མདུན་ངོས། » གསར་རྩོམ། » རྫོགས་ཆེན། » རྫོགས་པ་ཆེན་པོ་ཡེ་ཁྲི་མཐའ་སེལ་གྱི་དོན་འགྲེལ།

རྫོགས་པ་ཆེན་པོ་ཡེ་ཁྲི་མཐའ་སེལ་གྱི་དོན་འགྲེལ།

 

རྫོགས་པ་ཆེན་པོ་ཡེ་ཁྲི་མཐའ་སེལ་གྱི་དོན་འགྲེལ།

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ།


      མཆོང་ཆུང་ཉི་ཤུ་རྩ་ལྔ་ཡོད་པ་ལས། དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་ལ་སྔོན་དངོས་རྗེས་གསུམ་ལས། དངོས་གཞིའི་གཞུང་ལ་ལེའུ་བཅུ་གཅིག་ཡོད་པ། འདི་ཉིད་ལས། དེ་ལ་ཚིག་དོན་དང་པོ་རྟོགས་ཏེ་ཨ་ཐ་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན། གཞི་དངོས་པོ་གཤིས་དོན་གྱི་འདུག་ཚུལ་ཇི་ལྟར་གནས་པ་ནི། སྤྱིར་ཁྱད་པར་ཡང་རྩེ་རྫོགས་ཆེན་ཀུན་གྱི་ལུགས་ཀྱི། འདོད་ལུགས་བདུན་ལས་མི་འདའ་སྟེ། གཞི་ལྷུན་གྲུབ་ཏུ་འདོད་པའི་ལུགས་དང་། མ་ངེས་པར་འདོད་པའི་ལུགས་དང་། ངེས་པ་དོན་གྱི་དངོས་གཞི་བར་འདོད་པའི་ལུགས་དང་། ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པའི་ལུགས་དང་། ཅིར་ཡང་ཁས་བླང་དུ་བཏུབ་པའི་ལུགས་དང་། གཞི་སྣ་ཚོགས་སུ་འདོད་པའི་ལུགས་དང་། གཞི་ཀ་དག་ཏུ་འདོད་པའི་ལུགས་དང་བདུན་ལས་མི་འདའ་བའོ། །ཞེས་དང་། དེ་ལ་འདོད་པ་གཉིས་ཏེ། གྲུབ་མཐའི་གང་ཟག་གིས་ནི་འདི་དག་བདུན་ལས་བརྒལ་བ་དང་། ལན་སུན་འབྱིན་པ་དང་། རང་འདོད་བསྒྲུབ་པ་དང་། རིགས་པ་བཞི་སྐོར་དུ་གཏན་ལ་ཕབ་པས། ཤེས་བྱ་ཐམས་ཅད་གཏན་ལ་ཕབ་པར་འདོད་དོ། །ཞེས་དང་། དེ་ལྟར་ཡིན་གྱིས་ཀྱང་འདིར་བཤད་པའི་སྒྲོས་མ་ཉམས་པར་བྱ་བའི་ཕྱིར། གཞི་ལྷུན་གྲུབ་ལས་སོགས་པར་གཏན་ལ་འབེབ་པར་འདོད་པ་འདི་དག་ནི། རྟོག་གེའི་གང་ཟག་གི་སྤྱོད་ཡུལ་མ་ཡིན་ཏེ། ཞེས་དང་། གཞི་ལྷུན་གྲུབ་ལས་སོགས་འདི་དག་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། ཞེས་རྫོགས་པ་ཆེན་པོའི་གཞི་ལྷུན་གྲུབ་དང་ཀ་དག་སོགས་ཀྱི་ཡོན་ཏན་ལྡན་པ་འདི་དག་གི་ཚུལ་ཇི་བཞིན་རྟོག་གེ་བ་ཞེས་བློ་རིག་གི་ཚད་མ་དང་ཚད་མིན་གྱི་རྣམ་བཞག་ལ་ཕུགས་བཅོལ་ཏེ་གྲུབ་མཐའ་སྨྲ་བ་རྣམས་ཀྱི་བློ་དང་ཚད་མའི་ཡུལ་དུ་མ་གྱུར་ཏེ། རྫོགས་ཆེན་གྱི་གཞི་འདི་བློ་ལས་འདས་པ་ཡིན་པའི་ཕྱིར། །དེ་ཡང་བློ་འདས་ཞེས་རང་ཉིད་བློ་རིག་མིན་པ་ཙམ་མ་ཡིན་པ། བློ་རིག་དག་དང་མ་དག་འཁྲུལ་དང་མ་འཁྲུལ་ཕྲ་བ་དང་རགས་པ་གང་གི་ཡུལ་དུ་མ་གྱུར་པར་འདོད་པའི་ཕྱིར། །དེ་ལྟར་འདོད་པའི་ཕྱོགས་ལ་ཚད་མ་བ་འམ་རྟོག་གེ་བས། དེ་ལྟར་རྫོགས་ཆེན་གྱི་གཞི་དེ་ཡོད་པ་མ་ཡིན་པ་དང་། ཤེས་བྱ་མ་ཡིན་པ་དང་། དགག་སྒྲུབ་གང་ཡང་མ་ཡིན་པ་དང་། དེ་བསྒྲུབ་ན་སྒྲིབ་པ་གཉིས་དག་མི་ནུས་པ་དང་། ཐམས་ཅད་མཁྱེན་པ་ཐོབ་མི་སྲིད་པ་དང་། བློས་བཏགས་པ་མ་ཡིན་པས་བདེན་གྲུབ་དང་། རང་བཞིན་གྱིས་གྲུབ་པ་དང་། ཚུལ་དེ་གང་ཟག་ཐ་མལ་བས་ཀྱང་རྟོགས་པ་དང་། དྲན་མེད་བརྒྱལ་བའི་སྐབས་དང་། བསམ་མེད་ཡེངས་པའི་སྐབས་དང་། གཉིད་ལས་སད་མ་ཐག་དང་། ལས་བྱེད་ངལ་བསྲོ་བའི་སྐབས་སོགས་སུ་རྫོགས་ཆེན་གྱི་གནས་ལུགས་རྟོགས་པར་ཐལ་བ་སོགས་སྣ་ཚོགས་པའི་རྣམ་རྟོག་བསླངས་ནས་དགག་པ་བྱེད་མོད། དེ་རྣམས་ཀྱིས་དགག་ཚུལ་ཇི་ལྟར་བྱས་ཀྱང་། ཕྱོགས་སྔའི་འདོད་པ་མ་མཐོང་བར་སྒྲ་སྤྱི་ཙམ་གོ་བ་ལ་དགག་པ་བྱས་པ་སྟེ། རིམ་བཞིན་རང་ལུགས་འཆད་དོ། །དང་པོ་གཞུང་ལས་ལྷུན་གྲུབ་ཏུ་འདོད་པ་ནི་སྐྱོན་ཅན་ཏེ། ཞེས་གཞི་ལྷུན་གྲུབ་ཏུ་འདོད་པ་སྐྱོན་ཅན་དུ་འགྱུར་ཚུལ་ནི། གཞུང་གིས་དགག་ཚུལ་ལྟར་ན། གཞི་ལ་གང་ལྷུན་གྱིས་གྲུབ་པ་དེ་ཉིད་རྣམ་པ་མི་གསལ་ཡང་གྲུབ་པར་འདོད་དེ། རྒྱུ་ལྷུན་གྱིས་གྲུབ་པའི་དུས་ན་འབྲས་བུ་མ་གྲུབ་པ། དཔེར་ན་འོ་མ་ལ་མར་ལྷུན་གྱིས་གྲུབ་པ་དང་འདྲའོ། །ཞེ་ན། ཞེས་པས་དཔེ་དེ་ཡི་འདོད་ཚུལ་ལ། འོ་མའི་དུས་སུ་མར་མི་མངོན་ཡང་མར་འགྲུབ་བྱེད་ཀྱི་རྒྱུ་ནུས་གྲངས་ཚང་གྲུབ་པ་དང་འདྲའོ། །ཞེས་ཟེར། དེ་ལ་རྒོལ་བས་ལྷུན་གྲུབ་འདོད་ཚུལ་དེ་བཞིན་དུ་འབྲས་བུ་མར་ལྷུན་གྱིས་གྲུབ་བམ་མ་གྲུབ། གྲུབ་ན་འབྲས་བུ་རྒྱུར་སོང་བས་འབྲས་བུ་ལ་དགོས་པ་མེད་པས། ཞེས་འབྲས་བུ་རྒྱུ་ལ་གྲུབ་ཟིན་ན་འབྲས་བུ་འགྲུབ་པའི་ཕྱིར་ཞོ་དཀྲོག་པ་སོགས་ཀྱི་འབད་པ་ལ་དགོས་པ་མེད་པ་ཐལ། འོ་མ་ལ་མར་གྲུབ་ཟིན་པའི་ཕྱིར་ཏེ། འབྲས་བུ་རྒྱུ་དུས་སུ་གྲུབ་ཟིན་པའི་ཕྱིར། དཔེ་དེ་བཞིན་དུ་འབྲས་བུ་སངས་རྒྱས་གཞི་ལ་གྲུབ་ཟིན་ན། སངས་རྒྱས་གྲུབ་པའི་གཞི་རྒྱུད་ལྡན་གྱི་གང་ཟག་འཁྲུལ་པ་བ་དེ་སངས་རྒྱས་རང་ལ་གྲུབ་བཞིན་དུ་འཁྲུལ་པ་ཐལ་བ་དང་། སངས་རྒྱས་འགྲུབ་པའི་ཆེད་དུ་ཐོས་བསམ་སྒོམ་པ་བྱེད་པ་ལ་དགོས་པ་མེད་པར་འགྱུར་བ་སོགས་བདག་སྐྱེ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་བཞིན་ནོ། །འབྲས་བུ་རྒྱུ་དུས་སུ་མ་གྲུབ་ན། ལྷུན་གྲུབ་ཀྱི་དོན་ཁྱོད་རང་གིས་འདོད་པ་ལྟར་མ་གྲུབ་པས། གོང་དུ་གཞི་ལྷུན་གྲུབ་ཏུ་འདོད་པའི་ཁས་བླངས་ཉམས་སོ། །ཡང་ཁོ་ན་རེ། རྒྱུ་ཡི་དུས་སུ་འབྲས་བུའི་རྒྱུ་ནུས་གྲངས་ཚང་གྲུབ་ཀྱང་། འབྲས་བུ་ནི་མ་གྲུབ་བོ། ཞེ་ན། གཞི་ལ་ལྷུན་གྱིས་གྲུབ་པའི་ཕྱོགས་གཅིག་དང་། ལྷུན་གྱིས་མ་གྲུབ་པའི་ཕྱོགས་གཅིག་དང་གཉིས་སུ་འགྱུར་བས། ལྷུན་གྱིས་གྲུབ་པའི་ཕྱོགས་དེ་མ་གྲུབ་པའི་ཕྱོགས་སུ་འགྱུར་ན་གཞི་འགྱུར་བ་ཅན་ཞེས་རེས་འཇོག་པ་རུ་ཐལ་བ་དང་། མ་འགྱུར་ན་གང་ཟག་གཅིག་གི་རྒྱུད་ལ་གཞི་གཉིས་སུ་ཡོད་པར་ཐལ་བ་དང་། དེས་གཞི་ལྷུན་གྱིས་གྲུབ་པར་འདོད་ཚེ་འགྱུར་མེད་བདག་སྐྱེ་བ་ལྟར་དང་། མ་གྲུབ་ཚེ་མེད་པར་ལྟ་བ་རུ་འགྱུར་ཏེ། གཞི་ལ་མ་གྲུབ་ན་མེད་དགོས་པར་འདོད་དགོས་སོ། །ཡང་ཁོ་ན་རེ། གཞི་ལ་བོན་ཐམས་ཅད་ལྷུན་གྱིས་གྲུབ་པས་གང་ཡང་མི་སྟོ་སྟེ། ཁས་བླངས་སུ་རུང་སྙམ་ན། གཞན་དབང་ངམ་དངོས་པོ་རང་མཚན་དོན་དམ་བདེན་པ་རྣམས་གཅིག་ཏུ་འདོད་པའི་དངོས་སྨྲ་བའི་གྲུབ་མཐའ་དང་ཁྱད་པར་མི་རྙེད་དེ། ལྷུན་གྱིས་གྲུབ་པའི་དོན་རང་ངོས་ནས་གྲུབ་པར་འདོད་པའི་ཕྱིར། གཞི་ལྷུན་གྲུབ་ཀྱི་དོན་དེ་ལྟར་བདེན་གྲུབ་ཏུ་འདོད་ན། ལས་རྒྱུ་འབྲས་ཁས་མི་ལེན་ན་མངོན་སུམ་ལ་བསྙོན་པས་ལུང་རིགས་ཀྱིས་གནོད་པ་དང་ཕལ་པ་བསམ་ཤེས་ཀྱིས་ཀྱང་སྨྲ་འབེབ་པར་འགྱུར། ཁས་ལེན་ན་བདེན་པར་གྲུབ་པའི་དབང་དུ་བྱས་ཏེ་སྐྱེ་འཇིག་གང་ཡང་མི་རུང་བའི་ཕྱིར། འདི་སོགས་རྒྱས་པར་སྤྲོ་རུང་ངོ་། །རྫོགས་ཆེན་རང་ལུགས་ཀྱིས་ལྷུན་གྲུབ་ཀྱི་དོན་དེ་ལྟར་མི་འདོད་དེ། གཞི་རང་གི་ངོས་ནས་རང་འབྲས་ཀྱི་རྒྱུ་ནུས་ཐོགས་མེད་དང་། འབྲས་བུ་དང་འཁོར་བ་དང་མྱང་འདས་སོགས་གང་ཡང་གྲུབ་པ་མེད་པས་ཀ་དག་ཡིན། གཞི་དེ་ཡིས་ཕན་བཏགས་དེ་འབྲས་བུ་བསྐྱེད་པ་དང་། གནོད་པ་བྱས་ཏེ་དགག་པ་བྱེད་པ་སོགས་གང་ཡང་མ་བྱས་པར་གཞི་དེ་ལ་བརྟེན་ནས་རྩལ་ཤར་གྱི་རོལ་པ་ལ་འཁོར་བ་དང་མྱང་འདས་ལས་འབྲས་ཐམས་ཅད་ཤར་རུང་བར་འདོད། ཇི་ལྟར་ཤར་ཡང་གཞི་དེ་ནི་འཁོར་བ་དང་མྱང་འདས་གང་གི་ངོ་བོར་མ་གྲུབ། གང་གི་ཕྱོགས་སུ་མ་ལྷུང་བས་ལུང་མ་བསྟན་པ་ཟེར། གཞི་མ་ངེས་པར་འདོད་པ་འདི་ཡང་སྐྱོན་ཅན་ཏེ་ཕ་རོལ་པོས་ངེས་མེད་དུ་ཁས་བླངས་པའི་དོན་ནི། གཞི་བློ་འདས་ཏེ་བསམ་བརྗོད་ལས་འདས་པ་ཡིན་ན། དེ་སྒྲ་དང་རྟོག་པས་འཇལ་ཡུལ་མ་ཡིན་དགོས། དེ་མ་ཡིན་ན་མིང་བརྡས་བཞག་སྟེ་དོན་གོ་ངེས་མི་འབྱུང་། དེ་མ་བྱུང་ན་མིང་དང་བརྡ་ཡི་ཡུལ་མ་ཡིན། དེ་མ་ཡིན་ན་གང་བཏགས་པ་དེ་དང་གང་བསམ་པ་དེ་དག་གཞི་ཡིན་པའི་ངེས་པ་མི་འདུག་གོ་སྙམ། དེ་དག་གཞུང་གིས་དགག་པ་ནི། མིང་གིས་མ་ངེས་སམ། དོན་གྱིས་མ་ངེས། མིང་གིས་མ་ངེས་ན་བོན་ལ་དགོས་པ་མེད་ལ། དེ་ཅི་ཡི་ཕྱིར་ན། བོན་ཐམས་ཅད་མིང་ཡིན་པའི་ཕྱིར་རོ། །ཞེས་ངེས་མེད་དགག་པ་བྱེད་ཚུལ་དེ་ལྟར། བོན་གྱི་དོན་རྟོགས་པ་ནི་མིང་གི་བརྒྱུད་ནས་དོན་ལ་གོ་རྟོགས་འབྱུང་དགོས་པ་ནི། མདོ་ལས་གཟུངས་སོ་ལ་འཛིན་ཤེས་པ། གདགས་སྒོ་ལ་མིང་ཐོགས་པ། གོ་ལམ་ལ་དོན་རྙེད་པ། ཞེས་དང་། མ་རྟོགས་སེམས་ཅན་ཚིག་གིས་མ་ཁྲིད་ན། །མུན་པའི་མཛུབ་གཡུག་དེས་ཀྱང་བརྡ་མི་འཕྲོད། །ཅེས་པ་ལྟར་མིང་གི་བརྡ་ལ་བརྟེན་ནས་དོན་ལ་ངེས་པ་རྙེད་དགོས་པས་མིང་ལ་ངེས་པ་མེད་ན་དོན་ལ་ངེས་པ་མི་རྙེད། དེ་མ་རྙེད་ན་བོན་ལ་ཐོས་བསམ་སྒོམ་པ་བྱེད་པའི་དགོས་པ་མེད་པའི་ཕྱིར། རྫོགས་ཆེན་གྱི་གཞུང་རྣམས་ལས་གཞི་སྒྲ་དང་རྟོག་པའི་ཡུལ་མ་ཡིན་པར་བཤད་པ་དང་། འདིར་མིང་ལ་དགོས་པ་ཡོད་པར་བཤད་པ་ནི། གཞུང་གི་དོན་ནི། གནས་ལུགས་བློ་ལས་འདས་པ་ཡིན་པས་སྒྲ་རྟོག་གི་ཡུལ་དུ་བྱེད་མི་ནུས་པའི་དོན་དང་། འདིར་མིང་ལ་དགོས་པ་ཡོད་པར་བཤད་པ་ནི། མིང་དང་ཚིག་གིས་བརྡ་མཚོན་པ་ལ་མ་བརྟེན་པར་གང་ཟག་ཕལ་པ་གནས་ལུགས་ཇི་བཞིན་རྟོགས་འདོད་ཅན་གྱིས་རྟོགས་ཐབས་མེད་པའི་ཕྱིར། དེས་ན་རྫོགས་པ་ཆེན་པོའི་རྒྱུད་སྡེ་མཐའ་ཡས་པ་བཞུགས་པ་དང་། སྒྲ་རྟོག་གིས་གནས་ལུགས་ཇི་བཞིན་མི་རྟོགས་ཀྱང་བརྡ་མཚོན་པའི་དཔེ་ནི། འདི་ནས་དཔེར་ན་ཞང་ཞུང་ཁ་རག་དངུལ་མཁར་མི་མཐོང་བའི་མི་ལ། དེའི་ལོ་རྒྱུས་ཞིབ་པར་བཤད་ཀྱང་ཐག་ཆོད་པར་མི་སྐྱེ་བར། དེ་ལྟར་ཡིན་གྱི་སྤྲོིས་པ་ཆོད་ཙམ་ལས་མི་སྐྱེའོ། །དེ་ཡང་རང་གིས་ཉམས་སུ་མ་བླངས་པར་ཚིག་གིས་གཞི་ལམ་གཏན་ལ་འབེབ་པ་ནི། ཁ་རག་དངུལ་མཁར་མ་མཐོང་བར་ལོ་རྒྱུས་བཤད་པ་དང་འདྲའོ། །དེར་འགྲོ་བའི་ལམ་ངོ་ཤེས་པར་བྱས་ནས། ལམ་དུ་ཞུགས་ནས་ཕྱིན་པས། དེར་བརྟོལ་བའི་དུས་ན་ལོ་རྒྱུས་བཤད་མི་དགོས་པ། རྟོགས་ཤིང་ཁོང་དུ་ཆུད་པ་དང་འདྲའོ། །ཞེས་དང་། མཛུབ་ཁྲིད་ཟླ་བ་ལྟ་བུའོ། །ཞེས་སོགས་སོ། །དོན་གྱིས་ངེས་པ་མེད་ན། དོན་བོན་ཉིད་ལས་མིང་འཁོར་བར་སོང་བས་ན། དོན་མེ་ལས་ཆུ་འབྱུང་བ་ཐལ། མངོན་སུམ་དགག་ཏུ་མི་བཏུབ་བོ། །ཞེས་པས་དགག་ཚུལ་དེ་ལྟར་ན། ཕ་རོལ་པོའི་ཞེ་འདོད་ལ་དོན་བོན་ཉིད་དེ་གཞི་ཡིན་དགོས། གཞི་སྨྲ་བརྗོད་ལས་འདས་པ་ཡིན་ན། དེ་ལྟར་གཞི་འདི་དང་འདི་འདྲའོ་ཞེས་ངེས་པ་སྐྱེ་བའི་ཐབས་མེད་པས་ད་དུང་གཞི་འདི་སྟོང་པ་དང་གསལ་བ་སོགས་གང་ཐོས་ཐམས་ཅད་ཡིན་པར་འདོད་ན། གང་དྲན་དྲན་དུ་གྱུར་པས་དོན་གཞི་བོན་ཉིད་དུ་སྨྲ་བཞིན་མིང་དང་བརྗོད་པ་དང་དྲན་པ་ཐམས་ཅད་མ་དག་པ་འཁོར་བའི་རང་བཞིན་ཡིན་པ་དང་ཁྱད་མེད་དུ་འདུག་བསམ་པའོ། །དེ་ལ་འདིས་དགག་པ་ནི། དོན་མེ་ལས་ཆུ་འབྱུང་བ་ཐལ། ཁྱོད་ཀྱིས་མངོན་སུམ་དུ་གྲུབ་པ་ལ་དགག་ཏུ་མི་བཏུབ་པས། དེ་བཞིན་དུ་གཞི་བོན་ཉིད་ལས་མིང་དང་ཤེས་རིག་འཁོར་བས་བསྡུས་པ་ཐམས་ཅད་གཞིའི་རྒྱུ་ལས་འབྱུང་རུང་བ་ཐལ། ཅིའི་ཕྱིར་ན་མིང་ལས་དོན་ལ་ངེས་པ་མེད་པའི་ཕྱིར། ཁོ་ན་རེ། མེ་ལས་ཆུ་འབྱུང་བ་མི་འགལ་ཏེ། མིང་ཡིན་པའི་ཕྱིར། དེ་བཞིན་དུ་བོན་ཉིད་ལས་མ་དག་པ་འཁོར་བའི་བོན་ཐམས་ཅད་འབྱུང་བ་ཡང་འདོད་དེ། མིང་ཡིན་པའི་ཕྱིར། དེ་ལ་འགོ་བསྒྲེའི་རིགས་པ་ནི། དོན་མེ་ལས་ཆུ་མི་སྐྱེ་བ་དང་། བོན་ཉིད་ལས་མ་དག་པ་འཁོར་བའི་བོན་ཐམས་ཅད་འབྱུང་མི་རུང་སྟེ། མིང་ཡིན་པའི་ཕྱིར། ཞེས་འཕངས་སོ། །དོན་ནི་གཞི་བློ་རིག་གི་ཡུལ་དུ་མ་གྲུབ་ན་གང་ཡང་ངེས་བྱེད་མི་འདུག་བསམ་པས་ལན་ནོ། །ཡང་མིང་དང་དོན་གང་ཡང་མ་ཡིན་པའི་ངེས་མེད་ཅིག་འདོད་ན་ནི། ཁ་ཅིག་གིས། མིང་དང་དོན་གང་རུང་དུ་ཁས་བླངས་ན་གནོད་པ་མཐོང་ནས། དེ་གང་ཡང་མ་ཡིན་པ་གང་དུ་མ་ངེས་པ་ཞིག་འདོད་པ་ཡིན་ནོ་ཟེར་ན། གོང་གི་སྐྱོན་རྣམས་སྤོངས་མི་ནུས་པ་དང་། གཞན་མིང་དོན་གང་ཡང་མ་ཡིན་པའི་ཕུང་གསུམ་པ་ཞིག་ཏུ་ཁས་བླངས་པས་སྐྱོན་ཅན་ནོ། །རང་ལུགས་ནི། སྐྱོན་དེ་རྣམས་གང་གིས་མི་གོས་པ་སྟེ། འདི་ནི་མིང་དོན་གང་དུ་ཡང་མི་ཕྱེད་པས། ཡེ་ནས་མ་སྐྱེས་པའི་བོན་ཉིད་ལ། ད་སྐྱེ་མི་སྲིད་པའི་གཞིའོ། །ཞེས་པ། འདི་ཞེས་རང་ལུགས་རྫོགས་ཆེན་གྱི་གཞི་འདི་བློ་རྟོག་གི་ཡུལ་དུ་བྱེད་པའི་མིང་དང་དོན་གང་དུ་ཡང་ཁས་མི་ལེན་པས་མི་ཕྱེད་པ་དང་། ཐོག་མེད་ནས་གཞི་ཡི་གནས་ལུགས་བོན་ཉིད་སྐྱེ་མེད་སྨྲ་བསམ་བརྗོད་མེད་ཡིན་པ་ལ། ད་གསར་དུ་གཞི་འདི་ཉིད་སྐྱེ་བ་མི་སྲིད་པ་སྟེ། རྒྱུ་དང་རྐྱེན་གང་ལ་ཡང་གཞི་འདི་མི་བརྟེན་པའི་ཕྱིར། ཡང་ཁ་ཅིག་གིས་གཞི་འདི་ངེས་པ་དོན་གྱི་དངོས་གཞི་བར་འདོད་ན་ནི། དེ་ལ་རྟོགས་ནས་ངེས་པར་འདོད་དམ། མ་རྟོགས་ཀྱང་ངེས་པར་འདོད། ཅེས་དྲིས་པས། ཁོ་ན་རེ། རྟོགས་ནས་ངེས་པར་འདོད་ཅེ་ན། ཁོའི་ཞེ་འདོད་ཀྱི་རྟོགས་ཞེས་པས་རྟོགས་བྱེད་བློ་རིག་ཏུ་འདོིད་པས། དེ་ལྟར་ན་ཁྱོད་ཀྱིས་འདོད་པའི་གཞི་དེ་བོན་ཅན། རྫོགས་ཆེན་གྱི་གཞིར་མི་རུང་སྟེ། གཞི་ལ་རྟོགས་བྱ་དང་རྟོགས་བྱེད་ཀྱི་རྣམ་པ་གཉིས་སུ་ཕྱེས་པའི་ཕྱིར་ཏེ། བློ་རིག་གི་ཡུལ་དུ་འདོད་པའི་ཕྱིར། དེས་ན་ཁྱོད་ཀྱིས་འདོད་པའི་གཞི་དེ་ཐེག་པ་འོག་མ་ལྟར་གཞི་ཤེས་རབ་ཀྱི་ཡུལ་དང་། འཁོར་བ་དང་མྱང་འདས་སྤང་བྱ་དང་སྤོང་བྱེད་ཐོབ་བྱ་དང་ཐོབ་བྱེད་སོགས་སྡེ་རིས་སུ་བཅད་པ་བཞིན་གྱི་འདོད་ཚུལ་རྣམས་སྤོང་བ་མི་ནུས་པའི་ཕྱིར། ཁྱོད་ཀྱིས་དེ་ལྟར་ཁས་བླངས་པའི་ཕྱིར། ཡང་ཁོ་ན་རེ། དེ་ལྟ་བུའི་སྐྱོན་མི་འཇུག་སྟེ། རྟོགས་དང་མ་རྟོགས་ལ་མི་ལྟོས་པར་ངེས་པ་ཡིན་ནོ། །ཞེ་ན། དེ་ནི་ཤིན་ཏུ་བླུན་གཏམ་སྟེ། ངེས་པའི་དོན་གོ་ན། ཡང་ན་རྟོགས་པ་དང་། ཡང་ན་མ་རྟོགས་པར་ངེས་པ་མ་ཡིན་པར་ངེས་ཚུལ་མི་འབྱུང་ལ། རང་ཚིག་སྔ་ཕྱི་འགལ་བ་ཡིན་པའི་ཕྱིར། དེ་ལྟ་བུའི་བླུན་པོའི་རིགས་ལ། ཚད་ལྡན་གྱི་རིགས་པ་སྨྲ་བ་འཁོར་བར་གནས་པ་དང་། མྱང་འདས་ཀྱི་ཡོན་ཏན་ཅན་དང་། ཕྱི་བ་དང་ནང་བ་སོགས་གང་གིས་ཀྱང་དགག་པ་བྱེད་པའི་ཕྱོགས་སྔར་མི་རུང་སྟེ། རིགས་པའི་རྣམ་བཞག་ཁོས་མི་ཤེས་པའི་ཕྱིར། རང་ལུགས་རྫོགས་ཆེན་གྱི་གཞི་འདི། རྟོགས་པར་སྨྲས་ཀྱང་ངོ་བོ་རང་གསལ་རང་དག མ་རྟོགས་སྨྲས་ཀྱང་སྟོང་པའི་རང་བཞིན་ལ་བཅོས་བསྒྱུར་གང་ཡང་མི་འཇུག་པས། གསལ་སྟོང་གཉིས་མེད་ཀ་དག་གི་རང་བཞིན་ལས་འགྱུར་བ་མེད་པའོ། །ཡང་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་ཡང་སྐྱོན་ཅན་ཏེ། ཞེས་པས། དེ་ལྟར་འདོད་པའི་ཚུལ་ནི། གཞི་འདི་འཁོར་བ་དང་མྱང་འདས་གཉིས་ཀའི་གཞི་རུ་འདོད་པས། གཞི་གཅིག་ལ་འཕྲོས་ཏེ། འཁོར་བའི་གཞི་ཡིན་བཞིན་དུ་མྱང་འདས་ཀྱི་གཞི་མི་རུང་ལ། མྱང་འདས་ཀྱི་གཞི་ཡིན་བཞིན་དུ་འཁོར་བའི་གཞི་མི་རུང་བས། དེས་ན་གཞི་ཡི་རྟེན་གྱི་གང་ཟག་དེ་འཁོར་བ་པ་ཡིན་ཚེ་ཁོའི་གཞི་དེ་འཁོར་བའི་གཞི་དང་། གང་ཟག་དེ་ནམ་ཞིག་མྱང་འདས་ཀྱི་ཡོན་ཏན་ལྡན་པའི་དུས་ཁོའི་གཞི་དེ་མྱང་འདས་ཀྱི་གཞི་ཡིན་དགོས་པས་ན། གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་དོ་སྙམ། དེ་དགག་པ་ནི་གཞུང་གིས་དགག་པ་དང་། རིགས་པས་དགག་པ་གཉིས་ལས། གཞུང་གིས་དགག་པ་ནི། རྟག་པར་བསྒྱུར་དུ་བཏུབ་བམ། མི་རྟག་ཀྱང་བསྒྱུར་དུ་བཏུབ་ཅེས་དྲིས་པའི་ལན་དུ། ཁོས་རྟག་པར་བསྒྱུར་དུ་བཏུབ་ཅེ་ན། ཁྱོད་ཀྱིས་གཞི་དེ་རྟག་པར་ཁས་བླངས་པས། རྟག་པའི་དོན་ནི་འགྱུར་མེད་དང་། བསྒྱུར་དུ་བཏུབ་པའི་དམ་བཅའ་ཉམས་སོ། །གལ་ཏེ་ཁོ་ན་རེ། མི་རྟག་ཀྱང་བསྒྱུར་དུ་བཏུབ་པར་འདོད་ན། མི་རྟག་པ་དེ་ཡོད་པའི་ས་མེད་པས་ཞེས། མི་རྟག་པའི་དངོས་པོ་གང་ཡིན་པ་དེ་རང་ངོས་ནས་རྟག་བརྟན་དུ་ཡོད་པའི་སའམ་གྲུབ་པ་ཞིག་མེད་པས། རྟག་བརྟན་དུ་མེད་པའི་བོན་དེ་སྐྱེས་ནས་ཡོད་དམ་མ་སྐྱེས་ཀྱང་ཡོད། ཅེས་སོགས་ཀྱི་བརྩད་པའི་ཚུལ་དེ་སྤྱིར་སྐྱེ་བའི་མུ་བཞི་འགོག་ཚུལ་ཙམ་ལས། དམིགས་བསལ་དུ་གཞི་དང་འབྲེལ་བའི་དཔྱད་ཚུལ་ཞིག་མ་མངོན་པས་གཞུང་ལྟར་གཟིགས་དཔྱད་ཆེད་དུ་བཞག །གཉིས་པ་རིགས་པས་དགག་པ་ནི། གང་ཟག་གཅིག་གི་རྒྱུད་ཀྱི་གཞི་འདི། གང་ཟག་བྱམས་པ་ཞེས་པ་ལྟ་བུ་ཞིག་ལ་མཚོན་ན། བྱམས་པ་འཁོར་བ་པ་ཡིན་ཚེ་ཁོའི་གཞི་འཁོར་བའི་གཞི་དང་། ནམ་ཞིག་བྱམས་པ་མྱང་འདས་ཀྱི་ཡོན་ཏན་ཅན་དུ་གྱུར་དུས་ཁོའི་གཞི་དེ་མྱང་འདས་ཀྱི་གཞི་ཡིན་དགོས་ན། ཁོའི་གཞི་འདི་བསྒྱུར་དུ་རུང་བའི་འགྱུར་བ་ཅན་ཞིག་གོ་སྙམ་པའི་དྭོགས་པ་ཟ་བའི་ཚུལ་ལོ། །དེ་ལ་དགག་པ་ནི། བྱམས་པའི་གཞི་འདི་སྤྱིར་འཁོར་འདས་གཉིས་ཀའི་གཞི་དང་། བྱམས་པ་འཁོར་བ་པ་ཡིན་དུས་འཁོར་བའི་གཞི་དང་། ཁོ་མྱང་འདས་ཀྱི་ཡོན་ཏན་ལྡན་ཚེ་མྱང་འདས་ཀྱི་གཞི་ཡིན་ཀྱང་། དྭོགས་པ་དེའི་སྐྱོན་མེད་དེ། བྱམས་པའི་གཞི་ངོས་ནས་འཁོར་བ་དང་མྱང་འདས་གང་གིས་བརྟེན་ན་ཡང་འགྱུར་བ་གཏན་ནས་མ་སོང་སྟེ། དཔེར་ན། མཁའ་ཡི་ཉི་མ་འོད་འབར་བ་ལ། འོག་ཏུ་སྤྲིན་དང་རླུང་འཚུབ་ཇི་ལྟར་གཡོས་ཀྱང་ཉི་མའི་འོད་རང་ངོས་ནས་བྲི་གང་མེད་ཅིང་། སར་གནས་འགྲོ་བའི་ངོར་ཉི་འོད་གསལ་བ་དང་མི་གསལ་བ་ཇི་སྙེད་འགྱུར་བ་འདི་ཉི་མའི་ངོས་ནས་མ་ཡིན་པ་ལྟ་མཁན་གྱི་ངོས་ནས་ཡིན་པ་བཞིན། བྱམས་པའི་གཞི་ཡི་ངོས་ནས་འཁོར་འདས་གང་གིས་བརྟེན་ནམ་ཡང་འགྱུར་བ་མེད་ལ། རྟེན་བྱེད་འཁོར་བ་དང་མྱང་འདས་ཀྱི་སྒོ་ནས་དེ་ཡི་གཞི་སོ་སོར་བརྗོད་པ་ནི། རྟེན་བྱེད་དམ་རོལ་པའི་ངོས་ནས་གཞི་ལ་མིང་དེ་ལྟར་བཏགས་པ་མ་གཏོགས་གཞི་རང་གི་ངོས་ནས་འགྱུར་བ་མེད་པས། ཕ་རོལ་པོའི་དྭོགས་པ་དེས་གནོད་པ་མེད་པའི་ཕྱིར། རྫོགས་ཆེན་རང་ལུགས་ནི། འདི་ནི་རྟག་པ་མ་ཡིན་པས་ན་སྟོང་པ་ངོས་བཟུང་དུ་མེད་པས་སོ། །མི་རྟག་པ་མ་ཡིན་པས་ཤེས་རིག་རང་ངོ་ལ་གསལ་ལོ། །ཞེས་པས། རྟག་པ་མ་ཡིན་པས་ན་ཞེས། གཞི་རང་འབྱུང་ཡེ་ཤེས་རྟག་པ་མ་ཡིན་ཏེ། མི་འཇིག་པའི་བོན་མ་ཡིན་པའི་ཕྱིར། དེར་ཐལ། མི་འཇིག་པ་བློ་ཡི་ཡུལ་དུ་བྱས་ཏེ་མི་འཇིག་པ་བཞག་པ་ལས་འོས་མེད། གཞི་ནི་བློ་ཡི་ཡུལ་དུ་མ་གྱུར་པས། ཁྱོད་རྟག་པ་ཡིན་པ་ཤེས་བྱེད་མེད་པའི་ཕྱིར། ཁྱོད་རྟག་པ་ཤེས་བྱེད་མེད་བཞིན་དུ་རྟག་པ་ཡིན་པ་འཇོག་བྱེད་མེད་པའི་ཕྱིར། གཞན་ཡང་གཞི་འདི་རྟག་པས་སྟོང་པ་ཡིན་པ་ཡང་བློ་ཡིས་ངོས་བཟུང་བ་མི་སྲིད་པའི་ཕྱིར། གཞི་བློ་འདས་ཡིན་པའི་ཕྱིར། བློ་ཡི་ཡུལ་མིན་པ་ལ་རྟག་མི་རྟག་གི་ཐ་སྙད་འཇོག་ས་མེད་པའི་ཕྱིར། ཤེས་རིག་རང་ངོ་ན་གསལ་ལོ་ཞེས་པ། ཤེས་རིག་གི་ངོ་བོ་རང་རིག་རང་འབྱུང་ཡེ་ཤེས་རང་ལ་རང་གསལ་བའོ། །ཡང་ན་གཞི་ཅིར་ཡང་ཁས་བླང་དུ་བཏུབ་པ་ཡང་སྐྱོན་ཅན་ཏེ། ཞེས་པས་ཇི་ལྟར་ཁས་བླངས་ན་སྐྱོན་ཅན་དུ་འགྱུར་བའི་ཚུལ་ནི། ཁོ་ན་རེ། རྫོགས་ཆེན་གྱི་གཞི་འདི་བློ་རིག་གི་ཡུལ་ལས་འདས་པ་ཡིན་ན། གཞི་དེ་བློ་ཚད་མའི་ཡུལ་ལས་འདས་དགོས་པ་དང་། དེ་འདས་ན་ཡོད་པ་དང་མེད་པ་དང་། རྟག་དངོས་དགག་སྒྲུབ་འགལ་འབྲེལ་ཐམས་ཅད་བློ་ཡིས་གཞལ་ཏེ་བཞག་པ་དང་། རུང་བ་དང་མི་རུང་བ་ཐམས་ཅད་བློ་རིག་གིས་བཞག་པ་ལས་མེད་ལ། བློ་རིག་ཚད་མའི་ཡུལ་མ་ཡིན་ན་མེད་ངེས་ལས་ཡོད་མི་རུང་། དེས་ན་རྫོགས་ཆེན་གྱི་གཞི་འདི་མེད་ངེས་སུ་ཁས་ལེན་མི་བཏུབ་སྟེ། ལུང་དང་མན་ངག་དུ་མས་ཡོད་པར་གསུངས་པ་དང་འགལ། ཡོད་པར་ཁས་བླངས་ན་བློ་རིག་གི་ཚད་མས་མ་གྲུབ། དེས་ན་གཞི་འདི་འདི་ཞེས་ངོས་བཟུང་མེད་པ་ཅིར་ཡང་ཁས་བླངས་རུང་སྙམ་མོ། །དེ་ལ་གཞུང་གིས་དགག་པ་ནི། ཡོད་ནས་ཁས་ལེན་ནམ། མེད་ཀྱང་ཁས་ལེན། ཡོད་ན་རྟག་པར་ཡོད་ན་ཅིར་ཡང་ཁས་བླངས་པའི་དམ་བཅའ་ཉམས། ཞེས་པས། གཞི་གཅིག་རྟག་པར་ཁས་བླངས་པའི་རྗེས་སུ་དེ་ཉིད་ཅིར་ཡང་ཁས་བླངས་ན་སྔར་གྱི་དམ་བཅའ་ཉམས། མེད་ཀྱང་ཁས་ལེན་ན། མོ་གཤམ་ལས་བུ་སྐྱེ་བ་ལས་སོགས་པའི་རིགས་པས་གནོད་དོ། །ཡོད་མེད་མ་ཡིན་པར་འདོད་ན་ཡང་ཤེས་བྱ་ལ་རྒྱབ་ཀྱིས་ཕྱོགས་སོ། །ཞེས་སོགས་ཀྱིས་དགག་པ་དང་། མདོར་ན་འདི་ལྟར་གྱི་ཕྱོགས་སྔ་གང་གིས་རྫོགས་ཆེན་གྱི་གཞི་ཡི་དོན་ལ་ཐོས་བསམ་གྱི་འབད་པ་གཏིང་ཚུག་པ་ཞིག་མ་གྲུབ། མཚན་ལྡན་གྱི་སློབ་དཔོན་ཞིག་དང་མ་འཕྲད། རང་གི་བློ་ཚོད་ཀྱིས་རྫོགས་ཆེན་གཞུང་ལ་ཀློག་འདོན་ཅུང་ཙམ་བྱས་པས་ཚིག་རེས་འགའ་བློ་ལ་བྱང་བ་ལ་བརྟགས་ནས་བསམ་པའི་སྒྲོ་བཏགས་ཙམ་མོ། །རང་ལུགས་ནི། གཞུང་ལས། འདི་ནི་ཡོད་པ་དངོས་པོར་མ་གྲུབ་པས་རྒྱུ་མཚན་གཏན་ལ་མི་ཕབ། མེད་པ་ཕྱལ་མ་ཆད་པས་གསལ་ཟེར་ཡང་རིག་པའི་ངོ་ལ་ཤར་བའོ། །ཞེས་པ་རྫོགས་པ་ཆེན་པོའི་ལྟ་བ་འདི་ནི་ཡོངས་གྲགས་ཀྱི་ཡོད་ཚུལ་ཚད་མས་དམིགས་པ་མ་ཡིན་ཏེ། བློ་ཡི་ཡུལ་ལས་འདས་པ་ཡིན་པའི་ཕྱིར། རྟགས་དང་གཏན་ཚིགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་རྗེས་དཔག་ཚད་མས་ཀྱང་གཏན་ལ་མི་ཕབ་སྟེ། འདི་བློ་ཡི་ཡུལ་ལས་འདས་པ་ཡིན་པའི་ཕྱིར། རྫོགས་པ་ཆེན་པོའི་ལྟ་བ་འམ་གཞི་འདི་མེད་པ་དང་ཕྱལ་བར་འགྱུར་ཏེ། བློས་མ་དམིགས་པའི་ཕྱིར་སྨྲ་ཡང་། འདིར་བློས་མ་དམིགས་ན་མེད་པས་མ་ཁྱབ་སྟེ། གཞི་འདི་འཁོར་བ་དང་མྱང་འདས་ཀུན་གྱི་གཞིར་གྱུར་པས་ཡོད་པར་འདོད་དགོས་པའི་ཕྱིར། གཞི་འདི་བློ་ཡི་ཡུལ་མ་ཡིན་ཡང་ཡོད་པའི་ཚུལ་ནི་གསལ་བ་འམ་རང་རིག་པའི་ཡེ་ཤེས་ཀྱི་ངོར་ཤར་བ་ཡིན་པའི་ཕྱིར། དེའི་ངོར་ཤར་བ་ནི་ཚད་མ་སྟེ། མི་བསླུ་བ་ཡིན་པའི་ཕྱིར། ཡང་གཞི་སྣ་ཚོགས་སུ་འདོད་པ་ནི། ཞེས་པའི་དྭོགས་གཞི་ནི། གཞི་ལས་རྩལ་དུ་ཤར་བའི་བོན། རྟག་པ་དང་དངོས་པོ། དགག་པ་དང་སྒྲུབ་པ། ཡོད་པ་དང་མེད་པ། འཁོར་བ་དང་མྱང་འདས་སོགས་ཤར་བ་རྣམས་གཞི་དེ་ལས་མ་འདས། གཞི་ཡི་བདག་ཉིད་ཡིན། གཞི་ཡི་ངང་དུ་གྲོལ་བ་ཤ་སྟག་ཡིན་ན། ཀ་བའི་བདག་ཉིད་ཀྱི་གཞི་དེ་བུམ་པའི་བདག་ཉིད་ཀྱི་གཞི་དེ་མ་ཡིན་ཏེ། གཞི་ཆ་མེད་གཅིག་གིས་ཁྱབ་པ་ཁས་མི་ལེན་པས། ཀ་བའི་རང་བཞིན་གྱི་གཞི་དང་བུམ་པའི་རང་བཞིན་གྱི་གཞི་སོ་སོར་ཡོད་པ་བཞིན། རོལ་པའི་རྩལ་གྱི་བོན་སྣ་ཚོགས་བསམ་གྱིས་མི་ཁྱབ་པས། གཞི་དེ་ཡང་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་གོ་སྙམ་མོ། །དེ་ལ་གཞུང་གིས་དགག་པ་ནི། སྣང་བ་ལ་འདོད་དམ། ཤེས་པ་ལ་འདོད། ཅེས་དྲིས་པས། ཕ་རོལ་པོས། སྣང་བ་ལ་འདོད་ཟེར་ན། སྣང་བ་སྣང་ཚུལ་མི་འདྲ་བ་བཞིན་དུ། སོགས་ནས་ཟེར་བ་དང་ཁྱད་མེད་དོ། །ཞེས་པའི་བར་དང་། ཤེས་པ་ལ་འདོད་ན། ཤེས་པ་སྐད་ཅིག་ལ་མི་འདྲ་བ་བརྒྱ་འགྱུར་བ་བཞིན་དུ་སོགས་ནས་གྲོལ་བར་འགྱུར་རོ། །ཞེས་པའི་བར་རོ། །རྫོགས་ཆེན་རང་ལུགས་ལུགས་ཀྱི་གཞི་དེ་ལ་དེ་ལྟའི་སྐྱོན་མེད་ཚུལ་ནི། གཞུང་ལས། འདི་ནི་ངོ་བོ་གང་དུ་ཡང་མ་གྲུབ་པས། ངོ་བོ་མཚོན་གཞི་དང་བྲལ་བ་ལ། རང་བཞིན་རང་ཐོག་ནས་གྲོལ་བས་སྤང་བླང་གང་དུ་ཡང་མ་གྲུབ་པའོ། །འདི་ནི་ཞེས་གནས་ལུགས་རང་འབྱུང་ཡེ་ཤེས་ཀྱི་ངོ་བོ་འདི་འདྲ་ཞེས་བློ་ཡི་ཡུལ་དུ་མ་གྲུབ་པས་གཞི་དེ་བློ་ཡི་ཡུལ་དུ་བྱེད་ནས་འདི་འདྲའོ། །ཞེས་མཚོན་པའི་མཚན་གཞི་དང་བྲལ་བའོ། །གཞི་རང་འབྱུང་ཡེ་ཤེས་རང་གི་ངོ་བོ་མཐའ་བཞི་རྒྱ་གྲོལ། རང་གསལ་རང་གྲོལ་རང་ཤར་གྱི་བདག་ཉིད་ཅན་ལ་སྤང་བྱ་དང་བླང་བྱའི་ཐ་སྙད་དང་བྲལ་བའོ། །ཀ་བ་དང་བུམ་པ་སོགས་རེ་རེ་ནས་གཞི་ཡི་བདག་ཉིད་ཡིན་ཡང་། ཀ་བུམ་སོགས་ཀྱི་རང་བཞིན་ཕར་ཡིན་ཚུར་ཡིན་མི་དགོས་ཏེ། མཁའ་ཡི་ཉི་མ་གཅིག་གི་ལན་ཀ་རྣམས་ཆུ་སྣོད་བརྒྱར་ཤར་བའི་ཆུ་སྣོད་ཀྱི་ལན་ཀ་རྣམས་ཕར་ཡིན་ཚུར་ཡིན་མ་ཡིན་པ་བཞིན་ཆ་མེད་ཀྱི་སྐྱོན་མེད་དོ། །དེ་ལྟར་དྲུག་པོ་དེ་སྐྱོན་ཅན་དུ་ངོས་བཟུང་སྟེ་བསྟན་ནས། ད་སྐྱོན་མེད་རང་གཞུང་བསྒྲུབ་པ་བསྟན་པ་ནི། གཞུང་ཆེན་རྣམས་ནས་བསྟན་པ་ལ་གོམས་འདྲིས་བྱས་ན་གོ་སྟོབས་དང་ཁ་གསལ་བར་འདུག་པས་དེར་ཐོས་བསམ་གོམས་པ་ལ་བརྩོན་པར་མཛོད། གང་ཟག་ཕལ་པས་ཇི་ལྟར་གསལ་བཤད་བྱས་ཀྱང་རྒྱུས་མེད་མི་ཡིས་ལམ་རྒྱུས་བཤད་པ་ལྟར་དུ་འགྱུར་བར་འདུག་པས་བཤད་པ་མི་བྱའོ། །
འདི་ནི་ནུབ་ཕྱོགས་ཀྱི་སློབ་མ་ཁག་ལ་གཞུང་འདི་ཡི་འགྲེལ་བཤད་ཁྲིད་བྱས་པའི་སྐབས་གསལ་བར་ཞིབ་ཁྲིད་བྱེད་པ་ལ་དཀའ་བར་མཐོང་བས་ཟུར་མཆན་དུ་སྨན་རི་བ་བསྟན་རྣམ་པས་འཇར་མེན་དུ་བྲིས།