མདུན་ངོས། » གསར་རྩོམ། » གསར་རྩོམ། » ཕ་ཡུལ།

ཕ་ཡུལ།

 

ཕ་ཡུལ།

གཟི་མིག་དགུ་པ། (བོད་ལྗོངས་ནག་ཆུ།)

 མང་པོའི་མཐོང་ཡུལ་དུ་ཧ་ཅང་རྒྱ་ཆུང་ཞིང་གླེང་རིན་མེད་པའི་སྐྱ་ཐིང་ཐིང་གི་རི་གྲོང་ཆུང་ཆུང་དེར།མཐོ་བ་གནམ་ལ་ཟུག་པའི་གངས་རིའི་འགྱིང་ཚུགས་མེད་ལ།དམའ་བ་རྒྱ་མཚོར་ཐིམ་པའི་ཀླུང་ཆེན་གྱི་འཁྱུག་འགྲོས་ཡང་མེད།དེ་བཞིན།སྲིད་པའི་མགུར་ལྷ་བཅུ་གསུམ་གྱི་བཞུགས་གྲལ་དུ་འཁོད་མྱོང་བའི་གངས་རི་མེད་ལ།བོད་ཁམས་བརྟན་མ་བཅུ་གཉིས་ཀྱི་ཚོགས་གྲལ་དུ་སྡོད་མྱོང་བའི་སྤང་རི་ཡང་མེད་པར།གནའ་ནས་ད་ལྟའི་བར།ཁུ་སིམ་སིམ་ངང་།དལ་ལྷོད་ལྷོད་ངང་།དཀྱིལ་ཡངས་ཀྱི་ལྷིང་འཇགས་རེ་རེ།ཅི་འདྲའི་སྨྲ་བ་མེད་པར་ས་ཆེན་གྱི་སྒལ་སྲུབ་ཏུ་ལྷག་པའི་ལུང་པ་ཆུང་ཆུང་ཞིག་རེད་ཨང་།ཆེས་སྤྱིར་བཏང་གི་ལུང་ཆུང་དེར།ཆེས་སྤྱིར་བཏང་གི་རི་བོ་དང་རི་བོ་བསྣོལ་ཞིང་ཆུ་བོ་ཡིས་ཆུ་བོ་སྒུལ་བཞིན་དུས་རབས་ཇི་ཙམ་འདས་ཟིན་པ་ནི།མེས་པོ་ཚོའི་རྣམ་ཤེས་ཁོ་ནས་དཔོག་ཅིང་།ཉི་ཟླ་ཡི་འགྲོ་འོང་གཅིག་པུས་མཐོང་བ་ལས་མ་འདས།  ཨཱ་་་།  ངའི་ཕ་ཡུལ།  ཁུ་སིམ་སིམ་གྱི་རི་གྲོང་ཆུང་ཆུང་དེ་ནི་སྲིད་པ་ས་ཆེན་གྱི་སྒལ་ཚིགས་ཆག་རོ་ཙམ་སྟེ།གདོད་མའི་རང་བྱུང་གི་རྫ་རི་སྨུག་པོ།གནའ་བོའི་གངས་འཁྱག་གི་དབུ་རྨོག་ཐེད་པོ།མཐོ་སྒང་སྤང་ལྗོངས་ཀྱི་ཐུ་སྣེ་རལ་པོ།རལ་བིག་ཐེད་གསུམ་དུ་གྱུར་པའི་ཡུལ་གྲུ་འདི།བསྐལ་བ་ཇི་སྲིད་ནས་ཇི་སྲིད་བར་དུ་རླུང་གིས་གཡོས།ཆར་གྱིས་སྦང་།ལྷགས་པས་བཅོམ་རུང་།ཁྱེད་ཀྱིས་ཕ་ཡུལ་གྱི་མི་ཚོགས་ལ་བཅངས་པའི་བརྩེ་བ་འདོར་མ་མྱོང་ཞིང་།རི་དྭགས་གཡུང་དྭགས་ལ་ཕུལ་བའི་ལྷག་བསམ་རྫོགས་མ་མྱོང་པར།སྦྲ་ནག་པོ་སྒོ་དར་ཅན་དང་ལྷས་ཁྲ་མོའི་ལྕི་འདམ་ཁྲོད་ནས་འབྲོག་པ་ཚོར་ཁ་བརྡ་བྱས་ཤིང་ལོ་རབས་འདས།གྱང་གོག་པོ་སྒེའུ་ཁུང་ཅན་དང་ཞིང་གྲུ་བཞིའི་ལོ་འབྲས་གསེང་ནས་རོང་པ་ཚོར་གཏམ་རྒྱུད་འཆད་དེ་དུས་རབས་རྫོགས།ཤྭ་གནའ་དགོ་གསུམ་དང་འཕར་སྤྱང་དྲེད་གསུམ་སོགས་རི་དྭགས་དང་གཅན་གཟན་ཚུན།འདབ་ཆགས་དང་འབུ་སྲིན་ཡན་ལ་གཏང་སྙོམས་ཚད་མེད་བྱེད་མཁན་ཡང་ཁྱེད་ཉིད་རེད།དོན་དུ།ཁྱེད་ཀྱིས་ཆེས་བརྩེ་ཤོས་ནི་ཡུལ་འདིའི་ནང་བཅུད་ཀྱི་སེམས་ཅན་ཁོ་ན་ཡིན་དུས།ཁྱེད་ནི་ཆགས་སྡང་དང་ཕྱོགས་རིས་ཡོངས་སུ་བྲལ་བའི་ངའི་སྙིང་དབུས་ཀྱི་ལྷ་ཆེན་གསོན་པོ་ཞིག་ཅི་ལ་མིན།ད་གཟོད་ཁོ་བོས་ཁྱེད་ལ་བརྗིད་པའི་ཉམས་དང་བརྟན་པའི་ཚུགས།སྒམ་པའི་བློ་དང་གཏང་སྙོམས་ཀྱི་ཐུགས་གཤིས་ཡོད་ཚད་འདུས་ཡོད་པ་རྟོགས་པས་དུས་དེ་ནས་བཟུང་ངས་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས།

མེས་པོའི་བསང་དུད་ཀྱི་ཀློང་དུ་སྟིམ་པའི་རི་བོ་ཆུང་ཆུང་།གནའ་མིའི་ངག་རྒྱུན་གྱི་ཁྲོད་དུ་གཟིམས་པའི་ལབ་རྩེ་ཐར་ཐོར།སྤྲིན་པ་ལ་ཐོད་དུ་དཀྲིས་པའི་རྒྱབ་རི་སྨུག་པོ།སྨུག་པ་མགུར་རྒྱན་དུ་བསྒྲོན་པའི་མདུན་རི་ཁྲ་བོ།ཕ་ཡུལ།ངའི་ཚོར་བའི་ཀློང་དུ་འཁྱིལ་ཞིང་སེམས་པའི་གཏིང་ནས་འཁྱོ་བཞིན།ང་ཡི་ཕྱོགས་སུ་ཡོང་བཞིན་ཡོད།ངའི་ལུས་ཀྱིས་ཁྱོད་དང་རྒྱང་ཐག་བཅད་པ་ནས་བཟུང་།ངའི་སེམས་ཀྱིས་ཁྱེད་དང་ཉེ་བར་བཅར་ཡོད།དོན་དེའི་དབང་གིས་ངས་ཅིས་ཀྱང་ཁྱེད་ཉིད་གླེང་བར་འདོད།ངའི་བྱིས་དུས་ཀྱི་བག་ཆགས་ཀློང་ན།ཁྱེད་ནི་ཅི་འདྲའི་གྲོང་ཁྱེར་དང་རྒྱང་ཐག་བཅད་པའི་རི་གྲོང་ཞིག་སྟེ།འཕེལ་རྒྱས་ཀྱི་གཏམ་རྒྱུད་བཀླགས་ནས་ལོ་མང་འགོར།ཚན་རྩལ་གྱི་རྨི་ལམ་སྨིན་ནས་དུས་རབས་འདས།དེ་ལྟར་ཁུ་སིམ་སིམ་ངང་།སྲོལ་རྒྱུན་གྱི་འཚོ་ཐབས་ཁོ་ནར་བརྟེན་ནས་དབྱར་ཟླ་དགུན་ལ་སྒྲིལ་ཞིང་དགུན་ཟླ་དབྱར་ལ་གཏུགས་ཏེ།མེས་པོ་ཚོའི་རུས་རྐང་གི་སྣུམ་ཚིལ་ཞུ་བ་གྲངས་ལས་འདས།རེད།ངའི་ཕ་ཡུལ་ནི་ཉི་ཟླའི་འགྲོ་ཡོང་གི་ལམ་ཐག་ཤིན་ཏུ་ཐུང་བས་ཉིན་སྲིབ་ཀྱི་དབྱེ་བ་གསལ།ས་བབས་མཐོ་དམན་གྱི་ཧེ་བག་ཧ་ཅང་ཆེ་བས།དུས་བཞི་ཡི་ཁྱད་པར་མངོན།དབྱར་ཟླ་གསུམ་འབྲོག་པ་མཚེར་སར་སྤོས་ཏེ་སྦྲ་གུར་གྱི་ལང་ཚོ་དང་ལུག་ཁྱུའི་འབའ་སྒྲ་བཀླགས།དགུན་ཟླ་གསུམ་རོང་གི་ཁང་པར་སྤོས་ཏེ་ཐབ་སྨུག་པོའི་སྣུམ་ཞག་མེ་རུ་སྒྲོན།དེ་ནི་རང་བྱུང་གོ་སྒྲིག་གིས་ཡུལ་དེའི་མི་དམངས་ལ་གནང་བའི་འཚོ་རྟེན་ཞིག་མིན་ནམ་སྙམ་རུང་འདི་ནི་བྱིས་དུས་ཀྱི་རྨི་ལམ་ཁོ་ནར་འཆར་ཡན་དང་ཕྱིར་རྟོག་བྱས་པ་ལས་མ་འདས།དོན་དམ་པར།ངའི་ཕ་ཡུལ་ནི་ཉིན་རེ་བཞིན་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་ལམ་བུར་སྙེག་བཞིན་ཡོད་པ་སྨོས་མེད་རེད་ཨང་།བལྟས་བལྟས་རིག་རིག་ལ།རྟ་ཕོའི་ཉིན་ལམ་གྱིས་འདོམ་པའི་ལམ་ཕྲན་གྱ་གྱུ་དག་སྣུམ་འཁོར་བང་ཁ་འགྲན་པའི་གཞུང་ལམ་དུ་གྱུར་ཟིན་ལ།གོ་གོ་ཐོས་ཐོས་སུ།ཧོར་པའི་ཚུགས་སོ་ན་ལྷག་པའི་ཛོག་རྡོ་སྨུག་པོ་ཡང་འཛུགས་སྐྲུན་གྱི་གཤོག་སྣེར་ཐོགས་ཏེ་ཆས་ཟིན།ད་དུང་།འབྲོག་པའི་ལྷས་ར་ནས་གཡོ་བའི་དཀར་བརྒྱ་ནག་སྟོང་།རོང་པའི་ཞིང་ས་ནས་བརྡོལ་བའི་ནས་ཡུང་སྲན་གསུམ། མར་ཕྱུར་དང་འོ་ཞོ།ཤ་ཐུད་དང་རྩམ་པ་སོགས་མེས་པོའི་རྣམ་ཤེས་དང་ལྷན་དུ་ཁུ་སིམ་སིམ་ངང་ཕ་ཡུལ་གྱི་མི་ཚོགས་ལ་གྱེས་ཕྱག་ཕུལ་ཏེ་ཕེབས་འགྲོ་བ་ནི་རྒན་རབས་ཚོའི་སེམས་ཁྲལ་ཀློང་ན་ཡོད་དམ། གཞོན་ནུ་ཚོའི་དོགས་སློང་ཁྲོད་དུ་ཡོད། འགྱུར་བ་ནི་ལྡོག་མེད་ཀྱི་ལས་དབང་ཡིན་ཞིང་འགྱུར་བ་ནི་སྲབ་མེད་ཀྱི་རྟ་རྒོད་རེད།ཡོད་ཚད་འགྱུར་འགྲོ་བ་ནི་སྲིད་པ་འཇིག་རྟེན་གྱི་ཆོས་ཉིད་དུ་གྲུབ་པས་ངའི་ཕ་ཡུལ་ཡང་དེ་བཞིན་ནོ།།

   ལོ་ངོ་འདི་དག་རིང་ངས་རྟག་ཏུ་ཕ་ཡུལ་དྲན་ཞིང་ཕ་ཡུལ་གླེང་བཞིན་ཡོད། ལོ་ངོ་འདི་དག་རིང་།ཕ་ཡུལ་ནི་འགྱུར་བའི་ཀློང་དུ་ཡོད་ལ།འཕེལ་རྒྱས་ཀྱི་ཁྲོད་དུའང་ཡོད།ངའི་བྱིས་དུས།ཕ་ཡུལ་གྱི་བྱིས་པར་དགོད་སྒྲ་མོད་ཅིང་ཕ་ཡུལ་གྱི་རྒན་པར་གནའ་གཏམ་མང་།ཕ་ཡུལ་གྱི་འབྲོག་པས་མགོ་སྦྲ་དབུབ་ཅིང་ཕ་ཡུལ་གྱི་ཞིང་པས་སོ་ནམ་བྱེད།ཕ་ཡུལ་གྱི་དབྱར་དགུན་ཤིན་ཏུ་གསལ་རུང་ཕ་ཡུལ་གྱི་མི་ཚོས་དབྱར་དགུན་དང་འཚམ་པའི་གྱོན་པ་བརྗེ་སྲོལ་མེད། ཕ་ཡུལ་གྱི་མི་རྣམས་སྒྱིད་ལུག་ཆེ་རུང་། ཕ་ཡུལ་གྱི་མི་ཚོས་འཚོ་རྟེན་དང་འབྲེལ་བའི་ཕ་ཞིང་དང་ནོར་ལུག་སྐྱུར་མྱོང་མེད། འགྲན་རྩོད་ལ་སུན་སྣང་ཆེ་བའི་ཕ་ཡུལ་གྱི་མི་ཚོགས།ལྷིང་འཇགས་ལ་ཞེན་ཆགས་ཆེ་བའི་ཕ་ཡུལ་གྱི་མི་ཚོགས།ཁྱེད་ཚོས་གསར་པ་དང་དུ་མ་བླངས་པར་ལོ་རབས་འདས་ཤིང་།རྙིང་པ་བློ་ཡིས་མ་ཐོང་པར་བགྲང་བྱ་བརྩིགས།དེ་ནི་ཕ་ཡུལ་གྱི་མི་ཚོའི་རང་གཤིས་ཡིན་ཆོག་ལ།ཕ་ཡུལ་གྱི་མི་ཚོའི་སེམས་པའི་གཏིང་ན་ཆགས་པའི་སྲོལ་རྒྱུན་གྱི་བསམ་བློ་ཡང་ཡིན་ཆོག  ལོ་ངོ་སྟོང་ཕྲག་བརྒྱུད་དེ་ཡོང་བའི་གོམས་སྲོལ་ཏེ། དབྱར་གསུམ་རི་ལ་ནོར་ལུག་གི་འབའ་སྒྲ་ལྷན་དུ་རྫི་བོའི་གླུ་སྐད་འཁྱིལ་ཞིང་སྟོན་གསུམ་ཞིང་ལ་སྙེ་མའི་མགོ་ལྕོག་ལྷན་དུ་སོ་ནམ་པའི་རྔུལ་ཆུ་མང་།དགུན་དཔྱིད་གཉིས་ཀྱི་སྐྱ་ཐིང་ཐིང་གི་རི་གྲོང་དེའི་བཞིན་མདངས་ལས་སུ་ཞིག་ལ་འཁང་ར་བྱེད་པ་དང་ཀུན་ནས་མཚུངས། དེ་ཡང་ཡིན་ཏེ། གནམ་ལོ་གསར་ཚེས་ཀྱི་དགའ་སྟོན། དབྱར་ཟླ་དྲུག་པའི་མེ་ཏོག  ལྷས་ར་སྨུག་པོའི་ནོར་ལུགསྔོ་ལྗང་སྤང་ཐང་གི་རྟ་ཕོའི་འཚེར་སྐད།སྦྲ་ནག་གུང་ཁ་ནས་འཕྱོ་བའི་དུ་བ།འབྲོག་མོའི་གླུ་སྐད་དང་འུར་རྡོའི་ཚག་སྒྲ།  ད་དུང་ཤ་མར་འོ་ཕྱུར་དང་རྫི་བོའི་ཡོས་གྲོས་ཕ་ཡུལ་མི་ཚོགས་ལ་རྒྱང་ཐག་བཅད་པ་ནས་བཟུང་།ཕ་ཡུལ་ནི་ཅི་འདྲའི་འགྱུར་ལྡོག་གི་ཀློང་དུ་ཐིམ་ཞིང་།ཁྲེལ་གཞུང་དང་སྙིང་རྗེ་ཙམ་ཡང་མེད་པར་ངའི་བྱིས་དུས་ཀྱི་སྣང་བརྙན་ཡོད་ཚད་མོག་པོར་བཏང་མཁན་ཞིག་ཀྱང་རེད་ཨང་། འོན་ཏེ། ངས་ཁྱེད་ལ་བསམ་གཞིག་བྱེད་ཐུབ། ཕ་ཡུལ་ནི་ངའི་བྱིས་དུས་ཁོ་ནར་དབང་བ་ཞིག་མ་ཡིན་པར།དུས་རབས་དང་མཐུན་པའི་འཕེལ་རྒྱས་དང་འཕེལ་རྒྱས་དང་མཐུན་པའི་སློབ་གསོ།སློབ་གསོ་ཡིས་སྐྱོང་བའི་བླང་དོར་གྱི་བསམ་བློ་སོགས་ནམ་ཡང་མདུན་སྐྱོད་ཀྱི་ལམ་དུ་ཆས་དགོས་པ་ནི་ལྡོག་ཏུ་མེད་པའི་ལམ་བུ་ཞིག་རེད།  ༤

