མདུན་ངོས། » གསར་རྩོམ། » གསར་རྩོམ། » ཉིན་ཐོ་ཞིག

ཉིན་ཐོ་ཞིག

 

ཉིན་ཐོ་ཞིག

བལ་ཡུལ་རྒྱལ་ཁབ་ཀྱི་ཐོབ་ཤོར།
ངས་སྙན་ངག་དུ་མ་ཞིག་གི་ལམ་ནས་རྒྱ་བོད་ཀྱི་སྙན་ངག་པ་མི་ཉུང་བ་ཞིག་མཇལ་མྱོང༌། དེར་བརྟེན། ངའི་སེམས་སུ་རང་ཉིད་སྙན་ངག་པ་ཞིག་ཡིན་པའི་ཚོར་བ་ཤིན་ཏུ་ཆུང་ལ། ངས་ད་ཕན་རང་ཉིད་སྙན་ངག་པ་ཞིག་ཡིན་པར་གླེང་མྱོང་མེད་ལ། སྙན་ངག་གི་བགྲོ་གླེང་ཁྲོད་དུ་སྙན་ངག་གི་འགྲན་རྩོད་ལ་དེ་བས་ཀྱང་ཞུགས་མ་མྱངས་མོད། འོན་ཀྱང་མི་མང་པོ་ཞིག་གིས་ང་ལ་སྙན་ངག་པའི་མིང་ནས་འབོད་ཀྱིན་འདུག་པ་མ་ཟད། རྩོམ་གྲོགས་མི་ཉུང་བ་ཞིག་གིས་ང་ལ་སྙན་ངག་འབྲི་བར་སྐུལ་མ་བྱེད་བཞིན་འདུག་པས་ངའི་སྨྱུག་ཁ་དེ་ཆེད་དུ་བཙུགས་དགོས་པ་བྱུང༌། འོན་ཀྱང་ངའི་ཚིག་འདི་དག་ནི་སྙན་ངག་ཏུ་ཕལ་ཆེར་འགྱུར་མི་སྲིད་ལ་དེ་ལྟར་འགྱུར་བའི་ཡིད་ཆེས་ཀྱང་མེད། ལྷུག་རྩོམ་ཞིག་གི་བརྗོད་བྱ་འཚོལ་ཏེ་བསམ་གཞིགས་ཆུང་ངུ་ཞིག་དང་བཅས་གྲྭ་ཤག་གི་ཕྱིར་ཐོན་དུས། ང་སྡོད་སའི་ཁོར་ཡུག་སྟེ།
སྐྱ་ཐིང་ངེར་སྣང་ཡོང་བའི་ཐལ་མདོག་གིས་རྒྱ་གྲོང་དང་ཁོར་ཡུག་ཕལ་མོ་ཆེ་ཡོངས་སུ་བཀླུབས་ཤིང༌། རེ་བས་ཕོངས་པའི་མི་རྣམས་ཀྱི་མིག་ཟུངས་གྱེན་དུ་ལྟ་བཞིན་སྣང་རྒྱུ་ནི་ཕལ་ཆེར་འོད་སྣང་འཚེར་བའི་ཉི་འོད་ཉག་ཅིག་རེད། དེ་ནི་ཕྱོགས་དང་རིས་སུ་མ་ཆད་པས་མཐོ་དམན་དང་དྲག་ཞན་ཀུན་ལ་བྱམས་བརྩེའི་དྲོད་འཁོལ་ཡོངས་སུ་སྦྱིན་བཞིན་འདུག ཡར་ལྟ་དང་མར་ལྟ་ཐེངས་གཅིག་བྱས་དུས་ཤིན་ཏུ་མངོན་ཆེ་བ་ནི་ཀ་ཐ་མན་ཌུའི་ཐང་ཆེན་དཀྱིལ་གྱི་རྡོ་རིང་དེ་རེད། དེའི་ཁ་དོག་ནི་ཐལ་ཁ་ཡིན་ཞིང༌། དུས་རྟག་ཏུ་སྐྱ་ཧྲང་ངེར་སྣང་བ་ལས་ལྟ་སྡུག་གི་ཚོར་བ་གང་ཡང་མི་སྦྱིན་པས་འཚོ་བའི་ཁྲོད་དུ་རིན་ཐང་ཅི་ཡང་མེད། དུས་གཏན་དུ་མཐོང་ཡོང་རྒྱུ་ནི། སྐྱ་སེར་འདྲེས་མའི་རྟགས་འཆང་བའི་སེར་མོ་བ་ཉུང་ངུ་འདུས་སྡོད་བྱ་སའི་དགོན་ཆུང་བརྒྱ་ཕྲག་བརྒལ་བ་ཡོད་པ་དག་ནི་བལ་ཡུལ་གྱི་ཐང་ཆེན་དང་རི་སུལ་དུ་སིལ་བུར་འཐོར་བའི་སྲན་མ་སྤར་བ་གང་དང་གཉིས་སུ་མེད།
སྣུམ་འཁོར་ཆེ་ཆུང་ཐམས་ཅད་སྣུམ་མཛོད་སྟོང་པ་རེའི་འགྲམ་དུ་ཤེལ་གྱི་ཕྲེང་བ་བསྒྲིགས་པ་དང་འདྲ་བར་ཉིན་གྲངས་དུ་མར་གྲལ་བསྟར་བསྒྲིགས་ཏེ་འགྲེང་བཞིན་མཆིས།
གཡས་གཡོན་མི་རྣམས་ཀྱི་མགྲིན་པ་ནས་རང་བཞིན་གྱིས་གྲག་ཡོང་བ་ནི། མེད་པའི་སྒྲ་སྟེ། སྣུམ་མེད། ཆུ་མེད། གློག་མེད། རྒེ་སི་མེད། ཅེས་ཤེས་རབ་སྙིང་པོ་བཏོན་པ་ལྟར་འུར་ཞིང༌། མེད་མུག་གི་ཀུ་ཅོ་ནི་མི་རྣམས་ཀྱི་རྣ་བར་ལྷང་ལྷང་ལྡིར།
ད་དུང་སྐད་ངན་ཡ་མ་ཟུང་ཞིག་ཤོར་ཡོང་བའི་ཕྱོགས་སུ་བལྟས་དུས་མགོ་ན་ལྕགས་ཞྭ་གྱོན་པའི་དཔུང་དམག་རུ་ཁག་ཅིག་དང༌། ལག་ན་དར་དམར་ཕྱར་བའི་མི་མང་ཁག་ཅིག་གིས་ཟིང་ཟིང་ལང་ལོང་བྱེད་ཅིང་འདུག ཉེ་བར་བཅར་ནས་བལྟས་དུས། བལ་པོའི་མི་སེར་རྣམས་ཀྱིས་ཤོག་ཁག་དབར་གྱི་ཐོབ་ཐང་རྩོད་ལེན་གྱི་འཁྲུག་རྩོད་རེད། མི་རེའི་ལག་ན་རྡོ་དང་དབྱུག་པ། དེ་བཞིན་མེ་མདའི་ལྕགས་འོད་ཀྱང་ཁྲ་ལམ་མེ་འདུག གཡས་གཡོན་ན་འགྲེང་བཞིན་པ་རྣམས་ཀྱང་ཀུ་ཅོ་དྲག་ཏུ་བྱེད་ཅིང་ལ་ལ་འབྲོས་ཤིང་ལ་ལ་འདར་བཞིན་གྲོག་མའི་ཚང་འཐོར་བ་ལྟར་ཡོམ་ཡོམ་བྱེད། རྡོ་དང་དབྱུག་པ་གང་ཞིག་ཕོགས་པའི་མི་འགའ་ཞིག་ངུ་སྐད་ཀྱང་ཅི་ཆེ་ཡོང༌། ད་གཟོད་དམག་དཔུང་གི་གྲས་ནས་མི་གཅིག་རྨས་སྐྱོན་ཆེན་པོས་ས་ལ་འགྱེལ་སོང༌།
