མདུན་ངོས། » ཟིན་བདག་གི་རེ་འདུན།

ཟིན་བདག་གི་རེ་འདུན།


ཟིན་བདག་གི་རེ་འདུན།
༡༽དམིགས་ཡུལ། དུས་རབས་འདིར་རྡུལ་ཕྲན་མཚོན་ཆ་སོགས་ཆེས་ཛ་དྲག་པའི་གནས་སྟངས་འོག་གོ་ལ་ཧྲིལ་པོའི་ཐོག་ཏུ་གནས་པའི་འགྲོ་བ་མིའི་རིགས་རྟེན་དང་བརྟེན་པ་གཉིས་ཀར་ཤིན་ཏུ་ཉེན་ཚབས་ཆེན་པོར་གྱུར་ཡོད། འདི་ལ་ཆོས་ལུགས་ཀྱི་གཞན་ཕན་དང་སྙིང་རྗེའི་བསླབ་བྱ་བཟང་པོས་སའི་གོ་ལ་འདིའི་ཤར་ལྷོ་ནུབ་བྱང་ཁོར་ཡུག་ཀུན་ཏུ་ཞི་བདེ་དང་ལྷིང་འཇགས། འཆམ་མཐུན་དང་ཚེ་སྲོག་གི་རང་དབང་སྲུང་སྐྱོབ་སོགས་ཀྱིས་སྲོག་ལྡན་ཀུན་བདེ་སྐྱིད་ཀྱི་ངང་གནས་ཐུབ་པའི་རོགས་འདེགས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེར་གྱུར་ཡོད་པ་དང་། དུས་རབས་སྔ་མ་རྣམས་སུ་ཆོས་ལུགས་གང་གི་ནང་ནས་བྱུང་ནའང་ང་ཚོས་ངེས་པར་ཤེས་དགོས་ངེས་ཀྱི་འགྲོ་བ་མིའི་རིགས་ལ་འཕྲལ་ཕུགས་གང་རུང་དུ་ཕན་པ་ཆེན་པོ་བསྒྲུབས་མྱངས་པའི་རྩོད་མེད་ཆོས་ལུགས་ཀྱི་དེད་དཔོན་དང་སྲོལ་འཛིན་སྐྱེས་མཆོིག་དམ་པ་རྣམས་ཀྱི་མཛད་རྗེས། རང་དགར་སྨྲ་མི་ཐུབ་པའི་མཁས་པའི་ལེགས་བཤད་དང་བསླབ་བྱ་རྨད་དུ་བྱུང་བ་རྣམས་ཤེས་རྟོགས་དང་རྒྱུས་ལེན་བྱེད་དེ། ད་ལྟའི་མི་རབས་ཀྱིས་ཁོང་རྣམས་ལ་སྙིང་ཐག་པ་ནས་རྗེས་དྲན་དང་བཀའ་དྲིན་ཆེ་ཞུ་དགོས་པ་སྨྲོས་མེད་དུ་འཁུམས། ༢༽མི་རབས་འདིའི་ལས་འགན་ནི། དུས་རབས་སྔ་མའི་ནང་གི་མཁྲེགས་འཛིན་དང་། འགལ་ཟླ། གནོད་འཚེ། དབང་སྒྱུར། བཀས་བཀོད་བརྒྱུད་འཛིན། རྨོངས་དད། ཟོབ་བསླུ། ཁྱད་གསོད། སོགས་མཚམས་འཇོག་བྱས་ཏེ་ད་ལྟ་དུས་རབས་ཉེར་གཅིག་པ་ནས་བཟུང་སླད་ཕྱིན་གོ་ལའི་ཐོག་འཚོ་སྡོད་བྱེད་པའི་འགྲོ་བ་ཚང་མ་ལ་དགོས་ངེས་ཀྱི་ཤེས་རིག་ཐད་ལ་རང་གཞན་ཀུན་གྱིས་གོ་རྟོགས་གོང་མཐོར་སྤེལ་ཐབས་དང་། གབ་པ་མངོན་ཕྱུང་གི་གསལ་སྟོན་ཡོང་ཐབས་བྱས་ཏེ་གོ་ལའི་ཐོག་ཏུ་འཚོ་སྡོད་བྱེད་པའི་འགྲོ་བ་མིའི་རིགས་ལ་འཕྲལ་ཕུགས་ཀུན་ལ་དགེ་བའི་ལམ་བུར་མདུན་སྐྱོད་བྱེད་དེ་སའི་གོ་ལ་རྟེན་དང་བརྟེན་པ་གཉིས་ཀའི་ཚེ་སྲོག་གི་རྒྱུན་བསྲིང་ནས་བདེ་སྐྱིད་ཀྱི་ངང་དུ་འཚོ་ཐུབ་པ་བྱ་རྒྱུ་དེ་ཡིན། ༣༽འབད་བརྩོན། ལས་འགན་དེ་དང་མཐུན་པའི་དགོས་ངེས་ཀྱི་ཆོས་མཐུན་བྱ་བ་མང་པོ་ཞིག་རང་བཞིན་གྱིས་འབྱུང་བ་མ་ཟད། ད་ལྟ་ཆ་འཕྲིན་ལག་རྩལ་ཚད་མཐོར་ཕྱིན་ཏེ་བྱ་བ་རྒྱ་ཆེན་པོའང་བདེ་བླག་ཐོག་བསྒྲུབ་ཐུབ་པའི་གོ་སྐབས་བཟང་པོ་འདིར། ལག་རྩལ་འདི་བེད་སྤྱོད་གཏོང་ཐུབ་ན་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ལའང་ཆེས་གལ་ཆེར་གྱུར་པ་མངོན་མཐོང་དུ་ལགས། དེར་མ་ཟད་འཆད་རྩོད་རྩོམ་གསུམ་ནི་གངས་ཅན་ལྗོངས་སུ་མཁས་པའི་བྱ་བ་གསུམ་ཞེས་ཡོངས་སུ་གྲགས་པ་མ་ཟད་དེའི་ནང་ནས་ཀྱང་། ཇི་སྐད་དུ། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན། ཞེས་གསུངས་པ་ལྟར་རྩོམ་པའི་བྱ་བ་ནི་བྱ་བ་གཞན་ལས་མཆོག་ཏུ་བསྔགས་པ་ལྟར། ཕྲན་རང་ནས་དགོས་པ་དེ་དག་ཡིད་ལ་བཅངས་ཏེ་ཆོས་ལུགས་རིས་མེད་ལ་སློབ་སྦྱོང་ཅུང་ཟད་བྱས་པའི་ཉམས་མྱོང་ཡིག་ཐོག་ཏུ་བཀོད་པ་ཉུང་ཤས་ཡོད་པ་རྣམས་དེང་གི་བརྡ་འཕྲིན་རིག་རྩལ་བཀོལ་སྤྱོད་བྱས་ཏེ་འབད་བརྩོན་བསྟེན་པའི་ཟིན་བྲིས་སྒེའུ་ཁུང་འདི་ནི། གཙོ་བོ་རང་རྩོམ་ཟིན་བྲིས་དགོད་ཡུལ་གྱི་སྒེའུ་ཁུང་ཆུང་ཆུང་ཞིག་ཡིན་པ་ལས་སྤྱི་ཚོགས་ཀྱི་གནས་ཚུལ་གསལ་པོར་སྟོན་པའི་མྱུར་འཕྲིན་ཞིག་ནི་གཏན་ནས་མིན། འོན་ཀྱང་སྒེའུ་ཁུང་གི་དཀར་ཆག་ཏུ་བཀོད་པ་ལྟར་རྩོམ་རིག་རྨད་དུ་བྱུང་བའི་སྔོན་གྱི་མཁས་པའི་ལེགས་བཤད་ཁག་ཅིག་དང་།ཆོས་ལུགས་ཀྱི་བསླབ་བྱ་བཟང་པོའམ་དོན་གནད་ཁག་ཅིག་ཀློག་པ་པོར་གསལ་སྟོན་ཡོང་བའི་ཆེད་དུ་དགོད་རྒྱུ་བཅས་ལགས་ན་དམིགས་ཡུལ་དང་ལས་གཞི་འདི་ལ་ལྷག་བློ་ཆེན་པོས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ། །
ཟིན་བདག་དགེ་བཤེས་དྲང་སྲོང་རྣམ་རྒྱལ་གྱིས། །