འཚོ་བ་ལ་སྒྲིག་གཞི་མེད་པའི་ཕ་ཡུལ་གྱི་མི་ཚོགས།སང་ཉིན་ལ་འཆར་གཞི་མེད་པའི་ཕ་ཡུལ་གྱི་མི་ཚོགས།ཁྱེད་ཚོར་སང་ཉིན་ལས་འདས་པའི་སང་ཉིན་ཞིག་གླེང་ན་མགོ་བོ་འཕྲེད་དུ་གཡུག་ནས་བུད་འགྲོ་ལ།ཁ་སང་ལས་འདས་ལའི་ཁ་སང་གི་གཏམ་རྒྱུད་ཅིག་བཤད་ན།རྣ་བ་རྒྱང་ལ་གཏད་དེ་ཆས་འགྲོ།ཁྱེད་ཚོ་ནི་འཇིག་རྟེན་ལས་འདས་པའི་འཇིག་རྟེན་ཞིག་གི་གཏམ་རྒྱུད་ཁོ་ན་ཉན་རྒྱུར་སྤྲོ་ཞིང་།དངོས་ཡོད་ལས་འདས་པའི་དངོས་ཡོད་ཅིག་གི་གྲུབ་འབྲས་ཁོ་ན་གླེང་རྒྱུར་གོམས་ཡོད།དོན་དེའི་དབང་གིས། ཁྱེད་ཚོ་ནི་འགྲན་རྩོད་ལ་མི་དགའ་བར་དལ་ཅག་གེར་སྡད་ཡོད་པ་ཡིན་ལ། བྲེལ་ཟིང་ལ་མི་མོས་བར་ལྷོད་ཤིག་གེར་ལུས་ཡོད་པ་ཡང་ཡིན་མོད། འོན་ཏེ། ངས་ཁྱེད་ཚོའི་ངོ་གདོང་གི་བཅོས་ལྷད་མེད་པའི་འཛུམ་མདངས་རེ་རེ་དང་གཡོ་སྒྱུ་བྲལ་བའི་མི་གཤིས་རྣལ་མ་དེ་མཐོང་བས་སེམས་ཀྱི་གཏིང་ནས་བརྩི་བཀུར་དང་ཡིད་ཆེས་རྙེད་ཡོད།ཇི་སྲིད་ཁྱེད་ཚོའི་མི་གཤིས་ལ་ལྷད་ཀྱིས་མ་བཅོས་བར་དུ།དེ་སྲིད་ཁྱེད་ཚོའི་མཐུན་སྒྲིལ་ལ་རྫོགས་མཐའ་མེད་ཅིང་ཡར་ཐོན་ལ་མཚམས་འཇོག་མེད་པར་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད་པ་ཚོར།མང་པོའི་ཤོད་སྲོལ་དུ་ཕ་ཡུལ་ལ་ཐོན་ན་གཉིད་སྐྱིད་པོ་ཞིག་ཁུག་ཐུབ་ཀྱི་རེད་ཟེར།དེ་ནི་ཕལ་ཆེར་བདེན་ཤས་ཆེ་སྟེ།ཁོ་བོ་ཕ་ཡུལ་ལ་ཐེངས་རེ་ཐོན་དུས། གཉིད་ཀྱི་རྒྱ་མཚོར་ཐེངས་རེ་ཞུགས་པ་དང་མཚུངས་ལ། གཉིད་ལམ་ལས་སྔར་བཞིན་བྱིས་དུས་ཀྱི་ཕ་ཡུལ་རྨིན་འགོ་བརྩམས་ཡོང་།  