ཨ་ཙི། ད་ནི་ཅི་བྱ་བརྟོལ་མེད་དུ་གྱུར། དམག་མི་གཞན་གཉིས་ཀྱིས་ལུས་ཀྱི་སྟོད་སྨད་གཉིས་ནས་དམ་པོར་བཟུང་སྟེ་འཁྱེར་བཞིན་པའི་ངང་ཚུལ་ནི་རྟ་ཡི་བང་རྩལ་ལ་འགྲན། ཆུ་ཚོད་གཅིག་ཙམ་གྱི་སྔོན་ནས་སྣུམ་འཁོར་བཀག་ཟིན་པས་རྨས་སྐྱོན་ཕོགས་པའི་མི་དེ་ནམ་སྐྱོབས་ཐུབ་པ་སུས་ཤེས། ཨ་ཁ། ད་འགྲིག་མ་སོང༌།
ད་དུང་རྡོ་དང་དབྱུག་པ་རྒྱུན་ཆད་མི་འདུག་པས་ཡར་མར་གྱི་མགྲོན་པོ་ཐམས་ཅད་ལམ་བཀག་ཚར་ན་དོན་ཆེན་པོ་ཡོད་ཀྱང་ཕྱིར་འཐེན་བྱ་རྒྱུ་ལས་གཞན་ཅི།
འདི་ཅི་ཡིན་ནམ་སྙམ་ནས་འདང་རྒྱག་དུས།
གཅིག་བྱས་ན་མིའི་བསམ་བློ་ཡར་རྒྱས་སོང་བ་ཨེ་ཡིན།
ཡང་ན། ཁོར་ཡུག་ཆ་མ་སྙོམས་པའི་སྡུག་བསྔལ་གྱིས་བཅིངས་པ་ཨེ་ཡིན། གང་ལྟར་ཐོབ་ཤོར་དང༌། ཐོབ་ཐང་གི་རྩོད་པས་མི་རྣམས་ལ་གདུང་བ་འདི་བྱུང༌།
གཅིག་བྱས་ན། ཁོང་ཚོས་རྒྱལ་ཚོགས་ཀྱི་རྩ་འཛིན་ཡིག་ཆ་ལ་སློབ་སྦྱོང་བྱས་པའམ། ཡང་ན་འ་ཆད་འུ་ཐུག་པའི་འཚོ་བས་སྐུལ་ལྕག་ཐེབས་པ་ཞིག་ཨེ་ཡིན།
ཁོང་ཚོའི་རྩོད་པ་ནི་འགྲོ་བ་མི་ཡི་ཐོབ་ཐང་རང་རེད་འདུག
ཨོ། གཅིག་བྱས་ན། སངས་རྒྱས་ཀྱིས་གསུངས་པ་སྟེ། ཐེག་པ་ཆེན་པོའི་བསམ་བློ་དེ་བཏང་མ་ཤེས་པས་རེད།
ཁག་མེད་མོད།
འདིའི་སྐོར་སྙན་ངག་པ་ཞིག་དང་བགྲོ་གླེང་བྱུང༌།
ཁོང་ཚོ་ཙམ་དུ་མ་ཟད།
ཆོས་ཀྱི་ལྭ་བ་གྱོན་པའི་མི་སྣ་ཁག་ཅིག
ཁ་བཤད་ཆུ་ཡི་སྦུ་བ། ལག་ལེན་གསེར་གྱི་ཐིགས་པ།
ཟེར། དེ་ཕལ་ཆེར་བདེན་སྲིད།
སྤྱིར་བཏང༌། བྱ་དངོས་ལ་གདེང་འཇོག་བྱེད་མཁན་ཞིག་སྟེ། དེ་ནི་ཁོང་ཚོ་སྟེ། སྙན་ངག་པ།
ཟང་ཟིང་གི་འཚོ་བ་སྣ་ཚོགས་འཁྲིགས་པའི་ལྡུམ་རར།
ངོས་འཛིན་དང་གདེང་འཇོག་གི་ཚོར་བས་འཚར་ལོངས་བྱུང་བའི་སྙན་ངག་གི་བུང་བ་ཁྱུ་ཞིག
རྩོམ་རིག་གི་རྒྱལ་ཁམས་སུ་ཉུལ་བཞིན་པའི་ཚེ་ན། རྨོངས་དད་དང༌། གཡུང་པོ། གཡོ་སྒྱུ། ཁྱད་གསོད། རྨོངས་ཞེན། རུལ་སུངས་སོགས་ཀྱི་རིགས་རྒྱུད་ལས་གྲོལ་བའི་འབུ་སྦུར་དེ་དག་སྦྲང་མདུང་རྣོན་པོས་ཅི་དགར་བརླག་བཞིན་འདུག་ཅེས་ཟེར།
ད་དུང་ཁོང་ཚོས་འགྲེལ་བརྗོད་བྱས་པ་ཞིག་ལ།
ཁོང་ཚོའི་ཁོར་ཡུག་ནི་གོ་ལ་ཡིན་ལ།
ཕལ་ཆེར་ནམ་མཁའ་དང་མཉམ་ཟེར། ཁོང་ཚོའི་ལྟད་མོ་ནི་གླིང་བདུན་ལས་བརྒལ་ཟེར་ལ། ཁོང་ཚོའི་གྲོགས་པོ་ནི་དྲང་བདེན་ཡིན་པར་བཤད།
ཁོང་ཚོའི་ལྟ་བ་ནི་བདེན་པའི་རྒྱབ་ལངས་རེད་ལ། ཁ་གཏད་ནི་གཡོ་སྒྱུ་ཁྲམ་གསུམ་ཡིན་ཟེར།
དེའི་ཕྱིར། ཁོང་ཚོ་ནི། དུས་གཏན་དུ་སྲིད་དབང་སྒེར་གཅོད་ཀྱི་བ་དན་འཕྱར་ནས་ཀུ་ཅོ་སྒྲོག་པའི་ཧམ་སེམས་ཅན་ས་དམ་ཧ་སིན་གྱི་ཁ་གཏད་དུ་ལངས་འདུག་ལ།
ཁོར་ཡུག་ཏུ་ཞི་བདེ་བརླག་པའི་འཇིགས་སྐུལ་རིང་ལུགས་པ་ཨོ་སོ་མོ་བྷིན་ལྟ་བུ་དགྲ་བོར་བཟུང་འདུག
ད་དུང་ཁོང་ཚོ་ནི་འཛམ་གླིང་ཞི་བདེ་ལ་སེམས་འཁུར་བྱེད་མཁན་ཨ་རིའི་སྲིད་འཛིན་བྷུ་ཤུ་ལྟ་བུར་གདེངས་འཇོག་བྱེད་ཅིང་འདུག་ལ། ཞི་བདེའི་དབུ་ཁྲིད་གྷན་དྷེ་ཆེན་པོ་སོགས་ཀྱི་བསླབ་བྱ་ལ་ཉན་བཞིན་འདུག་མོད།
ད་དུང་འགྲོ་བ་མིའི་རང་དབང་གི་སིམ་པར་བསྔགས་བརྗོད་དང༌། ལྷག་བསམ་གྱི་དཔུང་པ་བརྟན་པོས་ཞུམ་མེད་ཀྱི་སྙིང་སྟོབས་ཆེན་པོས་མདུན་སྐྱོད་བྱ་རྒྱུ་དེ་རེད།
ཁ་བའི་ལྗོངས་ཀྱི་ལྗང་མྱུག་ཁག་ཅིག་གི་དཔེ་མཚོན་རང་བཞིན་ཅན་གྱི་སྙན་ངག་ལས་ཐོན་ཡོང་བ་དེ་དག་ཨེ་ཤེས། དེ་ཡང་། རེབ་གོང་རྡོ་རྗེ་མཁར་གྱི་<གླག་རྒོད།>ལྗང་བུའི་<གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་ལས་དབང༌།> དོན་གྲུབ་རྒྱལ་གྱི་<ལང་ཚོའི་རྦབ་ཆུ་དང༌།><སྤྲུལ་སྐུ།>ནོར་སྡེའི་<དེ་རིང་གི་གསང་བའི་བཞིན་རས།>ལྷག་པ་ཕུན་ཚོགས་ཀྱི་<ཆར་ཤུལ་གྱི་ནགས་ཚལ།> དུད་བླ་བུ་ཆུང་གི་<སྐྱུར་རྩི་དང་འདྲེས་པའི་རྣམ་ཤེས།> འཇུ་སྐལ་བཟང་གི་<རང་ཁྱིམ།>ཚེ་རིང་དོན་གྲུབ་ཀྱི་<སྡེ་པའི་ཀླན་ཀ་>སོགས་རེད་ཟེར།
དེ་དག་ནི་གདོད་མའི་རུས་བརྒྱུད་ཚོ་ཁག་གི་དབང་སྒྱུར་ལམ་ལུགས་དང་། བར་བརྒལ་བཀས་བཀོད་རྒྱུད་འཛིན་དཔོན་ངན་རིང་ལུགས་སོགས་ཀྱིས་འགྲོ་བ་མིའི་རིགས་ལ་རང་དབང་དང་ཚེ་སྲོག་ལ་གདེང་འཇོག་དང་རིན་ཐང་མ་སྤྲད་པར་གྲལ་རིམ་གྱི་དབྱེ་འབྱེད་གནམ་ས་ལྟ་བུ་བྱས་ཏེ་འགྲོ་བ་མིའི་རིགས་ཡིན་ཡང་དུད་འགྲོ་ལྟར་ཡ་ང་བའི་བཀོལ་སྤྱོད་དང་སྡུག་སྦྱོང་མྱངས་སུ་བཅུག་ཡོད་པ་རྣམས་ལ་དགག་རྒྱག་ནན་མོ་གནང་ཡོད་པ་ལྟ་བུ་རེད། །
ད་ནི་སྣང་ཚུལ་གཞན་ཞིག་བརྗོད་ན། མཐོང་བཞིན་པའི་དུ་སྤྲིན་སྟུག་པོའི་གསེབ་ཀྱི་གནས་ཆེན་འཕགས་པ་ཤིང་ཀུན་ནི་གྲོང་ཁྱེར་གྱི་དབུས་སུ་རི་ཡི་རྒྱལ་པོ་མཆོག་རབ་ཇི་བཞིན་བརྗིད་ཉམས་དང་ལྡན་པར་བཞུགས། དྲུང་དུ་མཇལ་དུས་ལྟོགས་སྐོམ་གྱིས་མནར་བའི་སྤྲེའུའི་ཁྱུ་ཚོགས་དེ་དག་མི་ཡི་ལད་མོ་བྱེད་ཅིང་སྣང་། ཕར་བལྟས་ན་ཁོང་ཚོ་ཁྱུ་གཅིག་ལྟ་བུར་སྣང་ཡང་དོན་དུ་ཁ་ཁ་རེད། མིའི་ལག་ནས་ཐོབ་པའི་སིལ་ཏོག་ལ་འཕྲོག་རེས་དང་འཐེན་རྩོད་ཀྱིས་དུས་རྟག་ཏུ་སྡུག་བསྔལ་ཞིང་ཡོད་པ་མཐོང་། ཁོང་ཚོ་ལ་བརྩེ་དུང་དང་ལ་རྒྱ་འཆང་མཁན་ནི་རང་རང་གི་ཕ་མ་ཉག་ཅིག་རེད། ཁོང་ཚོས་རང་གི་ཕྲུ་གུ་རྣམས་སྒལ་པར་འཁྱེར་བཞིན་པ་ནི་ལྷ་ཡུལ་བར་དུ་བགྲོད་ཐུབ་ཚེ་བགྲོད་ངེས་རེད།
