ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པས། འབྲས་བུའི་ཆོས་ལྷུན་གྱི་གྲུབ་པའི་དོན་ནོ། །ཚུལ་ནི་དོན་ལ་འཇུག་པའོ། །རྟོགས་པ་རྣམ་པ་བཞི་ནི། རྒྱུ་གཅིག་པར་རྟོགས་པ་དང༌། ཡིག་འབྲུའི་ ཚུལ་གྱསི ་རྟོགས་པ་དང༌། བྱནི ་གྱསི ་བརླབས་པར་རྟགོ ས་པ་དང༌། མངོན་སུམ་པར་རྟོགས་པའོ། །དེ་ལ་རྒྱུ་གཅིག་པར་རྟོགས་པ་ནི། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པས་སོ་སོ་མ་ཡིན་པ་དང༌། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཀྱིས་སོ་སོ་མ་ཡིན་པ་དང༌། མ་སྐྱེས་པ་ཉིད་ཆུ་ཟླ་ལྟར་སྒྱུ་མ་སྣ་ཚོགས་སུ་སྣང་ཞིང་བྱ་བ་བྱེད་ནུས་པ་དང༌། སྒྱུ་མ་ཉིད་ངོ་བོ་མེད་དེ་མ་སྐྱེས་པས་ཀུན་རྫོབ་དང་དོན་དམ་པར་དབྱེར་མེད་པས་རྒྱུ་གཅིག་པར་རྟོགས་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི། ཆོས་ཐམས་ཅད་མ་སྐྱེས་པ་ནི་ཨ་སྟེ། གསུང་གི་རང་བཞིན་ལ། མ་སྐྱེས་པ་ཉིད་སྒྱུ་མར་སྣང་ཞངི ་བྱ་བ་བྱདེ ་ནུ ས་པ་ནི་ཨོཾ་སྟེ་སྐུའི་རང་བཞིན། དེ་ལྟར་རྟོགས་པའི་རིག་པ་ཡེ་ཤེས་སྒྱུ་མ་མཐའ་དང་དབུས་མེད་པ་ནི་ཧཱུྃ་སྟེ་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །བྱིན་གྱིས་བརླབས་ཀྱིས་རྟོགས་པ་ནི་དཔེར་ན་རས་དཀར་པོ་ལ་དམར་པོས་བྱིན་གྱིས་བརླབས་པའི་མཐུ་རྩོད་ལ་ཡོད་པ་བཞིན་དུ། ཆོས་ཐམས་ཅད་སངས་རྒྱས་པར་བྱིན་གྱིས་བརླབས་པའི་མཐུ་ཡང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱི་མཐུས་བྱིན་གྱིསོ་བ་པར་རྟོགས་པའོ། །མངོན་སུམ་པར་རྟོགས་པ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེ་ཡང་ལུང་དང་མན་ངག་དང་འགལ་བ་ཡང་མ་ཡིན་ལ། ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པ་ཡང་མ་ཡིན་ལ། རང་གི་རིག་པས་བློའི་གཏིང་དུ་ཡིད་ཆེས་པས་མངོན་སུམ་དུ་རྟོགས་པའོ། །ལམ་གྱིས་ཡིད་ཆེས་པ་ནི། རྟོགས་པ་རྣམ་པ་བཞིའི་དོན་རིག་པ་དེ་ཉིད་རྣལ་འབྱོར་པའི་ཡིན་ཏེ། དེ་ཡང་རྒྱུ་བསྒྲུབ་པས་འབྲས་བུ་འབྱུང་བའི་དུས་ལ་ལྟོས་པ་ལྟ་བུ་མ་ཡིན་གྱི། རང་གི་རིག་པས་མངོན་སུམ་དུ་རྟོགས་ཤིང་ཡིད་ཆེས་པའོ།། དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། རྟོགས་པ་རྣམ་པ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །མཚན་ཉིད་གསུམ་གྱིས་འབྲེལ་བ་དང༌། དགོས་པ་དང༌། དགོས་པའི་ཡང་དགོས་པའོ། །དེ་ལ་འབྲེལ་བ་ནི། ཀུན་ནས་ཉོན་མོངས་པའོ། །རྣམ་པར་བྱང་བའི་ཆོས་སུ་བརྟགས་པ་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་བདག་ཉིད། རང་བཞིན་གྱིས་སངས་རྒྱས་པའི་དབྱིངས་དང༌། བྱིན་གྱིས་བརླབས་ཡིན་པའི་དོན་རྟོགས་པ་ནི། ཤེས་པའི་མཚན་ཉིད་དོ། །དེ་བླ་ན་མེད་པར་སངས་རྒྱས་སུ་གྲུབ་པའི་རྒྱུ་ཡིན་པའི་དོན་དུ་འབྲེལ་བའོ། །དགོས་པ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་དང༌། སྨན་ལྔ་དང༌། བདུད་རྩི་ལྔ་ལ་སོགས་པར་བཏགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོ་ལ་བླང་དོར་མེད་པར་སྤྱོད་པ་ནི་འཇུག་པའི་མཚན་ཉིད་དོ། །དེ་ནི་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པའི་རྒྱུ་ཡིན་པའི་ཕྱིར་དགོས་པའོ། །དགོས་པའི་ཡང་དགོས་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དང༌། སྨན་ལྔ་དང༌། བདུད་རྩི་ལྔ་ལ་སོགས་པའི་ཁྱད་པར་དུ་བརྟགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོའི་ངང་དུ་བླང་དོར་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར། སྲིད་པའི་འཁོར་བ་ཡེ་ནས་བླ་ན་མེད་པར་སངས་རྒྱས་པའི་རང་བཞིན་མྱ་ངན་ལས་འདས་པའི་མཚན་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་པས་འབྲས་བུའི་མཚན་ཉིད་དེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་སུམ་དུ་གྱུར་པ་ནི་དགོས་པའི་དགོས་པའོ།།
དེ་ལ་བསྙེན་པ་དང༌། ཉེ་བའི་བསྙེན་པ་དང༌། སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་དོན་ལྷུན་གྱིས་གྲུབ་པར་གྱུར་བའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ལ་བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ལམ་གྱིས་བསྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་པར་རྟོགས་པའོ། །ཉེ་བའི་བསྙེན་པ་ནི་བདག་ཉིད་ལྷར་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ཡིན་པས། བདག་ཉིད་ཀྱང་ཡེ་ནས་ལྷའི་རང་བཞིན་ཡིན་པར་ཤེས་ཀྱི། ད་ལྟར་བསྒྲུབས་པ་ནི་མ་ཡིན་པར་རྟོགས་པའོ། །སྒྲུབ་པ་འདི་ནི་ཡུམ་བསྐྱེད་པ་སྟེ། དེ་ཡང་ཡུམ་ཆེན་མོ་ནམ་མཁའི་དབྱིངས་ལས་ནམ་མཁའ་ཉིད་ཡུམ་ཆེན་མོ་ས་ཆུ་མེ་ང་བཞིར་སྣང་ཞིང༌། བྱ་བ་བྱེད་པའི་ཡུམ་ཡེ་ནས་ཡིན་པར་རྟོགས་པའོ། །སྒྲུབ་པ་ཆེན་པོ་ནི་ཐབས་དང་ཤེས་རབ་འབྲེལ་བ་སྟེ། དེ་ཡང་ཡུམ་ཆེན་མོ་ལྔའི་ཤེས་རབ་དང༌། ཡུམ་གྱི་ནམ་མཁའ་སྟོང་པ་ཉིད་ལས། ཕུང་པོ་ལྔའི་སངས་རྒྱས་ཐབས་ཀྱི་ཡབ་སྨོན་པ་མེད་པར་ཡེ་ནས་ཟུང་དུ་གྱུར་པའི་འབྲེལ་བ་ལས། བྱང་ཆུབ་ཀྱི་སེམས་སྤྲུལ་པ་ཙམ་བྲལ་དུ་གྱུར་པའི་རང་བཞིན། ཡེ་ནས་སངས་རྒྱས་པའི་དོན་ལ་སྒྱུ་མ་ལ་སྒྱུ་མར་རོལ་ཅིང་བདེ་མཆོག་སྒྱུ་མའི་རྒྱུན་ལ་བདེ་བའི་དུས་ཉིད་ན་མཚན་མ་མེད་པའི་དོན་མི་དམིགས་ནམ་མཁའ་དང་སྙོམས་པ་ནི་ཀློང་དུ་གྱུར་ནས་ལྷུན་གྱིས་གྲུབ་པ་སྟེ། བདུད་རྣམ་བཞི་ཡང་བརྟུལ་ནས་མཐར་ཕྱིན་པའི་དོན་འགྲུབ་པའོ། །ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པའི་ཡིད་བཞིན་གྱི་གཞལ་ཡས་ཁང་རྒྱ་ཡོངས་སུ་མ་ཆད་པའི་འཁོར་ལོ་ཡེ་ནས་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པ་ཡང་ཐབས་ཀྱི་ཐེག་པ་གསུམ་ཐོས་པ་ནི་མིག་ཕྱེ་བའོ། །དོན་རྟོགས་པ་ནི་དཀྱིལ་འཁོར་མཐོང་བའོ། །རྟོགས་ནས་གོམས་པར་བྱེད་པ་ནི་དཀྱིལ་འཁོར་དུ་ཞུགས་པའོ། །ཞུགས་ནས་མངོན་དུ་གྱུར་བ་ནི་དངོས་གྲུབ་ཆེན་པོ་ཐོབ་པའོ།།
དེ་ལྟར་ཚུལ་འདི་ནི་རྫོགས་པ་ཆེན་པོའི་མཐར་ཕྱིན་པའི་དོན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་འཇུག་པ་སྟེ། སྐྱེས་བུ་བློ་རྩལ་རབ་ཀྱིས་ཡེ་ནས་སངས་རྒྱས་པའི་དོན་ལ་ཡེ་ནས་སངས་རྒྱས་པར་རིག་པས་གོམ་པ་དྲག་དལ་དུ་འགྲོ་བ་ཡིན་གྱི་ཕལ་གྱི་བྱ་བ་ནི་མ་ཡིན་ནོ། །ཕལ་གྱིས་ཐོས་ཏེ་ཇི་ལྟར་བསམ་ཀྱང་བདེན་ཞིང་བཟང་ཞིང་ཡིད་ཆེས་པར་མི་འགྱུར་རོ། །ཡིད་མ་ཆེས་པ་དང༌། ཕལ་གྱི་བློ་ལ་གོ་དཀའ་ཞིང་བདེན་པ་དང་བཟང་བར་མ་ཤེས་པའི་ཉམས་དང་སྦྱར་ནས། ཀུན་ཀྱང་དེ་དང་འདྲ་སྙམ་སྟེ། ཡོ་བརྫུན་ཞེས་སྐྱེས་བུ་རབ་ལ་ཡང་བསྐུར་པ་འདེབས་ཤིང༌། སུན་འབྱིན་པའི་བློ་སྐྱེ་བར་འགྱུར་བས་རབ་ཏུ་གསང་བའི་ཕྱིར་གསང་བའི་ཐེག་པ་ཞེས་བཀའ་སྩལ་ཏོ། །དེ་བས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་ལ་རྟོགས་པའི་བློ་མ་སྐྱེས་ཀྱི་བར་དུ་ཐེག་པས་འོག་མ་པས་འགྲོ་བའི་དོན་བྱས་ན་གདུལ་བྱ་ཆུད་མི་ཟ་བས་སློབ་དཔོན་གྱིས་འཁོར་བའི་སྐྱོན་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་དང༌། ཐེག་པ་ཐམས་ཅད་ལ་མཁས་པར་བྱེད་པ་ཡིན་གྱི་ཕྱོགས་འགའ་ཙམ་ཤེས་པས་སློབ་དཔོན་གྱིས་བཟུང་དུ་མི་རུང་བར་ཡང་རྒྱ་ཆེར་འབྱུང་ངོ༌།། ལྟ་བའི་ཁྱད་པར་དཀའ་ཐུབ་པ་དང་བརྟུལ་ཞུགས་ཀྱང་བྱེ་བྲག་ཏུ་འགྱུར་ཏེ། དཀའ་ཐུབ་མེད་པ་ནི། འཇིག་རྟེན་ཕྱལ་བ་དང་མུར་ཐུག་གོ །དཀའ་ཐུབ་ཡོད་པ་ནི་རྣམ་པ་བཞི་སྟེ། རྒྱང་འཕེན་པ་དང༌། མུ་སྟེགས་པ་སྟེ་འཇིག་རྟེན་གྱི་དཀའ་ཐུབ་དང༌། ཉན་ཐོས་ཀྱི་དཀའ་ཐུབ་དང༌། བྱང་ཆུབ་སེམས་དཔའི་དཀའ་ཐུབ་དང༌། བླ་ན་མེད་པའི་དཀའ་ཐུབ་བོ། །དེ་ལ་ཕྱལ་བ་ནི་རྒྱུ་འབྲས་ལ་རྨོངས་པའི་ཕྱིར་དཀའ་ཐུབ་མེད་དོ། །མུར་ཐུག་པ་ནི་ཆད་པར་ལྟ་བའི་ཕྱིར་དཀའ་ཐུབ་མེད་དོ། །རྒྱང་འཕེན་ནི་ཚེ་འདིའི་ཁྱད་པར་དག་སྒྲུབ་པའི་ཕྱིར་གཙང་སྦྲ་ལ་སོགས་པའི་དཀའ་ཐུབ་ཅན་ནོ། །མུ་སྟེགས་པ་ནི་བདག་ཏུ་བརྟག་གཅིག་ཡོད་པ་དེ་དག་པར་བྱ་བའི་ཕྱིར། ལུས་སུན་འབྱིན་ཅིང་མེ་ལྔ་བརྟེན་པ་ལ་སོགས་པའི་དཀའ་ཐུབ་དང༌། བརྟུལ་ཞུགས་ལོག་པར་སྤྱོད་པའོ།།
ཉན་ཐོས་ཀྱི་དཀའ་ཐུབ་ནི། འདུལ་བ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་འབྱུང་སྟེ། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པར་གཉིས་ཀ་སོ་སོར་ཡོད་པར་ལྟ་བའི་དགེ་བ་ནི་སྤྱོད་མི་དགེ་བ་ནི་སྤོངས་བའི་དཀའ་ཐུབ་དང་བརྟུལ་ཞུགས་སྤྱོད་པའོ།།
བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི། བྱང་ཆུབ་སེམས་པའི་སྡོམ་པ་ལས། རྐྱེན་དུ་འཚམ་པར་དོན་མི་བྱེད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌།།སེམས་དགེ་བ་ལ་ཉེས་པ་མེད། །ཅེས་འབྱུང་སྟེ། སྙིང་རྗེ་ཆེན་པོས་ཟིན་ན་ཆོས་ཐམས་ཅད་དགེ་བ་དང་མི་དགེ་བ་གང་སྤྱད་ཀྱང་སྡོམ་པ་ཉམས་པར་མི་འགྱུར་བས། བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི་སྙིང་རྗེ་གཞི་བཟུང་ནས་སྤྱོད་པའོ།།
བླ་ན་མེད་པའི་དཀའ་ཐུབ་ནི། དམ་ཚིག་ཆེན་པོའི་མདོ་ལས། སངས་རྒྱས་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང༌། །པདྨ་ལ་ནི་འདམས་བཞིན་ཏེ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཅེས་འབྱུང་སྟེ། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་ཀྱི་ཕྱིར། སྙིང་རྗེ་ནི་བསྟེན་དུ་མེད་ལ། ཞེ་སྡང་ནི་སྤང་དུ་མེད་དེ། དེ་ལྟར་མ་རྟོགས་པ་ལ་ཐུགས་རྗེ་མི་འབྱུང་བ་ཡང་མ་ཡིན་ཏེ། ཇི་ལྟར་ལྟ་བས་ཡེ་ནས་རྣམ་པར་དག་པར་རྟོག་པ་བཞིན་དུ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང༌། དེ་ལྟར་རྣམ་པར་དག་པར་སྤྱོད་དོ།།
ལྟ་བའི་ཕྲེང་བ་གསང་རབ་འདི། །དམུས་ལོང་རང་ཕྱེ་མིག་རྙེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆང་བའི། །སྐྱེས་མཆོག་ཡོད་ན་འཕྲད་པར་ཤོག། མན་ངག་གི་རྒྱལ་པོ་ལྟ་བའི་ཕྲེང་བ་རྫོགས་སོ།། །།མངྒལཾ།།