རང་རྩོམ་དང་འབྲེལ་ཡོད་དཔེ་དེབ། » Edited-Publications

Edited-Publications

བསྡུས་རྟགས་དང་མཚན་ཉིད་གསུམ་གྱི་རྣམ་གཞག་བཅས་ཕྱོགས་སྒྲིག་བཞུགས་སོ།།

བསྡུས་རྟགས་དང་མཚན་ཉིད་གསུམ་གྱི་རྣམ་གཞག་བཅས་ཕྱོགས་སྒྲིག་བཞུགས་སོ།།


  དེབ་འདི་ནི་རིགས་པ་སྨྲ་བ་ཡོན་ཏན་རྒྱ་མཚོས་མཛད་པའི་ཐུན་མོང་བསྡུས་གྲྭའི་ངོས་འཛིན་བློ་གསལ་ལྐུགས་ཁ་འབྱེད་པའི་བདུད་རྩི་ཞེས་པ་དེ་དཔེ་དཀོན་ཞིག་ཏུ་གྱུར་པར་སོང་དེབ་འདིའི་རྒྱུ་ཆ་གཙོ་བོ་དང་། དེ་དང་ཀློག་པ་པོ་རྣམས་ལ་སྟབས་བདེའི་ཆེད་དུ་ཁོང་གིས་བརྩམས་པའི་གཏན་ཚིགས་རིག་པའི་རྣམ་གཞག་བློ་སྒྲོམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སློབ་སྟོན་གནང་བ་ལྟར། ༧སྐྱབས་རྗེ་ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱིས་མཛད་པའི་ཐུགས་རྗེ་སེམས་དཔའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་གཞག་ག་པུར་ཐིགས་པ་བཅས་ཕྱོགས་བསྒྲིགས་ཞུ་དག་དཔར་དུ་བསྐྲུན་པ་ཞིག་རེད། འདི་ནི་རྒྱལ་ཤོད་བླ་ཆུང་གཡུང་དྲུང་འཇིགས་མེད་ཀྱིས་འགྲོ་གྲོན་བཏང་ནས་སྤྱི་ལོ་༢༠༠༧ལོར་Vajra Publication in Nepal བལ་ཡུལ་དུ་དཔར་སྐྲུན་བྱས་པའི་དཔེ་དེབ་ཅིག་རེད། །
དགའ་ལྡན་ལྷ་བརྒྱ་རྒྱས་བསྡུས་ཀྱི་བཤད་པ།

དགའ་ལྡན་ལྷ་བརྒྱ་རྒྱས་བསྡུས་ཀྱི་བཤད་པ།


  འདི་ནི་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་བཀའ་ཁྲིད་ཐད་ཀར་ཡིག་ཐོག་ཕབ་སྒྱུར་བྱས་པ་ཞིག་རེད། དཔེ་ཆའི་བརྗོད་དོན་ནི་དགའ་ལྡན་ལྷ་བརྒྱ་མ་ཞེས་པའི་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་ཞིག་ཡིན་ལ། ཉམས་ལེན་དེ་ནི་རྗེ་བླ་མ་ཙོང་ཁ་པ་ཞལ་བཞུགས་དུས་ནས་གསང་སྟབས་ཀྱིས་འགའ་ཞིག་ལ་གནང་བ་བྱུང་ཡོད་པར་གསུངས་ལ། རྗེས་སུ་ཡིག་ཐོག་འགོད་པ་པོ་ནི་རྒྱལ་བ་དགེ་འདུན་གྲུབ་ཀྱི་སློབ་མ་འདུལ་ནག་པ་དཔལ་ལྡན་བཟང་པོ་ཁོང་ཡིན་པར་གསལ། དེ་ཡང་བཀའ་ཁྲིད་འདི་བཞིན་ཕྱི་ནང་གི་མི་རིགས་ཀུན་ལ་གོ་བདེ་བ་དང་། ཉམས་མྱོང་གི་ཟབ་གནད་ལྡན་པ། ཞལ་ཤེས་དང་གསུང་རྒྱུན་དམིགས་གསལ་མངའ་བ། དེ་ལ་བརྟེན་ནས་འཇུག་པ་པོ་གང་ཟག་གི་རྒྱུད་ལ་བྱིན་རླབས་ཀྱི་ཚན་ཁ་མྱུར་བ་བཅས་བསྙོིན་མེད་དུ་གྱུར་པས། ཐར་འདོད་ཉམས་ལེན་པ་ཆེས་མང་པོའི་དགོངས་འདུན་སྐོམ་པ་ཆུ་འདོད་ལྟར་གྱུར་པས། བླ་བྲང་གི་ཕྱག་མཛོད་དགེ་བཤེས་ཚེ་བརྟན་དགེ་ལེགས་མཆོག་གི་ལམ་སྟོན་གནང་བ་ལྟར་བཀའ་ཁྲིད་འདི་དག་དཔེ་ཁྲིད་ཀྱི་གསུང་ཐོག་ནས་ཡིག་ཐོག་ཕབ་སྒྱུར་བྱས་ནས་ལས་རོགས་རྣམ་པ་དང་ལྷན་དུ་རྩོམ་སྒྲིག་དང་ཞུ་དག་བགྱིས་ཏེ་སྤྱི་ལོ་༢༠༠༥ལོར་བཀའ་ཁྲིད་གཏེར་མཛོད་འཇམ་དབྱངས་རོལ་པའི་སྡེ་ཚན་གྱིས་རྒྱ་གར་ལྷོ་ཕྱོགས་ནས་དཔར་སྐྲུན་བྱས་པའི་དེབ་ཅིག་རེད། །
བོན་གྱི་བཀའ་འགྱུར་ནང་དུ་བཞུགས་པའི་ཁམས་རྩ་རྣམ་པར་ངེས་པ་ཞེས་པའི་སྟོད་ཆ།

བོན་གྱི་བཀའ་འགྱུར་ནང་དུ་བཞུགས་པའི་ཁམས་རྩ་རྣམ་པར་ངེས་པ་ཞེས་པའི་སྟོད་ཆ།


  ད་ལན་ཁྲི་བརྟན་ནོར་བུ་རྩེ་བཤད་སྒྲུབ་འདུས་སྡེ་སྐབས་བཅོ་ལྔ་པའི་རྒྱུན་ལས་ཁང་ནས་སློབ་གཉེར་བའི་ཤེས་ཡོན་གོང་མཐོར་སྤེལ་བའི་ཆེད་དུ་གལ་ཆེའི་ཡིག་ཆ་གཡུང་དྲུང་བོན་གྱི་བཀའ་འགྱུར་ནང་ཚན་དུ་བཞུགས་པའི་<ཁམས་རྩ་རྣམ་པར་ངེས་པ>ཞེས་པའི་གཞུང་འདི་དཔར་སྐྲུན་ཞུ་དག་གི་ལས་གཞི་ཕྲན་ལ་བཀའ་མངགས་བཅོལ་བ་ལྟར་ལས་དོན་དེ་དུས་ཚོད་དང་འཚམ་པར་ཅི་ནུས་བསྒྲུབས་ཏེ་ད་ལན་དཔེ་དེབ་སྟོད་སྨད་གཉིས་ལེགས་སྤེལ་བྱུང་ཐུབ་པ་ནི་སྤྲོ་བ་བརྟས། འདིའི་གསལ་བཤད་རྗེས་ནས་དགོད་རྒྱུ། །
བོན་གྱི་བཀའ་འགྱུར་ནང་དུ་བཞུགས་པའི་ཁམས་རྩ་རྣམ་པར་ངེས་པ་ཞེས་པའི་སྨད་ཆ།

བོན་གྱི་བཀའ་འགྱུར་ནང་དུ་བཞུགས་པའི་ཁམས་རྩ་རྣམ་པར་ངེས་པ་ཞེས་པའི་སྨད་ཆ།


བོན་གྱི་བཀའ་འགྱུར་ནང་དུ་བཞུགས་པའི་ཁམས་རྩ་རྣམ་པར་ངེས་པ་ཞེས་པའི་སྟོད་སྨད་གཉིས། 
བོན་གྱི་དཔེ་དཀོན་དཔེ་ཚོགས།

བོན་གྱི་དཔེ་དཀོན་དཔེ་ཚོགས།


  བོན་གྱི་དཔེ་དཀོན་དཔེ་ཚོགས། ཞེས་པའི་དེབ་འདི་ཆེས་གལ་ཆེའི་རང་བཞིན་དང་ལྡན་པའི་དཔེ་ཁག་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཅིག་རེད། དེ་སྔ་ལག་སོན་མ་བྱུང་བའམ་ཡོད་པར་ཐོས་མཁན་དཀོན་པའི་ལྷོ་གཏེར་ཐེག་དགུའི་རྣམ་གཞག་འདི་དང༌། སྒ་སྟོན་གྱི་དཔེ་ཁག་ཐོར་བུ་གཉིས་པོ་འདིའང་གོ་ཐོས་ཙམ་ཡོད་ཀྱང་སློབ་གཉེར་བ་ཕལ་མོ་ཆེས་མཇལ་ཡུལ་དུ་མ་གྱུར་པ་ཞིག་ཡིན། ལྷོ་གཏེར་ཐེག་དགུའི་དཔེ་འདི་ནི། མདོ་སྨད་རྔ་བ་སྣང་ཞིག་ཕྱོགས་ནས་དགེ་བཤེས་ཞིང་གཤེགས་ཤེས་རབ་ཀུན་གསལ་མཆོག་གིོས་ཕྱག་སོན་བྱུང་། རྩོམ་པ་པོ་སུ་ཡིན་གསལ་ཁ་མ་བྱུང་ནའང༌། དཔེ་འདིར་ཕྱི་རབས་ཀྱི་ཡིག་ཆ་ཁུངས་སུ་མ་དྲངས་ཚུལ་ལ་དཔྱད་ན་ཡིག་རྙིང་ཞིག་ཡིན་པར་ཚོད་དཔག་བྱེད་ཆོག འོན་ཀྱང་དགོངས་མཛོད་རི་ཁྲོད་པའི་སྐོར་གསལ་བས་དུས་རབས་བཅུ་གཅིག་སྔ་རོལ་གྱི་དཔེ་མ་ཡིན་པ་ཁ་ཚོན་གཅོད་ཐུབ། དཔེ་འདི་ནི་ལྷོ་གཏེར་ཐེག་དགུའི་རྣམ་གཞག་གི་སྤྱི་དོན་ཙམ་ཁ་གསལ་གོ་བདེའི་ལམ་ནས་སྟོན་པའི་ཡིག་ཆ་ཞིག་ཏུ་འདུག་པས་གཟིགས་པ་པོ་རྣམས་ལ་ཤིན་ཏུ་སྨན་ངེས་སུ་མཐོང་སྟེ། རྒྱས་བསྡུས་འཚམ་པོ་ཡིན་པ་དང༌། ཚིག་ཉུང་ལ་དོན་འདུས་པའི་ལུང་མང་པོ་དྲངས་འདུག་པའི་ལུང་ཁུངས་ཀྱི་དཔེ་ད་ལྟ་མི་བཞུགས་པའང་ཡོད་སྲིད་སྙམ། སྒ་སྟོན་གྱི་དཔེ་གཉིས་པོ་འདི་ནི། ཁོང་ཉིད་ཀྱི་གསུང་ལས། རང་གཞན་གྱི་གྲུབ་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་ཕྱོགས་མེད་དུ་མཆེད་ཅིང༌། འཆད་རྩོད་རྩོམ་གསུམ་གྱི་དྲི་བསུང་དང་ལྡན་པ་གཤེན་གྱི་བཙུན་པ་ཚུལ་ཁྲིམས་རྒྱལ་མཚན་བྱ་བས་ལེགས་པར་སྦྱར་བ་ཞེས་གསུངས་འདུག་པ་དོན་ལ་དེ་དེ་བཞིན་དུ་གནས་པ་ཞིག་ཡིན་པ་ལྟ་ཅི་སྨྲོས། མི་ལོ་བརྒྱ་ཕྲག་མང་པོའི་གོང་ནས་བརྩམས་པའི་དཔྱད་རྩོམ་འདི་ལྟ་བུ་ནི་དེང་དུས་ཙམ་དུ་མ་ཟད་མ་འོངས་པའི་དུས་རབས་ལ་ཕྱིར་མཆོང་ཐེངས་གཅིག་རྒྱག་པའི་ལེགས་བཤད་རིན་ཐང་བྲལ་བའི་རྩོམ་རིག་གི་བརྒྱ་བྱིན་ཞིག་ཏུ་འདུག་སྙམ། དེབ་འདིར་བསྒྲིགས་པའི་ལེ་ཚན་གསུམ་པོ་ང་ཚོས་སློབ་ཞོར་འབད་བརྩོན་བྱེད་པའི་རྒྱུ་མཚན་ནི། གཞུང་ཆེན་སློབ་གཉེར་བ་དང༌།…
བློ་སྦྱོང་གི་སྐོར་བདུད་རྩིའི་མཆོད་སྤྲིན།

