མདུན་ངོས། » https://www.dangsongnote.com/teachers.html » སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག

སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག

སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག

 

 

༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་ནི།

གངས་རིའི་རྭ་བས་བསྐོར་བའི་ལྗོངས་ཆེན་པོའི་བར་ཁམས་ཁུལ་ཆུ་བཞི་སྒང་དྲུག་གི་ནང་ཚན་རྔུལ་རྫ་ཟལ་མོ་སྒང་གི་ཁོངས་གཏོགས་རྡ་ཧེ་ཞེས་པའི་ས་ཡི་ཐིག་ལེར་བེ་ཅོན་གྱི་དཔོན་རྒྱུད་དུ་སྐུ་འཁྲུངས། སྐུ་མཆེད་བདུན་གྱི་ནང་ནས་དྲུག་རབ་བྱུང་ཡིན་ལ། དེ་དག་ཐམས་ཅད་མཁས་བཙུན་བཟང་གསུམ་མངའ་བ་ཤ་སྟག་ཡིན།

    ཆུང་ངུ་ནས་བློ་རྩེ་རྣོ་ཞིང་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ། སྐུ་གཞོན་དུས་མཆོག་གི་རྟགས་མཚན་བཟང་པོ་ཤར་བས་ར་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོས་ཆོས་ལྡན་སྐུ་ཕྲེང་དང་པོའི་ཡང་སྲིད་དུ་ངོས་འཛིན་གནང༌། ཁོང་ཉིད་སྐུ་ན་ཆུང་ངུའི་དུས་ཚོགས་སུ་གནས་བརྟན་བཅུ་དྲུག་ཚར་གཅིག་གསུངས་པ་ཙམ་གྱིས་དབུ་ནས་མར་ངག་སྐྱོར་གནང་ཐུབ་པ་མ་ཟད། མཇུག་ནས་ཡར་ལའང་ཐུགས་ཐོག་གསལ་པོར་འཁྲུངས་པའི་ཚུལ་འདི་ལ་བརྟེན་ནས་གནས་བརྟན་བཅུ་དྲུག་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཟབ་མོ་མངའ་བ་དཔོགས་ནུས། ཁོང་གི་སྐུ་ཕྲེང་གོང་མ་ནི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་འོས་གཞིར་ཕེབས་པ་དང༌༑ སྐྱེས་མཆོག་ཁྱད་འཕགས་ཏུ་མངའ་གསོལ་བྱུང་སྟེ་མཁས་དང་གྲུབ་པའི་མཛད་ཕྲིན་རྒྱས་པ་ཞིག་བྱུང་ཡོད།

    ཁོང་དགུང་ལོ་བདུན་པར་༧སྐྱབས་རྗེ་ཕ་བོང་ཁ་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་༧སྐྱབས་རྗེ་རིན་པོ་ཆེས། ཁྱེད་ཀྱི་མཚན་ནི་ངས་དགའ་ལྡན་གསེར་གདུང་ཆེན་མོ་ནས་རྙེད་བྱུང༌། ཞེས་གསུངས་ཏེ་མཚན་ཡང་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་ཅེས་བསྩལ་གནང་མཛད་པ་ནས་བཟུང༌། བསླབ་ཁྲིམས་རྣམས་མིག་འབྲས་བཞིན་བསྲུང་བར་མཛད།

