རང་རྩོམ་དང་འབྲེལ་ཡོད་དཔེ་དེབ། » Written Publications

Written Publications

རང་རྩོམ་དཔེ་དེབ།

རང་རྩོམ་དཔེ་དེབ།


  བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང་། དེབ་འདི་ནི་༢༠༠༩ལོར་བལ་ཡུལ་Vajra Publicationsནས་དཔར་དུ་བསྐྲུན་པ་ཞིག་རེད། འདི་ལ་ལེ་ཚན་གསུམ་ཡོད། ལེ་ཚན་དང་པོ་ནི། བོན་གྱི་དཔེ་གཞུང་ཁག་ཅིག་ལ་དྭོགས་སློང་བྱུང་བའི་སྐོར་བརྗོད་པ། བོན་གྱི་ལྟ་སྤྱོད་སྐོར་ལ་ཡོངས་གྲགས་ལྟ་ཚུལ་དང་། སྟོན་པ་གཤེན་རབ་ཀྱི་གདུང་རབས་དང་འཁྲུངས་ལོའི་སྐོར་གྱི་རྙོགས་འཛིང་སྐོར། འོལ་མོ་ལུང་རིང་ས་གནས་གང་དུ་ཡོད་དམ་དཔྱད་པ། བོན་དང་འཇང་རིགས་གཏོ་པའི་ཆོས་ལུགས་དང་འདྲ་མཚུངས་ཇི་ཡོད་དམ། བོད་དུ་བོན་དང་འབྲེལ་བའི་རིག་གནས་གང་དར་བ་ཡིན་ནམ། བོན་གྱི་ཤིང་རྟའི་སྲོལ་འབྱེད་ཁག་དང་འབྲེལ་བའི་སྐོར་དང་། བོན་གྱི་འདུལ་བའི་ལོ་རྒྱུས་སྐོར། བོན་ཆོས་རིས་མེད་བླ་ཆེན་དགོངས་པ་རབ་གསལ་ངོས་འཛིོན་བྱེད་སྟངས་ཀྱི་རྙོག་འཛིང་། ནུབ་ཕྱོགས་སུ་བོན་ཞིབ་འཇུག་བྱུང་ཚུལ་སྐོར་བཅས་ཀྱི་ལེ་ཚན་བཅས་ཀྱི་བརྗོད་གཞིག་ཁག་ཅིག་ཡིན། ལེ་ཚན་གཉིས་པ་ནི། བོད་མི་རིགས་ཀྱི་རུས་རྒྱུད་ཚན་ཁག་སྐོར་ལ་དཔྱད་པ་སྟེ། འདི་ལ་བོད་མི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་གནའ་བོའི་ཡིག་རྙིང་སྐོར་ཞིག་ལ་དཔྱད་སྡུར་བྱས་ཞིབ་འཇུག་བྱས་ཏེ་དང་པོ་སྤྲ་རིགས་ལས་མིའི་འགྲོ་བ་གྲོལ་བར་འདོད་པའི་ལུགས་དང་། གཉིས་པ་སྲིད་པའི་ཀློང་སྒོང་ལས་མིའི་འགྲོ་བ་གྲོལ་བར་འདོད་པའི་ལུགས་དང་།…
ཡུལ་གངས་ཅན་པའི་བརྡ་སྤྲོད་པའི་བསྟན་བཅོས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་མཁས་པ་དགའ་སྐྱེད།

ཡུལ་གངས་ཅན་པའི་བརྡ་སྤྲོད་པའི་བསྟན་བཅོས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་མཁས་པ་དགའ་སྐྱེད།