དེ་ནི་ཕྱུགས་རིགས་མང་བའི་རི་གྲོང་རེད།དེ་ནི་སྒོ་ཁྱི་བསྐོར་ཞིང་ཁ་ཐོར་དུ་གནས་པའི་རང་བྱུང་གི་གྲོང་ཚོ་ཞིག་རེད།ལུག་ཁྱུ་ནི་སྔར་བཞིན་རི་གྲོང་དེའི་ལྷིང་འཇགས་དཀྲོགས་མཁན་ཡིན་ལ།སྤྱང་ཀི་ནི་ར་ལུག་ཁོ་ན་བཟའ་མཁན་ལས་ནོར་གནག་ལ་དེ་ཙམ་མི་སྡང་།རྫི་སྐྱེན་པའི་སྒོ་ཁྱི་ཚོས་རྟག་ཏུ་རྫི་བོའི་ལུག་ཁྱུར་ཁ་འཚོ་དང་མིག་འཚོ་བྱེད་ཅིང་།ཡུལ་མི་ཚོས་ཁོ་ཚོའི་གྲངས་ཚད་ལ་ཚོད་འཛིན་བྱེད་ཀྱིན་ཡོད་པས།ད་གཟོད་བདག་མེད་དུ་རྒྱུ་བའི་ཁྱི་ཡན་ནི་ཕལ་ཆེར་མཐོང་རྒྱུ་མེད་ཅིང་ཡོད་ཀྱང་ར་ལུག་ལ་གནོད་འཚེ་མི་གཏོང་།ཨ་བྲ་ནི་རྩྭ་ཟན་གྱི་སྲོག་ཆགས་ཆུང་ཆུང་ཞིག་ཡིན་པ་ལས།རྩྭ་ཐང་བྱེ་སར་བསྒྱུར་བའི་གཏེ་པོ་ཞིག་མ་རེད།དེའི་རྒྱུ་མཚན་ནི།ཝ་སྦྲེ་དང་ཨབ་སྒུག་སོགས་ཁོ་ལ་གཉེན་པོ་མང་བས་ཁོའི་གྲངས་ཚད་ལ་ཡང་ཚད་བཀག་གཏོང་བཞིན་ཡོད་པས་སོ།།ཕ་ཡུལ་གྱི་དྲེད་མོང་གིས་མི་ལ་གནོད་འཚེ་གཏོང་བ་ནི་མིང་གི་ལྷག་མར་གྱུར་ཡོད་ཅིང་།དེ་ནི་ར་ལུག་ཡོད་པས་རེད།འབྲོག་པའི་མཚེར་ས་ནི་རྩོད་འཐེན་མེད་པའི་དབྱར་གསུམ་གྱི་ཚུགས་སོ་རེད།  དེ་ནི་ཁ་སང་ལས་འདས་པའི་ཁ་སང་གི་འཚོ་བའི་གཏམ་རྒྱུད་ཡིན་ལ།ཁོ་བོའི་རྔས་འགྲམ་དུ་ལུས་པའི་རྨི་ལམ་ཐན་ཐུན་ཡང་ཡིན་ཆོག དེ་ལས་ཁྱེད་ཉིད་འབྱུང་ཁམས་དོ་སྙོམས་དང་ཁོར་ཡུག་སྲུང་སྐྱོང་ཞེས་པའི་ཐ་སྙད་འགས་དྲན་གསོ་དང་སྐུལ་འདེད་གཏོང་ཡོང་བ་མ་ཡིན་ནམ།

 ཆེ་ས་ཡངས་ས་ཞིག་ནས་བརྗོད་ན།ངའི་ཕ་ཡུལ་ནི་རི་བོ་སྟོང་གི་མ་མ།ཆུ་མོ་ཁྲི་ཡི་འབྱུང་ཁུངས་སུ་བགྲང་ཆོག་པའི་མདོ་དབུས་མཐོ་སྒང་སྟེ།མཐོ་བ་གནམ་ལ་ཟུག་པའི་གངས་རི་དང་རྫ་རི།དམའ་བ་རྒྱ་མཚོར་འབྲེལ་བའི་ནགས་ལུང་དང་གཙང་པོ་སོགས་སྨྲ་བརྗོད་ལས་འདས་པའི་རང་བྱུང་གི་སྒེག་ཉམས་དུ་མས།ཨེ་ཤ་ཡའི་སྒལ་གཞུང་ནས་མཚར་སྡུག་སྟོང་གི་འཛུམ་ཞལ་ངོམ་བཞིན་ཡོད་པས་ན།རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཏན་གཞི་གལ་ཆེན་ཁུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད།རྒྱལ་ཁབ་འབྲེལ་ཡོད་ཚན་པས་སྤྱི་བསྒྲགས་བྱས་པ་ལྟར་ན།མིག་སྔར་ཕ་ཡུལ་འདི་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ལེགས་གྲས་ཀྱི་ས་ཁུལ་ཡིན་པའི་བདེན་དཔང་གནང་བས།ཅི་འདྲའི་གཟི་བརྗིད་དང་སྤོབས་པ་སྐྱེ་འོས་པ་ཞིག་རེད་ཨང་།  ཆུང་ས་དོག་ས་བཤད་ན།ངའི་ཕ་ཡུལ་ནི་མང་པོའི་མཐོང་སྣང་དུ་གང་ཡང་གླེང་རིན་མེད་པའི་རི་གྲོང་ཆུང་ཆུང་ཞིག་ཁུ་སིམ་སིམ་ངང་ས་ཆེན་གྱི་གས་སྲུབ་ཏུ་འཕྲེད་ལ་ཉལ་བའི་གྲོང་སྡེ་ཐར་ཐོར་དེ་ཡིན་རུང་།འདི་རུ་དུས་བཞིའི་འགྱུར་བ་དང་འགྲོགས་པའི་ཐོན་རྫས་འབེལ་ཞིང་དྭངས་གཙང་གི་མཁའ་དབུགས་དང་སྔོ་ལྗང་གི་སྤང་གཞོང་།སྟོད་ན་གངས་མཚོ་གཡའ་གསུམ་དང་སྨད་ན་སྟུག་པའི་ནགས་ཚལ་སོགས་ཡོད་པ་མ་ཟད།རང་བྱུང་ཁམས་དེའི་ཁྱད་ཆོས་ལ་རྟེན་ནས་འཚོ་བའི་སྲོག་ཆགས་ནི།བགྲང་གིས་མི་ལང་བར་བག་ཡངས་ཀྱི་གནས་སུ་རྒྱུ་དུས།ཆགས་སྡང་གི་ཉམས་འགྱུར་གསལ་བའི་སྙན་ངག་པ་དུ་མའི་སེམས་ཁམས་བརྐུ་ལ་སྙིང་རྗེ་བྲལ་ཞིང་།སོར་རྩེའི་གར་སྟབས་ལ་ཁ་ལོ་མེད་པའི་རི་མོ་བ་མང་པོའི་སྨྱུག་འགྲོས་བསླུ་བར་གཡོ་ཇུས་མཁས།  ཕ་ཡུལ།ནམ་ཟླའི་རྒས་གཉེར་གྱིས་འཆི་བར་བསྐྱལ་མ་ཐུབ་པའི་ཕ་ཡུལ་གྱི་རི་བོ།དགུང་ནས་དགུང་ལ་བསྙེགས་ཏེ་གནམ་སྔོན་པོའི་ཀླད་པར་ཐུག་འགྲོ་ལ།ལོ་ཟླའི་མིག་ཆུ་ཡིས་སྐྱོ་ངལ་སངས་མ་ཐུབ་པའི་ཕ་ཡུལ་གྱི་ཆུ་མོ།གཞུང་ནས་གཞུང་ལ་བབས་ཏེ་ས་ཆེན་པོའི་བྲང་གཞུང་བརླན་འགྲོ།རི་བོའི་ཕྲག་པ་ལ་བལྟས་ཤིང་གཙང་པོའི་གླུ་སྒྲ་ལ་ཉན་པའི་ཕ་ཡུལ་གྱི་མི་ཚོགས། སེམས་ཀྱི་ཁ་ཐག་ཉེ་བའི་ཡུལ་མི་ཞེས་པ་དེ་ཡིན་ལ།སྣོད་བཅུད་བྱམས་ཀྱིས་སྐྱོང་བའི་གངས་རི་དང་རྩྭ་ཐང་།ཡིད་ཀྱི་ཟབ་སར་ལྷུང་བའི་ཕ་ཡུལ་ཞེས་པ་དེ་ཡིན།                                      

2021/5/26ཉིན།     མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནས་དྲངས།