    དགུང་ལོ་༡༦ཐོག་དབུས་སུ་ཕེབས་ཏེ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་བགྲང་བྱ་ཉི་ཤུ་ཙམ་གྱི་རིང་གཞུང་ཆེན་བཀའ་པོད་ལྔར་གུས་རྟག་སྦྱོར་བས་གསན་བསམ་མཐར་ཕྱིན་གནང་བ་མ་ཟད། སྐབས་དེ་དུས་འཚོ་ཞིང་གཞེས་པའི་མཁས་གྲུབ་དུ་མའི་དངོས་སློབ་ཏུ་གྱུར་ཏེ་དེ་དག་གི་དྲུང་ནས་དབང་ལུང་མན་ངག་དང༌། གདམས་ཟབ་སྙན་བརྒྱུད་རྒྱས་ཚང་གནད་དུ་སྨིན་པ་ཞུས་ཏེ་ཐུགས་ཉམས་སུ་བསྟར། དེ་དང་ཆབས་ཅིག་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་དངོས་སློབ་གྲ་ཡབ་རྫོང་གསར་བཤད་གྲྭའི་མཁན་པོ་བློ་བཟང་རྒྱལ་མཚན་གྱི་དྲུང་ནས་བོད་ཀྱི་བརྡ་སྤྲོད་རིག་པ་དང༌། སྙན་ངག སྡེབས་སྦྱོར། ལེགས་སྦྱར་གྱི་སྒྲ་གཞུང༌། སྐར་རྩིས་བཅས་ཐུན་མོང་རིག་གནས་སྐོར་ལའང་གསན་བསམ་མཐར་སོན་གནང་སྟེ་སྙན་ངག་གི་ལྗགས་རྩོམ་དགེ་རྒན་ལ་གཟིགས་འབུལ་གནང་སྐབས་ཚད་མཐོའི་བསྔགས་བརྗོད་ཕུལ་བ་སོགས་ཀྱིས་མཚོན་གནས་ལྔ་རིག་པའི་པཎ་ཊི་ཏ་ཆེན་པོར་གྱུར། རྒྱལ་བའི་མཚན་རྟགས་བཞེས་གནང་མཛད་སྐབས་གདན་སའི་ནང་ཕྱག་དཔེ་མཁས་གྲས་རྣམས་ཀྱིས་རྟགས་གསལ་འབུལ་དགོས་པས་དེའི་གྲས་སུ་ཕེབས་ནས་རྟགས་གསལ་ཡང་ཕུལ་བར་མཛད།

    དེ་རྗེས་དུས་འགྱུར་སྐབས་རིན་པོ་ཆེས་གསན་བསམ་བྱས་པའི་སྙིང་པོ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ནས་ཚེ་དང་བསྒྲུབ་པ་མཉམ་པར་གནང་བཞེད་སྔར་ནས་ཡོད་པ་བཞིན་བཅུད་ལེན་གྱི་གདམས་ངག་ཞུས་ཏེ་རི་ཁྲོད་དུ་བཞུགས་རྐྱང་གནང་རྒྱུའི་ཐུགས་ཐག་བཅད་ནས་ཟླ་བ་གསུམ་གྱི་རིང་ཁམས་ཀྱི་ཟས་ལ་མ་བརྟེན་པར་རི་ཁྲོད་དུ་ཕེབས་ནས་མེ་ཏོག་བཅུད་ལེན་ཁོ་ནར་བཞུགས་པས། དེ་སྐབས་ཐུགས་རིག་གསལ་པོ་དང༌། དགེ་སྦྱོར་དང༌། ཉམས་ལེན་ཤིན་ཏུ་འཕེལ་པོ་བྱུང་ཡོད་པར་ཞལ་ལས་དངོས་སུ་གསུངས། དེ་ནས་བཅུད་ལེན་གྱི་མཛད་སྤྱོད་དེ་ལྟ་བུ་ནི། དེ་སྐབས་ཀྱི་ཁྲིམས་དང་མ་མཐུན་པས། ལྷ་སར་སྦྱིན་བདག་ཅིག་གི་ཁྱིམ་དུ་གནས་སྤོས་གནང་དགོས་བྱུང༌། རིག་གནས་གསར་བརྗེ་ཆེན་པོའི་དུས་རིན་པོ་ཆེ་ལམ་རིམ་བློ་སྦྱོང་དང༌། གསང་བདེ་འཇིགས་གསུམ་གྱི་བསྙེན་ཆེན་སྐྱེལ་གནང་མཛད་པ་སོགས་ཀྱིས་སྔར་གསན་བསམ་ཇི་སྙེད་མཛད་པ་ཐམས་ཅད་གནད་ལ་ཕིགས་པའི་ཉམས་ལེན་རྩེ་གཅིག་ཏུ་བསྐྱངས་ཏེ་བགྲང་བྱ་ཉི་ཤུ་ལྷག་ཙམ་གྱི་རིང༌། ཞབས་ལ་ཚབས་ཆེའི་བསྙུན་གཞི་ཡོད་པའི་ཟོལ་གྱིས་སྐུ་མཚམས་དམ་པོར་བཞུགས་ནས་སྒོ་ཐེམ་ཕན་བརྒལ་བར་མ་མཛད་ཅིང་ཆབ་སང་ཡང་མི་གཞན་གྱིས་སྒོར་འཕུད་དེ་བཞུགས་པར་མཛད། རྗེས་སུ་གུ་ཡངས་ཅུང་ཕྱིན་དུས་སྒོར་ཕེབས་ཐོན་གནང་སྐབས་ཞབས་འགྲོས་ཀྱང་འཁྱར་འཁྱོར་ཙམ་ལས་ཕེབས་ཐུབ་ཀྱི་མེད་ལ། ཞལ་ར་དང་ཨོག་ཚལ་སོགས་ཤིན་ཏུ་རིང་པོ་ཆགས་ཡོད་འདུག