དེབ་འདི་ནི་༢༠༡༡ལོར་རྩེ་དྲུག་དྲི་མེད་ཤེལ་བྲག་གླིང་གི་བཤད་སྒྲུབ་འདུས་སྡེས་ཁྲིན་ཏུ་ནས་དཔར་དུ་བསྐྲུན་པ་ཞིག་རེད། དེབ་འདི་ནི་བོད་ཀྱི་བརྡ་སྤྲོད་ཀྱི་འགྲེལ་བཤད་ཅིག་ཡིན་ཞིང་། ཆོས་བརྒྱུད་རིས་མེད་ཀྱི་བརྡ་སྤྲོད་མཁས་ཅན་མང་པོའི་འགྲེལ་བཤད་ལ་གོ་སྡུར་དང་ཞིབ་འཇུག དེ་བཞིན་ལེགས་ཆ་བླང་ཡོད་པ་མ་ཟད། དོན་གནད་ཐོག་ལ་དྭོགས་སློང་དང་རང་ལུགས་ཀྱི་མཐའ་མའི་སྡོམ་ཚིག་བཞག་སྟེ་བྲིས་པའི་བོད་ཀྱི་བརྡ་སྤྲོད་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དོན་གནད་ཁ་ཚང་བའི་དཔེ་དེབ་ཅིག་ཏུ་གྱུར། རྩེ་དྲུག་དགོན་གྱི་བཤད་སྒྲུབ་འདུས་སྡེའི་དགོས་འདུན་ལྟར་དཔར་ཐེངས་དང་པོར་ཚོད་ལྟའི་ཚུལ་དུ་དཔར་སྐྲུན་བྱས་པ་ཞིག་ཡིན་ལ། དཔར་ཐེངས་གཉིས་པའི་སྐབས་སུ་རྩོམ་པ་པོ་རང་ནས་ལེགས་བཅོས་ཀྱི་འཆར་གཞིའི་ཐོག་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་སུ་འགྱུར་བའི་རེ་བ་འཆང་བཞིན་ཡོད། །
གངས་རིའི་བརྩེ་དུང་།

གངས་རིའི་བརྩེ་དུང་།


དེབ་འདི་ནི་༢༠༠༥ལོར་རྒྱ་གར་ལྷོ་ཕྱོགས་Guptha Offset printers, Mysore Karnataka South of India ནས་དཔར་དུ་བསྐྲུན་པ་ཞིག་རེད། འདི་ལ་ཚིགས་བཅད་སྡེ་ཚན་དང་ཚིག་ལྷུགས་སྡེ་ཚན་གཉིས་ཡོད་པ་དང་། ཕལ་ཆེར་ནི་སྙན་ངག་རྩོམ་རིག་སྡེ་ཚན་དུ་བསྡུ་ཆོག་ལ། སྙན་ངག་དོན་རྒྱན་སོ་ལྔའི་དཔེ་བརྗོད་ཆ་ཚང་ཞིག་ཀྱང་དེར་བསྡུས་ཡོད་པ་རེད། འགའ་ཞིག་དོན་བརྗོད་ལྷུག་རྩོམ་ཡང་ཡོད། སྙན་ངག་ཕལ་ཆེར་ནི་སྲོལ་རྒྱུན་སྙན་ངག་ཡིན་ལ། ཉུང་ཤས་དེང་རབས་སྙན་ངག་ཀྱང་ཡོད་པ་རེད། གཞན་ཡང་མི་སྣའི་ལོ་རྒྱུས་ཀྱང་ཡོད་པ་རེད། དེར་མ་ཟད་དེའི་ནང་དུ་རྩོམ་རིག་གི་ཤེས་བྱ་སྐོར་གྱི་ལེ་ཚན་ཡང་ཡོད་ལ་མདོར་ན་དེབ་འདིར་ཤོག་ངོས་༣༩༦ལས་གྲུབ་པའི་དེབ་ཅིག་ཡིན་པ་རེད། །
ཞུགས་གནས་ཀྱི་བརྗེད་བྱང་དང་མཚན་ཉིད་གསུམ་གྱི་རྣམ་གཞག་སྐོར།

ཞུགས་གནས་ཀྱི་བརྗེད་བྱང་དང་མཚན་ཉིད་གསུམ་གྱི་རྣམ་གཞག་སྐོར།


    དེབ་འདི་ནི་༢༠༡༡ལོར་རྩེ་དྲུག་དྲི་མེད་ཤེལ་བྲག་གླིང་གི་བཤད་སྒྲུབ་འདུས་སྡེས་ཁྲིན་ཏུ་ནས་དཔར་དུ་བསྐྲུན་པ་ཞིག་རེད། འདི་ནི་ཕར་ཕྱིན་སྐབས་ཀྱི་དཀའ་གནས་ཁག་ཅིག་ཟུར་དུ་བཏོན་ནས་དོན་གནད་ཕྲ་མོ་ཁག་ཅིག་ལ་འགྲེལ་བརྗོད་བྱས་པའི་དཔེ་ཞིག་རེད། དེབ་འདིར་ཕར་ཕྱིན་གྱི་ཡན་ལག་ཞུགས་པ་དང་གནས་པའི་འཕགས་པའི་གང་ཟག་གི་དབྱེ་བ་རྒྱས་པར་བརྗོད་དེ་དགག་བཞག་སྤོང་གསུམ་གྱི་མཚན་ཉིད་རིག་པའི་རྩོམ་འགྲོས་ཀྱི་ཐོག་ནས་བརྩམས་པའི་ལེ་ཚན་གཅིག་དང་། ཐུགས་རྗེ་སེམས་དཔའ་འམ་སེམས་ཙམ་པའི་ལྟ་གྲུབ་མཚན་ཉིད་གསུམ་གྱི་ཐོག་ནས་རྣམ་གཞག་བྱས་པའི་སྐོར་ལུང་རིགས་དུ་མས་གསལ་ཁ་བཏོད་དེ་དཀའ་བའི་གནས་དུ་མ་ཞིག་གོ་ཡུལ་དུ་འཆར་བ་ལ་སྨན་པའི་དྭོགས་སློང་དང་། རང་གི་ལྟ་ཚུལ་སྟོན་ཏེ་གསར་དུ་བརྩམས་པའི་ལེ་ཚན་ཞིག དེ་མིན་རང་རིག་སྐོར་གྱི་རྩོམ་ཐུང་གཅིག་བཅས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་། འདི་ནི་བསམ་གྱིས་མི་ཁྱབ་པའི་དགེ་རྒན་ཆེན་མོ་དུ་མའི་བཀའ་དྲིན་དང་། རང་གིས་འབད་བརྩོན་ཡུན་རིང་བསྟེན་པའི་ངལ་བ་ཁྱད་བསད་ཀྱི་འབྲས་བུ་ཞིག་ལས་གྲུབ་པའི་ཕུང་པོ་ཞིག་ཀྱང་རེད། །
གངས་ལྗོངས་དྲན་པའི་གླུ་དབྱངས།

གངས་ལྗོངས་དྲན་པའི་གླུ་དབྱངས།


  དེབ་འདི་ནི་༡༩༩༦ལོར་Mysore,Kanataka South India་ནས་དཔར་དུ་བསྐྲུན་པ་ཞིག་རེད། དེབ་འདི་ནི་རང་གིས་མཚན་ཉིད་སློབ་སྦྱོང་བྱེད་པའི་ཞོར་དུ་༡༩༩༤ནས་༡༩༩༦ལོའི་བར་དུ་བྲིས་པའི་སྲོལ་རྒྱུན་སྙན་ཚིག་རིགས་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་ཅིག་རེད། དེབ་འདི་ནི་རང་གི་དཔེ་དེབ་འདོན་ཐེངས་དང་པོ་དེ་ཡིན་པས་དཔར་སྐྲུན་གྱི་ཆུ་ཚད་མཐོན་པོ་མིན་ཡང་། རང་གི་རེ་བ་ལས་འགོངས་པ་ཞིག་ལ། བོད་རིགས་སྲོལ་རྒྱུན་སྙན་ངག་གི་གནས་ཚད་མཐོན་པོ་ཡོད་པའི་ན་གཞོན་རྩོམ་པ་པོ་ཁག་ཅིག་གིས་གདེང་འཇོག་ཡག་པོ་ཐོབ། དེ་ལ་བརྟེན་ནས་རང་གིས་རྩོམ་འབྲི་མུ་མཐུད་བྱེད་པའི་རྨང་གཞིའི་བསམ་བློའང་རྙེད། དེབ་འདིར་གཞན་ཡུལ་གྱི་དཀའ་སྡུག་ཁག་ཅིག་གིས་མཚོན་འཆར་སྣང་རིགས་དང་། བསྟོད་ཚིག་རིགས། དེ་མིན་རང་ཡུལ་གྱི་འཐུས་ཤོར་ཁག་ཅིག་བཅོས་སྒྱུར་བྱས་ཏེ་ཡར་རྒྱས་ལ་ཁ་ཕྱོགས་དགོས་པའི་སྐུལ་འདེད་ཀྱི་རྣམ་པ་དོད་པའི་རྩོམ་ཐུང་ལྷག་བསམ་རྣམ་དག་གིས་འཚང་འབྱིན་བྱས་པའི་རྩོམ་ཡིག་ཀྱང་འདུས་ཡོད། །  
གངས་ཐིགས།

