མདུན་ངོས། » གསར་རྩོམ། » ཡ་ཐོག་རྩོམ་རིག » མདོ་པར་ཏི་ཀ་ནས་བྱུང་བའི་སྟོན་པ་གཤེན་རབ་ཀྱི་གཏམ་རྒྱུད།

མདོ་པར་ཏི་ཀ་ནས་བྱུང་བའི་སྟོན་པ་གཤེན་རབ་ཀྱི་གཏམ་རྒྱུད།

 

མདོ་པར་ཏི་ཀ་ནས་བྱུང་བའི་སྟོན་པ་གཤེན་རབ་ཀྱི་གཏམ་རྒྱུད།

 

བོན་གྱི་ཡིག་རྙིང་མདོ་པར་ཏི་ཀ་ནས་དྲངས་པ།
 

བོན་མོ་གོང་ང་གོང་ཆུང་གིས་སྟོན་པ་ལ་ཞུས་པ། ཇོ་བོ་གཤེན་རབ་སྟོན་པའི་མཆོག མེས་པོ་ཕྱི་མོ་གང་ལགས་པ། ཡབ་ཡུམ་གཉིས་ནི་གང་ཞིག་ལགས། གནམ་ནས་ས་ལ་ཇི་ལྟར་གཤེགས། ཞེས་གསོལ་པས། གཤེན་རབ་ཀྱིས་བཀའ་སྩལ་པ། སྲིད་པ་ཀུན་གྱི་ཡ་ཐོག་ན། ཆེ་བཙན་ཀུན་གྱི་ཡ་སྟཻང་དུ། བོན་དང་གཤེན་གཅིག་སྲིད་པ་ནི། མེས་པོ་ལྷ་རྗེ་དགུང་དང་གསུམ། ཕྱི་མོ་ཡོ་ཕྱི་རྒྱལ་མོ་རོན། རྒྱལ་བོན་ཐོད་དཀར་གདུང་ལས་ཆད། ཡོ་ཕྱི་རྒྱལ་བཞེད་ལྷུམས་ལས་འཁྲུངས། བདག་ཉིད་གཤེན་རབ་ཀུན་གྱི་ཡབ། ཞལ་ནས་སྲིད་པའི་ལོ་རྒྱུས་འདོན། གསང་བའི་མན་ངག་ཐུགས་ལ་གསལ། གཏོ་མཁར་སུམ་བརྒྱ་སྐུ་ལ་འདུས། སྨྲང་རྒྱུད་ཆུ་བོ་ཞལ་ནས་འདོན། གཏོའི་ཀ་སྒྲོམ་ཡང་ཆུང་འཛིན། རྔ་གཤང་འབུམ་གྱི་གོ་བན་འགེལ། སྨྲང་གི་གལ་པོ་ལུས་ལ་ཚང༌། དེ་འདྲའི་གཤེན་རབ་མཁས་པ་དེ། སྲིད་པ་ཀུན་གྱི་ཡ་ལ་གནས། སངས་པོ་འབུམ་ཁྲི་རྨ་ལོ་གཡུ་ལོ་ཡིས། འཛམ་གླིང་ས་ལ་སྤྱན་དྲངས་ནས། སྤྲུལ་པའི་རྔ་གཤང་འུ་རུ་རུ། དབལ་གྱི་གློག་ཆ་གྱ་མ་གྱུ། དངུལ་གྱི་ཁུ་འཕང་ཤ་ར་རང༌། ཤེལ་གྱི་སེར་བ་ཕྲ་ལ་ལ། གཡུའི་ན་བུན་ཐུ་ལུ་ལུ། ཡེ་ཡོད་དབུས་ཀྱི་གླིང་རྩེ་ལ། ཡེ་བླ་སྟོང་གི་བླ་རུ་བྱོན། འབྱུང་བ་ལྔ་ཡི་ཕྱག་བགྱིས་ཏེ། རྔ་གཤང་དུང་གླིང་སྒྲ་སྐད་འདོན། གསེར་གཡུ་དུང་གསུམ་སྙིང་པོ་ཟློས། དེར་བོན་མོ་གོང་པ་གོང་མ་གོང་ཆུང་གིས། གསེར་གྱི་གཡུང་དྲུང་ཡོན་དུ་ཕུལ། ཡང་སྨྲ་མི་སྲིད་པའི་རྒྱལ་པོ་ཡིས། གསེར་གྱི་གསས་མདའ་འཕང་གིས་བཏབ། གཡུ་ཡི་སྨན་མ་ཁལ་གྱིས་གཅལ། རྟ་བརྒྱ་ལྷ་ལ་ཡོན་དུ་ཕུལ། གཡག་བརྒྱ་གསས་ལ་རྟེན་དུ་བཙུགས། མི་ཡུལ་ལྷ་གཤེགས་དགའ་ཞིང་སྐྱིད། བས་ལ་གདུགས་བདལ་དྲོ་ཞིང་འཇམ། ཨེ་མ་ཧོ་སྟེ་ངོ་མཚར་ཆེའོ། སངས་པོ་འབུམ་ཁྲིའི་སྐུ་དྲིན་ལགས། ཡང་ཡེ་བླ་མང་པོས་ཕྱག་བགྱིས་ཏེ། གཤེན་རབ་ཡབ་ལ་འདི་སྐད་ཞུས། གཤེན་རབ་ཡབ་ཅིག་མཁས་པའི་མཆོག སྲིད་པ་ཀུན་གྱི་ཡབ་ལགས་ན། དང་པོ་སྲིད་པ་ཇི་ལྟར་ལགས། བར་དུ་སྐྱེ་འགྲོ་ཇི་ལྟར་འཕེལ། ཐ་མར་འཕེལ་བ་གང་དུ་འགྲ། རུས་རིགས་མང་པོ་སུ་ཡིས་བཏགས། བདག་ཅག་རྣམ་ལ་བཤད་དུ་གསོལ། གཤེན་རབ་ཡབ་ཀྱི་ཞལ་ན་རེ། ཡེ་བླ་མང་པོ་ཚུར་གསོན་དང༌། སྲིད་པའི་སེམས་ཅན་མང་པོ་རྣམས། དང་པོ་འཁྲུངས་པ་རྒྱུ་ལས་འཁྲུངས། བར་དུ་སྐྱེ་འགྲོ་རྒྱུད་དུ་འཕེལ། ཐ་མ་ཁམས་གསུམ་ཀུན་དུ་འགྲོ། རུས་རིགས་མང་པོ་རྡོལ་པས་བཏགས། ཡང་ཡེ་བླ་མང་པོ་ཞལ་ན་རེ། སྲིད་པའི་རྒྱུད་འདི་ཅི་ལས་སྲིད། འགྲོགས་འདི་གང་ལས་བཙལ། ཕྱིན་པའི་གནས་ནི་གང་ན་སྐྱིད། བདེ་བའི་རྒྱུ་འདི་གང་ལས་བྱུང༌། བདག་ཅག་རྣམས་ལ་བཤད་དུ་གསོལ། གཤེན་རབ་ཡབ་ཀྱི་ཞལ་ན་རེ། ཆུ་རླུང་སྤྲིན་གསུམ་སྲིད་འི་རྒྱུ། བློ་ཟབ་གྲོས་མཁས་གྲོགས་ཀྱི་མཆོག སྐྱེ་སངས་འཆི་མེད་གནས་ཀྱི་རབ། བདེ་བའི་རྒྱུ་བདེ་སེམས་ལས་བཙལ་ལོ། དེར་ཡེ་བླ་མང་པོ་དགྱེས་ཆེས་པས། སྙན་པའི་སྒྲ་སྙན་ཕྱོགས་བཅུར་སྒྲགས། སྔ་བསུ་ཕྱི་སྐྱལ་ཞབས་ཏོག་བཙལ། གཤེན་རབ་དེ་ལ་དགྱེས་ཆེས་པས། གཡེན་ཁམས་མང་པོ་དབང་དུ་བསྡུད།  གཡེན་དགུ་ཟས་ནོར་ཕུད་ལ་གསོལ། གཡེན་ལྕམ་མང་པོས་ཕུད་ལ་གསོལ། གཡེན་དགུའི་བོན་པོ་རབ་ཏུ་བྱུང༌། ལྷ་ཁམས་སྲིད་པའི་དབུས་སུ་བྱོན། ལྷ་རིགས་མང་པོས་ཞེ་ས་ཕུལ། ལྷ་ལྕམ་མང་པོས་བཞེས་པ་འདྲེན། ཡོངས་སུ་དག་པ་ལ་སོགས་ཏེ། ལྷའི་བོན་པོ་རབ་ཏུ་བཏོན། ལྷ་འབངས་མང་པོ་ཞབས་འབྲེང་བྱེད། འོ་དེ་གུང་རྒྱལ་བཙན་པོ་ཡིས། གཤེན་རབ་ཡབ་ལ་འདི་སྐད་ཞུས། བདུད་ཀྱི་རྒྱུ་འདི་གང་ལས་བྱུང༌། འཚམས་ཀྱི་རྒྱུ་འདི་གང་ལས་བྱུང༌། དམུའི་རྒྱུ་འདི་གང་ལས་བྱུང༌། དམུ་བདུད་གདུག་པ་ཇི་ལྟར་ཆེ། ཇི་ལྟར་བགྱིས་ན་གདུག་པ་འཛོམས། ཇི་ལྟར་བགྱིས་ན་གདུག་པ་འཇིལ། ཇི་ལྟར་བྱས་ན་གདུག་པ་ཐུལ། ཇི་ལྟར་བྱས་ན་དགྲ་ལས་རྒྱལ། བདག་ཅག་རྣམས་ལ་བཤད་དུ་གསོལ། གཤེན་རབ་ཡབ་ཀྱི་ཞལ་ན་རེ། འོ་དེ་གུང་རྒྱལ་ཚུར་གསོན་དང༌། བདུད་ནི་བདག་གི་སེམས་ལས་བྱུང༌། འཚམས་ནི་ང་རྒྱལ་རྒྱུ་ལས་བྱུང༌། དམུ་ཁམས་ཕྲག་དོག་རྒྱུ་ལས་བྱུང༌། དུག་གསུམ་བཅངས་ན་གདུག་པ་ཆེ། ཉོན་མོངས་ཐུལ་ན་བདུད་རིགས་སྤོངས། ཞེ་སྡང་སྤངས་ན་གདུག་པ་འཇིལ། སྤྲུལ་པ་བྱུང་ན་བདུད་དཔུང་ཐུལ། ལེགས་པའི་བློ་ཡིས་དགྲ་ལས་རྒྱལ། ཡང་འོ་དེ་གུང་རྒྱལ་ཞལ་ན་རེ། གཤེན་རབ་ཡབ་ཅིག་མཁས་པའི་མཆོག གནམ་གྱི་རྒྱུ་འདི་ཅི་ལས་བྱུང༌། ནམ་མཁའ་སྔོ་བ་ཅིའི་དོན། གནམ་ལ་ཀ་བ་སུ་ཡིས་འཛུགས། གནམ་གྱི་མཁན་པོ་སུ་ཡིས་བྱས། བདག་ཅག་རྣམས་ལ་བཤད་དུ་གསོལ། གཤེན་རབ་ཡབ་ཀྱི་ཞལ་ན་རེ། གནམ་ལ་དམིགས་པའི་རྒྱུ་མེད་དེ། འོག་གི་རྒྱ་མཚོའི་འོད་ཀྱིས་སྔོ༌། ཡིད་ཀྱིས་དམིགས་པའི་ཀ་བ་བཙུགས། གཟུགས་སུ་མེད་པས་ལྟར་མི་མངོན། སྲིད་པ་ཀུན་ལ་ཁམས་སུ་ཆེ། མཁན་པོ་གཏོར་ཤོ་ཁྲི་རུམ་སྟེ། སངས་པོ་འབུམ་ཁྲིའི་གདུང་ཁོག་ལགས། ཡང་འོ་དེ་གུང་རྒྱལ་ཞལ་ན་རེ། སའི་རྒྱུ་འདི་ཅི་ལས་བྱུང༌། དམར་ལ་སེར་བ་ཅིའི་དོན། ས་མཐའ་ཆག་གང་ཅི་ཡིས་བསྐོར། ས་ཡི་མཁན་པོ་སུ་ཡིས་བྱས། བདག་ཅག་རྣམ་ལ་བཤད་དུ་གསོལ། གཤེན་རབ་ཡབ་ཀྱིས་བཀའ་སྩལ་པ། ས་ཡི་རྒྱུ་འདི་འབྱུང་བ་ལྔ༌། ཁ་དོག་སྣ་ཚོགས་རིན་ཆེན་འོད། ས་མཐའ་མུ་མེད་རྒྱ་མཚོས་བསྐོར། མཁན་པོ་སྒྱུར་བྱེད་བེལ་གང་སྟེ། ཆུ་ལྕམ་རྒྱལ་མོ་ངང་ཉིད་དོ། ཡང་ཡབ་བླ་བདལ་དྲུག་ཞལ་ན་རེ། གཤེན་རབ་ཡབ་ཅིག་མཁས་པ་སྟེ། དང་པོ་ལྷ་ཁམས་གང་ལས་ཆད། ལྷ་ཡི་རྟེན་མཁར་གང་ལ་བཙུགས། ལྷ་ཡི་རྒྱལ་ཐབས་ཇི་ལྟར་ཐོབ། ལྷ་རབ་མང་པོ་ཇི་ལྟར་འགྲོལ། བདག་ཅག་རྣམས་ལ་བཤད་དུ་གསོལ། གཤེན་རབ་ཡབ་ཀྱིས་བཀའ་སྩལ་པ། དང་པོ་ལྷ་ཁམས་མང་པོ་འདི། སྣང་བ་འོད་ལྡན་གདུང་ལས་ཆད། སངས་པོ་འབུམ་ཁྲིའི་མཚན་ཉིད་འཛིན། རྟེན་མཁར་རི་རབ་རྩེ་ལས་བྱས། ཁང་བཟང་ལྷ་ཡི་མདུན་ས་ནས། རྒྱལ་ཐབས་གཤེན་རབ་ཡབ་ཀྱིས་བྱིན། ཐ་མ་མི་རབས་རྒྱུད་དུ་བཀྲོལ། དེ་ཕྱིར་འོད་གསལ་ལྷ་ལས་ཆད། གཤེན་རབ་ཡབ་ཀྱིས་དེ་སྐད་གསུངས། ལྷ་ཁམས་མང་པོ་དགྱེས་ཆེས་པས། འོད་དེ་གུང་རྒྱལ་སྲིད་པའི་ཡབ། ལྷ་རབས་ཡབ་ལ་བདལ་དྲུག་དང༌། སྲིད་པའི་ལྷ་རབས་རབ་ཏུ་བྱུང༌། ལྷ་ཟས་བོན་ལས་ཐོག་ཕུད་གསོལ། ལྷ་རྟ་སྙན་དཀར་ཆིབས་སུ་ཕུལ། ལྷ་མོ་མང་པོས་ཆིབས་ཁ་ཁྲིད། ལྷ་བྲན་མང་པོས་ཤུལ་ཡང་མཚོན། སྨན་ཕྲན་མང་པོས་སླད་ནས་བསྐྱལ། གནས་ནས་ས་ལ་ཡས་གཤེགས་པས། བོད་ཁ་གཡག་དྲུག་ཡང་རྩེར་བྱོན། སྔོན་གྱི་བདུད་དང་སྟོབས་འགྱེད་པས། ལྷ་རི་ཐོ་གོང་དུ་བྱོན། རྒྱལ་པོ་སྡེ་བཞི་ཕྱག་བགྱིས་སོ། སྐད་རིགས་མི་མཐུན་པ་ཡི་མི༌། སུམ་བརྒྱ་དྲུག་ཅུ་ལེ་གུར་བྱས། གཙུག་ལག་གཞུང་ཆེན་སྲིད་པ་བཤད། སྨྲ་མི་སྲིད་པའི་རྒྱལ་པོ་ཡིས། གསེར་གྱི་གསས་མདའ་འཕང་གིས་བཏབ། གཡུ་བྲན་སྨན་མ་ཁལ་གྱིས་གཅལ། རྟ་བརྒྱ་ལྷ་ལ་ཡོན་དུ་ཕུལ། གཡག་བརྒྱ་གསས་ལ་རྟེན་དུ་བཙུགས། སྔོན་ནས་བརྒྱ་བརྒྱ་འབྲེ་འཕྲེ་བས། ཀོང་རྗེ་དཀར་པོ་རབ་ཏུ་བྱུང༌། མི་ཡུལ་ལྷ་གཤེགས་དགའ་ཞིང་སྐྱིད། ས་ལ་གདུང་བདལ་དྲོ་ཞིང་འཇམ། ལྷ་རི་གྱང་ཐོང་གོང་ཤོད་དུ། གསས་མཁར་ཁོ་མ་རུ་རིང་བརྩིགས། བ་དན་རུ་མཚོན་སྤྲིན་ལྟར་གཏིབས། ཕྱི་མར་བསྟན་པའི་རྗེས་སུ་བཞག སྔོན་གྱི་བདུད་དང་བོང་སྙམས་པས། བོན་རི་ཆེན་པོའི་གོང་ཤོད་དུ། གསས་མཁར་ཁོང་མ་རྩེ་དོན་རྩིགས། ཕྱག་ཚང་འདུལ་ཕྱོགས་ཕྱོགས་བཅུར་བྲིས། འོལ་མོ་ལུང་རིང་ནང་ཤོད་དུ། ཕའི་ཁྱིམ་གྱསྣྲ་མའི་ལྡེམ་དྲོ་ཕུབ། རྔ་གཤང་མང་པོ་འབྲུག་ལྟར་ཆེམ། ཧོས་ཁྱིམ་བརྒྱད་ཁྲི་བཞི་སྟོང་ཕུབ། མདོ་རྒྱུད་འཕྲུལ་གྱི་ཡི་གེ་བྲིས། བདུད་བགེགས་གདོན་འདྲེ་འཁྲུལ་ཐག་བཅད། སྲིད་པར་འདྲེན་པའི་ཡུལ་ཡང་དགོས། ཆེ་ཚན་ཀུན་ལ་ཞ་ལོག་གསོལ། ལྷ་དང་གསས་ལ་སྐུ་ཡོན་ཕུལ། སྲིད་སྐོས་ཆ་ལ་ཤིས་ཁ་ཕུལ། འདྲེ་སྲིན་བྱུར་ལ་ཡས་ཀྱང་བྱིན། འོ་དེ་གུང་རྒྱལ་དགྱེས་ཆེས་པས། གསས་ཟ་གུང་བཙན་ཁབ་ཏུ་ཕུལ། དང་པོ་ཧོས་ཟ་རྒྱལ་མེད་བཞེས། དེ་ནས་དཔོ་ཟ་ཐང་མོ་བཞེས། དེ་ནས་གསས་ཟ་གུང་བཙུན་བཞེས། ཐ་ཆུང་ཀོང་ཟ་ཁྲི་ལྕམ་བཞེས། དེ་ནས་བཙུན་མོ་རྣམས་ནི་ཁང་དང་རིམ་གྱིས་སྤངས། དངོས་གྲུབ་བརྙེས་ཏེ་རབ་ཏུ་བྱུང༌། འཁོར་བའི་ཁྱིམ་འདི་རབ་ཏུ་སྤངས། དགོན་པ་སྙགས་ཏེ་རབ་ཏུ་བྱུང༌། བར་པོ་སོ་བརྒྱད་ཁ་ལ་བྱོན། གཤེན་པོ་མང་པོ་ཧོས་ལ་བསྡུས། ལེ་གུ་ཤེས་བཅུ་མགྲོན་དུ་གཉེར། རྒྱལ་པོ་སྡེ་བཞི་མཆོད་སྟོན་དྲངས། བཞད་དཀར་རོལ་མོ་ཟད་མི་ཤེས། ལྷ་གསས་མང་པོ་སྐུ་ལ་བསྡུས། གཙུག་ལག་གཞུང་ཆེན་སོ་སོར་བཤད། མཛད་སྤྱོད་དགོངས་པ་མཐར་ཕྱུང་སྟེ། རྣམ་པར་དག་པའི་ཁྲིམས་སུ་བཞུགས། གྲུབ་ས་བསྙེངས་པར་དགོངས་པའི་ཚེ། དབུ་ཡང་ཟླུམ་པོར་རབ་ཏུ་བཞར། རྣམ་དག་སྔགས་ཀྱི་ཁྲིམས་སུ་བཞུགས། སྤྱོད་པ་གླང་པོས་ལ་དོར་བྱས། སྤྱོད་པ་རྣམ་དག་ཁྲིས་སུ་བཞུགས། དེར་གྲུབ་ས་བསྙེངས་པར་དགོངས་པའི་ཕྱིར། སྐུ་ལ་སྙུང་བ་མི་མངའ་ཡང༌། ལན་ཅིག་འདའ་བའི་ཚུལ་དུ་བསྟན། བསྙུང་བའི་ཚུལ་དུ་བདན་ལ་གཟིམས། ན་བའི་ཚུལ་དུ་འཁུན་ཡང་འཁུན། འཆི་བའི་ཚུལ་དུ་རྩ་ཡང་ལྡོག་སྟེ་བཞུགས་ཙམ་ན། གནམ་བོན་མང་པོས་ཕྱག་བགྱིས་ནས། སྤྱན་ཆབ་ཕྱང་སྟེ་ཞུས་པ་ནི། ཡབ་ཅིག་གཤེན་རབ་སྟོན་པའི་མཆོག དང་པོ་བོན་འདི་ཇི་ལྟར་བསླབ། བར་དུ་གྱེར་ཐབས་ཇི་ལྟར་བགྱི། ཐ་མ་ཚིག་འབྲུ་ཇི་ལྟར་བསྡུ། བདག་ཅག་རྣམས་ལ་བཤད་དུ་གསོལ། གཤེན་རབ་ཡབ་ཀྱིས་བཀའ་སྩལ་པ། དང་པོ་བོན་འདི་ལབས་པར་བསླབས། མ་ལབས་པར་ནི་མ་གྱེར་ཅིག བར་དུ་སྨྲང་ཞིབ་པར་གྱེར། ཞུ་ཁྲཙཐྲ་མེད་པར་མ་གྱེར་ཅིག ཐ་མ་སྨན་གསོ་གཞུང་ལ་བསྡུ། ཕན་འདོགས་ནུས་ན་བདེ་བ་ཡིན། །ཞེས་སོགས་སོ། །