    ཕྱིས་སུ་༡༩༨༠ནང་སྐོར་གུ་ཡངས་ཅུང་བྱུང་སྐབས་གཞུང་གི་དཔོན་རིགས་ཁག་ཅིག་དང༌། ཁོང་གི་ཆོས་གྲོགས་གནད་ཡོད་མི་སྣ་འཕགས་པ་ལྷ་དང༌། ར་སྒྲེང་རིན་པོ་ཆེ། རི་འབུར་སྤྲུལ་སྐུ་བཅས་ཀྱི་བརྒྱུད་ནས་གཞུང་གི་ལས་ཁུངས་ཆབ་སྲིད་གྲོས་ཚོགས་དང༌། རིག་གཞུང་ལྷན་ཁང་ཁག་ལ་འཛུལ་ཞུགས་གནང་དགོས་པའི་འབོད་སྐུལ་ཐེངས་མང་ཞུས་ཀྱང༌། རིན་པོ་ཆེས་ཕྱག་ལས་དེ་གནང་ཁོམ་མ་བྱུང་ཡང་། ཆོས་དད་གུ་ཡངས་ཅུང་ཐོབ་རྗེས་ལོ་ལྔའི་རིང་ལ་བོད་དུ་བཅུད་ལྡན་གྱི་སློབ་ཚོགས་མཐའ་ཡས་པ་ལ་དབང་ལུང་མན་ངག་ཞལ་གདམས་རྗེས་གནང་སོགས་ཀྱི་བཀའ་དྲིན་བླ་ན་མཐོ་བར་བསྩལ།

    ༡༩༨༥ལོར་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་དུ་གནས་སྐོར་སོགས་ཀྱི་ཆེད་དུ་ཕེབས་ནས་གནས་ཡུལ་གྱི་འབྲེལ་ཡོད་རྣམས་ཀྱིས་དེ་སྔོན་གསན་བསམ་ཉམས་བཞེས་གནང་བ་རྣམས་གཙོ་བོ་གདན་ས་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཆད་སྤེལ་གྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་དགོས་སྐོར་རེ་འདུན་ཞུས་པ་ལྟར་རིན་པོ་ཆེ་ཁོང་ཉིད་ཡབ་གཞིས་གངས་ལྗོངས་སུ་ཕེབས་རྒྱུའི་ཐུགས་འདུན་རིང་དུ་དོར་བར་མཛད།    