གངས་ཐིགས།


  དེབ་འདི་ནི་༢༠༡༡ལོར་Vajra publicationབལ་ཡུལ་ནས་དཔར་དུ་བསྐྲུན་པ་ཞིག་ཡིན། །འདི་ནི་ཉེ་དུས་སུ་བྲིས་པའི་རྩོམ་ཡིག་ཐོར་བུ་རིགས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་། དེབ་འདིའི་ནང་རྩོམ་ཐུང་བཅུ་གྲངས་ཙམ་བསྡུས་ཡོད་པ་རེད། དེ་དག་ལས། མཆོད་ཚིག་སྐལ་བཟང་དགའ་སྐྱེད། ཚིགས་སུ་བཅད་པ་ཏམ་བུ་རའི་སྒྲ་དབྱངས། ལྷ་མིན་གཡུལ་ལས་རྒྱལ་བའི་རྔ་སྒྲ། གཤེན་བསྟན་དར་རྒྱས་གླིང་། གྲགས་ཅན་སྙན་ངག་པ་ཐེ་ཀོར་རྗེས་སུ་དྲན་པ།ཞེས་པའི་རྩོམ་ཐུང་དེ་དག་བསྟོད་པ་ཚིགས་སུ་བཅད་པ་སྲོལ་རྒྱུན་སྙན་ངག་གི་ལུགས་སུ་བྲིས་པ་ཞིག་ཡིན་པ་དང་། བརྙན་སྡེར་ནང་གི་ཆ་འཕྲིན་ཐུང་ངུ་། ཞེས་པ་རང་གཞན་ཤེས་ཡོན་གྱི་གོ་རྟོགས་གོང་མཐོར་ཡོང་བའི་ཆ་རྐྱེན་དུ་དམིགས་ནས་བྲིས་པ་ཞིག་ཡིན། ལེ་ཚན་ཐུང་ངུ་གཞན་རྣམས་ནི་གཞན་གྱིས་སྐུལ་མ་བྱས་པའི་གཞས་ཚིག་སོགས་ལས་གྲུབ་པའི་དེབ་ཅིག་རེད། །
མཁའ་ཀློང་གསང་མདོས་ཀྱི་སྒོ་ནས་བོད་ཀྱི་མདོས་གླུད་ལ་དཔྱད་པའི་གཏམ་སྐྱ་རེངས་གསར་པ།

མཁའ་ཀློང་གསང་མདོས་ཀྱི་སྒོ་ནས་བོད་ཀྱི་མདོས་གླུད་ལ་དཔྱད་པའི་གཏམ་སྐྱ་རེངས་གསར་པ།


  དེབ་འདི་ནི་སྤྱི་ལོ་༢༠༠༣ལོར་བྲིས་པ་ཞིག་ཡིན། དེ་སྔོན་དཔར་དུ་བསྐྲུན་པའི་གོ་སྐབས་མ་བྱུང་བས་རང་གར་ལུས་ཡོད། བརྗོད་གཞི་ནི་གནའ་སྔ་མོའི་བོན་ལུགས་པ་རྣམས་ཀྱིས་གཏོ་ཆོག་མདོས་ཞེས་པའི་ཆོ་ག་དེ་ཇི་ལྟར་སྤེལ་གྱིན་ཡོད་པ་དང་ཆོི་ག་དེའི་ཤན་ཞུགས་ཐེབས་པའི་མི་རྣམས་ཀྱི་ནང་སེམས་ཀྱི་འདུ་ཤེས་དང་། སྤྱོད་ལམ། དེ་བཞིན་དད་མོས་བྱེད་ཚུལ་གྱི་རྣམ་པ་དང་། ཆོ་ག་མཁན་དེ་དག་གིས་བྱེད་སྒོ་དེར་ཇི་ལྟར་འཇུག་པའི་ཚུལ་དང་། ཆོ་གའི་ནང་དོན་གྱི་ལྷ་དང་འདྲེའི་ཕན་གནོད་ཀྱི་འདུ་ཤེས། དེས་བོད་ཀྱི་དམངས་ཁྲོད་དུ་བག་ཆགས་གཏིང་ཟབ་ཀྱི་རང་བཞིན་ཇི་ལྟར་མངོན་པ་དང་། ད་ལྟའི་བར་ཇི་ལྟར་རྒྱུན་འཛིན་བྱས་ཡོད་ཚུལ་རྒྱས་པར་བརྗོད་པའི་དཔྱད་རྩོམ་རྒྱས་པ་ཞིག་ཡིན་པས་རྗེས་སུ་དཔར་སྐྲུན་ཞུ་ཆོག་ཏུ་ཡོད་པའི་མ་ཡིག་ཅིག་རེད། ། 
ཞི་ལྷག་དང་བསམ་གཟུགས་ཀྱི་ཟིན་བྲིས་རྣལ་འབྱོར་དགྱེས་པའི་དགའ་ཚལ།

