མདུན་ངོས། » དམིགས་གསལ་ཆེད་སྒྲིག

དམིགས་གསལ་ཆེད་སྒྲིག

གཡོལ་དུ་མེད་པའི་རང་བྱུང་ཁམས་ཀྱི་འཇིག་པ། ། འཛམ་བུ་གླིང་གི་ནུབ་ཀྱི་ཕྱོགས། ། མི་རྣམས་རང་དབང་རྒྱུ་བའི་ས། ། དགའ་བདེའི་མལ་དུ་གནས་པའི་ཚེ། ། འཇིགས་རུང་གཏམ་ཞིག་རྣ་བར་ལྷུང་། ། གནའ་ནས་གྲགས་པའི་མུ་ཁྱུད་ཅན། ། རབ་མཐོ་རི་བོ་ཧི་མ་ལའི། ། འདབ་ན་འཚོ་བའི་ཡུལ་གྲུ་སྟེ། ། རང་བྱུང་ཡིད་འོང་བལ་པོའི་ཡུལ། ། བཞི་པའི་ཉེར་ལྔའི་ཉིན་མོ་རུ། ། སྟོབས་ལྡན་གོ་ལའི་གླང་སྨྱོན་ཞིག ། ལས་དབང་ཡན་ལག་རབ་བསྐྱོད་དེ། ། སྣོད་བཅུད་རྫིང་བུ་འདི་ལྟར་རྙོགས། ། རྟག་འཛིན་ཅན་གྱི་གང་ཟག་དག ། འདི་ལྟའི་རྣམ་པ་མཐོང་བའི་ཚེ། ། རྨི་ལམ་ཡིན་ནམ་མངོན་སུམ་ཞེས། ། ཡང་ཡང་དྲི་བ་འདོན་པར་བྲེལ། ། ཡུན་རིང་བདེ་བ་གཉེར་བའི་མི། ། ལྷིང་འཇགས་འཚོ་བའི་ཁོར་ཡུག་དེར། ། གློ་བུར་འོངས་པའི་འུར་སྒྲ་དང་། ། ཤིག་ཤིག་གཡོ་བའི་འགུལ་སྐྱོད་ལྷན། ། སྲ་མཁྲེགས་ཁང་བརྩེགས་མཐོན་པོ་དག ། སྡོང་རྒན་རྩ་བ་བཅད་པ་བཞིན། ། དེ་དག་བརྡབས་པའི་བར་དག་ཏུ། ། རྡོ་རྗེའི་བྲག་ཀྱང་སྒོ་ང་བཞིན། ། རི་བོ་རབ་ཏུ་ཉིལ་བའི་སྒྲ། ། འབྲུག་སྟོང་དུས་གཅིག་གྲག་དང་མཚུངས། ། ས་ལ་བགྲོད་པའི་འཁོར་ལོ་དག ། ལྕགས་སྲེག་སྟེང་གི་སྲིན་འབུ་བཞིན། ། སྟོང་ཕྲག་ལོངས་པའི་མཁར་རྫོང་ནི། ། ཕྲུ་གུའི་བྱེ་མཁར་ཞིག་པ་བཞིན། ། རིན་ཐང་བྲལ་བའི་ཅ་དངོས་ནི། ། ཕྲ་རབ་རྡུལ་གྱི་དངོས་པོར་གྱུར། ། སྲ་བརྟན་ས་གཞི་གས་པའི་ཤུལ། ། སྲོག་ལྡན་རྣམས་ཀྱང་ལྷུང་བར་དྭོགས། ། ལྷ་ཁང་ལྷུང་བའི་སྒོ་སྲུང་གི ། འདྲ་སྐུས་སོ་པ་བྱས་པ་བཞིན། ། གྲོང་ཁྱེར་ཞིག་པའི་ཐལ་རྡུལ་ནི། ། སྨྲག་རུམ་ནང་གི་སྤྲིན་ནག་བཞིན། ། དེ་ན་གནས་པའི་མི་རྣམས་ནི། ། བསྐལ་པ་འཇིག་པའི་གནས་སྐབས་བཞིན། ། བདེ་འགྲོའི་ལུས་ལ་བརྡབ་སྐྱོན་གྱིས། ། ཁྲག་གིས་ས་གཞི་བཙོས་པ་བཞིན། ། སྣོད་བཅུད་གཉིས་ཀ་འཇིག་པའི་ཚེ། ། དཔུང་གཉེན་བཙལ་དུས་འཇའ་ཚོན་བཞིན། ། ཁང་བརྩེགས་འགྱེལ་ཞིང་རི་བོ་རལ། ། འཕྲུལ་འཁོར་ཕན་ཚུན་བརྡབས་པ་དང་། ། མྱ་ངན་ངུ་སྐད་གྲག་པའི་སྒྲ། ། གླིང་ཕྲན་གཞན་ནས་ཐོས་སྙམ་བྱེད། ། ཚེ་ལྷག་རེ་བའི་རྒན་རྒོན་དག ། ཉལ་སའི་སྦུབས་སུ་དབུགས་ཐག་ཆད། ། བདེ་འགྲོ་རྙེད་པའི་བྱིས་པ་རྣམས། ། མ་དང་ལྷན་དུ་ལྔ་ལམ་བཏང་། ། ན་ཚོད་སྨིན་པའི་མཛའ་མཐུན་དག ། ལག་གདང་སྦྲེལ་ཏེ་ཕྱི་མར་འཁྱམས། ། བུ་ལ་གདུང་བའི་ཨ་མ་ཡི། ། བེམ་རོ་རྙེད་པར་སླ་བ་མིན། ། གཅེས་ཕྲུག་རྣམས་ཀྱི་ཡབ་རྒན་གྱིས། ། ཕྲུ་གུའི་ཕུང་པོ་བཙལ་བས་ངལ། ། སྲོག་གི་རྒྱུན་ཐག་མ་ནུབ་ཀྱང་། ། མགོ་དང་ཡན་ལག་ཕྲལ་བ་མང་། ། ཁ་སང་ནད་གཅོང་མེད་པའི་མི། ། དེ་རིང་ཐམས་ཅད་བར་དོར་གྱུར། ། ཁང་ཁྱིམ་སྟོང་པའི་རྒན་རྒོན་ནི། ། རེ་བ་ནམ་མཁའ་སྟོང་པར་གཏད། ། ནད་སྐྱོན་མེད་པའི་གཞོན་ནུ་ཡང་། ། རྐང་མཐིལ་ས་ལ་ཚུགས་དཀའ་ཙམ། ། གླེན་ཞིང་ལྐུགས་པའི་དུད་འགྲོ་ཡང་། ། ཚེ་སྲོག་འཚོལ་དུ་བང་རྩལ་འགྲན། ། ཉིན་མོར་བཟའ་བཏུང་མཐོང་བ་མེད། ། མཚན་མོར་གློག་འོད་འཆར་བ་མེད། ། བེམ་རོ་བསྲེགས་པའི་དུད་སྤྲིན་གྱིས། ། ཉི་ཟླའི་གཟི་བརྗིད་མོག་པོར་གྱུར། ། ཚད་མཐོའི་འཕྲུལ་ཆས་སྤྱད་པའི་མཐར། ། ས་རིམ་དམའ་བོའི་འོག་ནས་ཐོན། ཆག་འཇིག་ཉིན་གྲངས་མང་པོའི་རྗེས། ། དབུགས་ཀྱི་ཉག་ཐག་ལུས་པ་མང་། ། ཁ་སང་རྣམ་བཀྲའི་གྲོང་ཁྱེར་ནི། ། དེ་རིང་གད་སྙིགས་ཕུང་པོ་བཞིན། ། ཤུལ་དུ་ལུས་པའི་ཤེས་ལྡན་རྣམས། ། ལམ་ཁར་ཉལ་བ་མགྲོན་པོ་བཞིན། ། གྱང་རོའི་གསེང་དང་རྡུལ་གྱི་ཁྲོད། ། ལྕགས་རྡོ་འཕྲུལ་ཆས་གཟེབས་སོགས་སུ། ། ཉིན་མཚན་བསྟུད་མར་གཉེན་ཉེ་ཡིས། ། བཙལ་ཀྱང་མ་རྙེད་ཁྲི་སྟོང་ལྷག ། རང་ལ་ཉེ་བའི་མི་རྣམས་ལ། ། འབྲེལ་བ་ཡང་ཡང་བྱས་པའི་མཐར། ། ཐམས་ཅད་སྲོག་སྐྱོན་མ་བྱུང་བར། ། བདེ་བར་ཡོད་པའི་གཏམ་དེ་སྙན། ། ཤར་ནུབ་འཛམ་གླིང་མི་མང་རྣམས། ། མངོན་སུམ་ཡིན་ནམ་ཐེ་ཚོམ་གྱུར། ། ཕྱི་ནང་གསར་འགྱུར་ལས་རིགས་ལ། ། དངུལ་དང་ལས་ཀ་སྣོན་མ་བཏབ། ། སྤྱི་སྒེར་གཏོང་ཕོད་ཅན་དག་གིས། ། ཞལ་འདེབས་ལག་གིས་ཐོགས་པ་མེད། ། འོན་ཀྱང་ཉེར་མཁོ་ཉམ་ཐག་ལ། ། ཆ་ཚང་འཐོབ་པའི་སྐལ་པ་ཕྲ། ། ཚུལ་དེས་བདག་བློ་ཡི་མུག་པས། ། གོད་ཆག་འདི་ལ་སེམས་བསྐྱེད་རེ། ། བསྐུལ་ཕྱིར་གོ་བདེའི་ཡི་གེ་ནི། ། ནུབ་ཕྱོགས་ཨ་རིའི་ཡུལ་དུ་བྲིས།། །།