    དེ་རྗེས་བགྲང་བྱ་ཉི་ཤུ་ཙམ་གྱི་རིང༌། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་བཞུགས་ནས་བླ་སྤྲུལ་དགེ་བཤེས་རྣམ་པ་དང༌། དགེ་འདུན་སྟོང་ཕྲག་ཙམ་ལ་གཞུང་ཆེན་བཀའ་པོད་ལྔ་གཙོ་བོར་གྱུར་པའི་དབང་ལུང་མན་ངག་ཟབ་ཁྲིད་སོགས་ཀྱིས་གདུལ་བྱའི་རེ་འདོད་ཡོངས་སུ་བསྐངས་པར་གནང་བ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཤར་ནུབ་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་ཆེན་པོས་གང་ལ་གང་འདུལ་གྱི་གདུལ་བྱར་འཆད་སྤེལ་མཛད། རིན་པོ་ཆེ་གཞུང་བཀའ་པོད་ལྔ་དང༌། བོད་ཀྱི་རིག་གནས་ཆེ་ཆུང་ཀུན་ལ་མཁས་ཤིང་། རྒྱ་བོད་ཧོར་སོག་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་རྣམས་སུ་ད་ཕན་དགེ་སློང་དང༌། དགེ་ཚུལ་གྲངས་སྟོང་ཕྲག་ཙམ་བསྒྲུབས་གནང་བས་མཚོན་གདུལ་བྱ་རྣམས་སོ་སོར་ཐར་པའི་ལམ་དུ་འཛུད་པར་མཛད་པའི་བཀའ་དྲིན་སྩོལ་བར་གནང༌། སྐུ་ཚེའི་སྨད་དུ་དོལ་རྒྱལ་ཆེན་དུ་གྲགས་པ་དེའི་དད་མོས་དང་འབྲེལ་བ་གཙང་མར་བཅད་པར་མཛད་དེ་སློབ་མ་རྣམས་ལ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གནང་། ཁོང་གི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ནི་རྒྱས་པར་ཕྱོགས་ཀྱི་སློབ་མའི་མྱོང་བ་ལས་ཉི་འོད་ལྟར་གསལ།

    མདོར་ན་རིན་པོ་ཆེ་མཆོག་ནི། ཐོག་མར་བོད་དུ་གདན་སར་གཞུང་ཆེན་ཁག་དང༌། རིག་པའི་གནས་ལ་བགྲང་བྱ་ཉི་ཤུ་ལྷག་གསན་བསམ་གནང་ཞིང༌། དུས་འགྱུར་སྐབས་ལོ་ངོ་ཉི་ཤུ་ཙམ་ལ་སྔར་གསན་བསམ་གནང་བ་རྣམས་ཉམས་བཞེས་ཡང་དག་པར་བསྐྱངས། དེ་ནས་བགྲང་བྱ་ཉི་ཤུ་ལྷག་གི་རིང་གཞན་ལ་འཆད་སྤེལ་གྱིས་མཚོན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟླ་མེད་པ་གནང་སྟེ། མཐར་གནས་དུས་ཐམས་ཅད་སྒྲིབ་གཡོགས་མེད་པར་གསལ་བའི་ངང་ནས། ནམ་རྒྱུན་ཐུགས་ཉམས་སུ་བསྟར་བའི་ཉམས་ལེན་གསང་བ་སྔགས་ཀྱི་བསྐྱེད་རྫོགས་བདག་འཇུག་རིམ་པ་ཁག་གིས་མཚོན་པའི་སྒྲུབ་མཆོད་ཀྱི་ཕྱག་ལེན་རྣམས། ཉེ་བའི་སློབ་མ་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་དགེ་འདུན་པ་གྲངས་མང་བ་ཚོགས་པའི་དབུས་སུ་རྣམ་གྲངས་མང་ལ་ཕུན་སུམ་ཚོགས་པར་གྲུབ། སྐུ་ཚེའི་རིང་ལ་བསྟན་པ་དང་འགྲོ་བའི་དོན་ལ་རླབས་ཆེན་གྱི་མཛད་བཟང་ཉི་ཟླ་ལྟར་ཁྱབ་པར་མཛད་དེ་ཐུགས་ཀྱི་གཏིང་ནས་ཚད་མེད་པའི་དགྱེས་པ་ཆེན་པོའི་ངང་ནས་ཕྱི་ལོ་༢༠༡༥ལོའི་སྤྱི་ཟླ་༩ཚེས་༡༡ཉིན་དུས་ཚེས་དགེ་བར་བླ་བྲང་མདོ་སྔགས་རོལ་པའི་ཚལ་དུ་ཐུགས་ཏིང་ངེ་འཛིན་གྱི་ངང་ནས་རེ་ཞིག་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་བསྟན་པ་བཅས་ནི་རྣམ་ཐར་ཟུར་ཙམ་དགེ་བཤེས་རྣམ་རྒྱལ་གྱིས་བྲིས།། །།