ཞི་ལྷག་དང་བསམ་གཟུགས་ཀྱི་ཟིན་བྲིས་རྣལ་འབྱོར་དགྱེས་པའི་དགའ་ཚལ།


    ཞི་ལྷག་དང་བསམ་གཟུགས་ཀྱི་ཟིན་བྲིས་རྣལ་འབྱོར་དགྱེས་པའི་དགའ་ཚལ།   དེབ་འདིའི་བརྗོད་བྱ་ཞི་གནས་དང་ལྷག་མཐོང་གི་སྐོར་ཡིན་ཞིང་།ཞི་གནས་ནི་མདོ་སྔགས་རྫོགས་གསུམ་གྱི་གཞུང་མང་པོ་གཞིར་བཞག་ནས་ལུང་དྲངས་ཏེ་དེ་ལ་འགྲེལ་བཤད་བྱས་པ་དང་།ལྷག་མཐོང་གི་སྐོར་ལ།འཇིག་རྟེན་ལས་འདས་པའི་ལྷག་མཐོང་གི་ཕྱོགས་གཙོ་བོར་མདོ་ཕྱོགས་ལ་བརྟེན་ནས་འགྲེལ་བཤད་བྱས་པ་དང་། འཇིག་རྟེན་པའི་ལྷག་མཐོང་བསམ་གཏན་དང་གཟུགས་མེད་ཀྱི་སེམས་ཀྱི་སྐོར་ནི་སྤྱིར་སྟངས་ཐུན་མོང་གི་རྣམ་གཞག་ཅིག་ཡིན་ནའང་།གཞུང་དོན་ཇི་བཞིན་པར་གོ་དཀའ་བའི་གནད་དུ་གྱུར་པས་མཁས་པའི་བཞེད་ཕྱོགས་ལ་ཞིབ་ཕྲའི་དཔྱད་པ་བྱས་ཚེ་བཞེད་མཚམས་ཅི་རིགས་ཡོང་གི་ཡོད་པར་སོང་།སྐབས་འདིར་ཚད་ཐུབ་ཀྱི་ལུང་དང་འབྲེལ་ནས་རང་ནུས་ལ་ལྟོས་པའི་དགག་བཞག་སྤོང་གསུམ་སྐོར་རྒྱས་པར་བཤད་པའི་བསླབ་པ་གསུམ་གྱི་ནང་ནས་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པའི་སྒོམ་རིམ་སྐོར་གྱི་འགྲེལ་བཤད་མཐའ་དཔྱོད་ཅིག་ཏུ་གྱུར་ཡོད།འདི་ནི་རྩོམ་པ་པོ་རང་ཉིད་ཀྱིས་བྲིས་པའི་དེབ་ཀྱི་ནང་ནས་དེབ་གྲངས་བརྒྱད་པ་དེ་ཡིན་ཞིང་།དཔར་དུ་བསྐྲུན་ཟིན་པའི་དེབ་ཨང་བདུན་པ་དེ་རེད།ད་ལམ་དེབ་འདི་ནི་༼བོད་དང་ཆོས་བོན་རིག་གནས་འཆར་འགོད་ཁང་ནས་༽༢༠༡༣ལོར་དཔར་དུ་བསྐྲུན་པ་ཞིག་རེད།བསྟན་འགྲོར་ལྷག་བསམ་དཀར་བའི་ཞང་ཞུང་གཟི་རིག་ཚོགས་པའི་སྤྱི་ཁྱབ་ལས་འཛིན་པ་སྦྲ་ཆེན་བེ་ཅོན་ག་ཡུ་མཆོག་ནས་དཔར་བསྐྲུན་མཐུན་འགྱུར་གནང་སྟེ་ཁོང་གིས་སློབ་གཉེར་སྡེ་ཚན་ཁག་ཅིག་ལ་སློབ་གཉེར་གྱི་རམ་འདེགས་ཆེད་དུ་འགྲེམས་སྤེལ་གནང་འདུག་པ་དང་། དཔར་སྐྲུན་ཕྱག་ལས་སོགས་ཀྱི་རོགས་རམ་སྤ་ཚང་དགེ་བཤེས་བསམ་གཏན་རྒྱལ་མཚན་མཆོག་ནས་གནང་བར་བརྟེན་ད་ལམ་གཟུར་གནས་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཤམས་ཐུབ་པ་བྱུང་བར་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །རྩོམ་པ་པོས་ཨ་རིའི་ནུབ་ཕྱོགས་ཁེ་ལི་ཕོར་ནི་ཡ་ནས་བྲིས། །