བློ་སྦྱོང་གི་སྐོར་བདུད་རྩིའི་མཆོད་སྤྲིན།


འདི་ནི་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་བཀའ་ཁྲིད་ཐད་ཀར་ཡིག་ཐོག་ཕབ་སྒྱུར་བྱས་པ་ཞིག་རེད།དེབ་འདིའི་ནང་དུ་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཁྲིད་དང་། ས་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཞེན་པ་བཞི་བྲལ། གཏོང་ལེན་གྱི་གདམས་པ། རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ། རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་བཅུད་ལེན་གྱི་གདམས་པ་རིམ་པ་ལྔ་པ་བཅས་ཀྱི་བཀའ་ཁྲིད་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་ཅིག་རེད། དེ་ཡང་བཀའ་ཁྲིད་འདི་བཞིན་ཕྱི་ནང་གི་མི་རིགས་ཀུན་ལ་གོ་བདེ་བ་དང་། ཉམས་མྱོང་གི་ཟབ་གནད་ལྡན་པ། ཞལ་ཤེས་དང་གསུང་རྒྱུན་དམིགས་གསལ་མངའ་བ། དེ་ལ་བརྟེན་ནས་འཇུག་པ་པོ་གང་ཟག་གི་རྒྱུད་ལ་བྱིན་རླབས་ཀྱི་ཚན་ཁ་མྱུར་བ་བཅས་བསྙོིན་མེད་ལགས་ན། ཐར་འདོད་ཉམས་ལེན་པ་ཆེས་མང་པོའི་དགོངས་འདུན་སྐོམ་པ་ཆུ་འདོད་ལྟར་གྱུར་པས། བླ་བྲང་གི་ཕྱག་མཛོད་དགེ་བཤེས་ཚེ་བརྟན་དགེ་ལེགས་མཆོག་གི་ལམ་སྟོན་གནང་བ་ལྟར་བཀའ་ཁྲིད་འདི་དག་དཔེ་ཁྲིད་ཀྱི་གསུང་ཐོག་ནས་ཡིག་ཐོག་ཕབ་སྒྱུར་བྱས་ནས་ལས་རོགས་རྣམ་པ་དང་ལྷན་དུ་རྩོམ་སྒྲིག་དང་ཞུ་དག་བགྱིས་ཏེ་སྤྱི་ལོ་༢༠༠༩ལོར་བཀའ་ཁྲིད་གཏེར་མཛོད་འཇམ་དབྱངས་རོལ་པའི་སྡེ་ཚན་གྱིས་རྒྱ་གར་ལྷོ་ཕྱོགས་ནས་དཔར་སྐྲུན་བྱས་པའི་དེབ་ཅིག་རེད། །