ཁོང་ཚོས་གཡས་གཡོན་གྱི་སྤྲེའུ་ལ་སྡང་མིག་གིས་ལྟ་ཞིང་སྐབས་འགར་ངར་སྐད་བསྒྲགས། སྡོང་རྒན་གོག་པོའི་སྟེང་དུ་སེར་ཝང་ཝང་དུ་སྣང་ཡོང་བའི་ཁ་དོག་གི་ཆ་ནས་གདོད་མའི་མི་རྣམས་ཀྱིས་ཁོང་ཚོ་ལ་དམར་སེར་ཅན་ཞེས་མིང་འདོགས་བཏགས་སོང༌།
ཨ་ཙི། ཁོང་ཚོའི་ཁ་དོག་དེ་ནི་སྒྱུ་རྩལ་པ་རྣམས་ཀྱིས་འཇིགས་རུང་གི་ཉམས་མཚོན་པར་བེད་སྤྱོད་ཅིང་འདུག འོན་ཀྱང་ཁོང་ཚོས་དེ་ཤེས་ཀྱི་མེད་ལ། ཁོང་ཚོས་ཆེས་ཕུལ་བྱུང་གི་གཞའ་ཚོན་ཞིག་ཡིན་པར་བསམ་ཞིང་ཡོད།
ཁོང་ཚོའི་ཁོར་ཡུག་ནི་རབ་རིབ་ཀྱི་ནགས་ཡིན་པས་སྨྲ་ཤེས་དོན་གོའི་འཚོ་བ་ཞིག་ནི་མི་རེག་མོད། སྐབས་འགར་མིའི་ལག་ནས་ཟས་ཀྱི་སྙིགས་མ་དང་གོས་ཀྱི་དུམ་བུ་འགའ་ཞིག་བགོ་སྐལ་དུའང་གྱུར་འདུག་པ་ལ་དོན་སྙིང་ཅི་ཞིག་ཡོད།
ང་ཚོ་སྟེ། གནས་ཆེན་ལ་དད་འདུན་གྱིས་སྐོར་བ་འགྲོ་བཞིན་པ་རྣམས་ཀྱི་དཀའ་ངལ་ནི་རྩུབ་རེག་ཅིག་གདོང་པར་ཕོག་ཡོང་བ་དེ་ཡིན་ལ། མིག་མདུན་དུ་སྐྱ་ཕྱ་རེ་འཕྱུར་བཞིན་པ་ནི་ཐལ་འཚུབ་སྟེ། ལམ་འགྲོ་བ་རྣམས་ཀྱི་ངོ་གདོང་ལ་ཚ་ཧྲག་གེ་དང་། ཐལ་རྡུལ་རྣམས་མིག་ནང་དུ་ལིང་ཏོག་ཇི་བཞིན་རྩུབ། འོན་ཀྱང་མི་རྣམས་ཀྱིས་ནང་ནུབ་ཏུ་བསྐོར་བ་རྒྱུན་ཆད་མེད་ལ། བསོད་ནམས་དང་ལྡན་པའི་སྐྱེ་བོས་བཞེངས་པའི་མཆོད་རྟེན་དང་ལག་སྐོར་ནི་བགྲང་ལས་འདས་པས་ཚུལ་མཐུན་གྱི་སྐོར་བ་གཅིག་གིས་སྡིག་སྒྲིབ་མཐའ་དག་འདག་པའི་ཡིད་ཆེས་བྱ་ཆོག་པར་སྣང༌། ཐང་ཆད་པའི་ངང་ནས་རང་མལ་དུ་སླེབ་ནས་བསམ་གཞིག་ཐུང་དུ་ཞིག་དང་བཅས་བདེ་བར་གཉིད་ལོག་སོང་ངོ་།། །།༢༠༡༠ཟླ་༢ཚེས་༢༣གྱི་ཉིན་བལ་ཡུལ་དུ་བྲིས། །