མདུན་ངོས། » གསར་རྩོམ། » དཔྱད་རྩོམ། » སྙན་ངག་རྩོམ་རིག་སྐོར་གྱི་དོན་གནད་འགའ་བརྗོད་པ།

སྙན་ངག་རྩོམ་རིག་སྐོར་གྱི་དོན་གནད་འགའ་བརྗོད་པ།

སྙན་ངག་རྩོམ་རིག་སྐོར་གྱི་དོན་གནད་འགའ་བརྗོད་པ།

 

    ང་ཚོས་རྩོམ་རིག་ཅེས་པ་ནི་གང་ཞིག་ལ་ཟེར་བ་དང༌། ལྷག་པར་སྙན་ངག་ཅེས་པ་ཇི་འདྲ་ཞིག་ཏུ་ངོས་བཟུང་དགོས་པ་ནི་ངེས་པར་དུ་ཤེས་པར་བྱ་བའི་གནས་ཡིན་ཏཻ། མི་རིགས་སུ་ཡིན་རུང་རྩོམ་རིག་གིས་དབང་མ་བསྒྱུར་བ་ཞིག་གཏན་ནས་མེད་ལ། སྙན་ངག་རིག་པ་ལ་མི་སྙན་མཁན་ཞིག་ཀྱང་ཡོད་མི་སྲིད་མོད། ད་དུང་གནའ་སྔ་མོ་ནས་རྩོམ་རིག་པ་རྣམས་ཀྱིས་སྤྱི་ཚོགས་ལ་ཐུགས་ཁུར་ཆེན་པོས་དུས་གཏན་དུ་ཡིད་སྨོན་བྱེད་འོས་པའི་བྱས་རྗེས་རླབས་ཆེ་བ་མང་པོ་ཞིག་བཞག་མྱོང་ཡོད་པས་དེ་དག་ལ་ང་ཚོས་ཡི་རང་བགྱི་འོས་པ་མ་ཟད། དེ་ལས་ལྡོག་སྟེ་སྤྱི་ཚོགས་ལ་འགལ་བ་གཏོང་མཁན་གྱི་རྩོམ་པ་པོའང་བྱུང་ཡོད་པ་སྨོས་མེད་ལགས་མོད། གང་ལྟར་ཡང་ང་ཚོས་རྩོམ་རིག་པ་ལ་རྒྱུས་ལོན་བྱེད་དགོས་ལ། རླབས་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་མཐའ་ཡས་པ་ལའང་དེ་བས་ཀྱང་སློབ་སྦྱོང་དང་ཤེས་རྟོགས་བྱེད་དགོས། དེའི་རྒྱུ་མཚན་ནི་ང་ཚོ་འགྲོ་བ་མིའི་རིགས་འདི་དུད་འགྲོ་ལས་ཁྱད་ཞུགས་པའི་སྨྲ་ཤེས་དོན་གོ་ཞིག་གི་གྲལ་དུ་བསྡད་ཡོད་པར་སོང༌། ང་ཚོས་ཤེས་རིག་ལ་བརྩོན་ལེན་བྱ་རྒྱུར་ཆོག་ཤེས་བྱས་པ་ཡིན་ན་རང་ཉིད་ཀྱིས་རང་ལ་གྱོང་སྤྲོད་པ་མ་ཡིན་ནམ། རང་རེའི་ཁྲོད་དུ་རིག་གནས་དང་རྩོམ་འབྲི་མི་དགོས་པར་རློམ་མཁན་དག་རང་ཉིད་ཀྱང་རྩོམ་རིག་ཡ་མ་ཟུང་གི་དབང་འོག་ཏུ་ཚུད་ཡོད་པའང་ཤེས་མེད་མོད། སྤྱི་ཚོགས་ཐོག་ཏུ་རྩོམ་རིག་ལ་མཁས་པ་ཞིག་ཡིན་ན་སྙན་ངག་ལ་མཁས་པ་ཞིག་ཡིན་པར་མ་ངེས་ཀྱང༌། སྙན་ངག་ལ་མཁས་པ་ཞིག་ཡིན་ན་རྩོམ་རིག་ལ་མཁས་པ་ཞིག་ཀྱང་ཡིན་དགོས་པར་འདོད། བསམ་བློ་བ་ཁ་ཅིག་སྙན་ངག་ལ་དེ་ཙམ་མི་དགྱེས་པའང་མཐོང་བས། དེ་ནི་བསམ་བློ་བ་རླབས་ཆེན་ཞིག་ཡིན་ན་སྙན་ངག་ཤེས་མཁན་ཡིན་མི་དགོས་པའམ། རྩོམ་པ་པོ་རང་རང་གིས་རྩོམ་རིག་གི་རིགས་གང་ཞིག་རྩལ་དུ་འདོན་རྒྱུའི་འདུན་པ་ལ་རག་ལས་པའི་རྒྱུ་མཚན་གྱིས་ཡིན། གཞན་ཡང་སྙན་ངག་ལ་ཆ་རྒྱུས་མེད་པ་མ་ཟད། སྤྱི་ཚོགས་ཀྱི་ཤེས་བྱ་ཡོངས་ལ་དོ་སྣང་ཆུང་ཞིང༌། སྤྱི་ཚོགས་ལ་སེམས་འཁུར་མེད་པའམ། སྒོར་མོ་ཙམ་ལ་གཙིགས་ཆེར་འཛིན་མཁན་གྱི་མི་སྣ་དེ་དག་ནི་ལྷ་མགུ་བར་བྱེད་པའི་ཕུལ་བྱུང་ཚིག་རྒྱན་རིག་པ་ཞིག་མཐོང་ཡང་བྲོ་བ་གང་ཡང་མྱོང་མི་སྲིད་ལ་ཕན་ཐོགས་དེ་བས་ཀྱང་ག་ལ་ཡོད་སྲིད། སྐྱེ་བོ་དེ་ལྟ་བུ་ལ་སྙན་ངག་གི་བརྒྱ་བྱིན་བས་འོ་ཇ་དཀར་ཡོལ་གང་ཁྱད་པར་འཕགས་པ་ཡིན་མོད། ཚུལ་འདིར་སྙན་ངག་པ་ཧེ་ཀེ་ཡིས། ངའི་སྙན་ངག་ཕྱོགས་བསྒྲིགས་འདི། ཡིག་རྨོངས་རྒན་མོ་ཞིག་གི་ལག་ཏུ་སོང་ཚེ། དུ་བ་དཀྲི་སྤྱད་ཀྱི་ཤོག་བུ་ཞིག་ལས་མ་འདས། ཞེས་<རྩོམ་རིག་རྣམ་བཤད་བློ་གསར་འཇུག་ངོགས་ངོས་༤༦༤ལས་>བཤད་པ་ནི་ཅི་འདྲའི་དོན་དངོས་དང་མཐུན་པ་ཞིག་མ་ཡིན་ནམ། རྩོམ་རིག་ལ་ཤེས་རྟོགས་དགོས་པའི་རྒྱུ་མཚན་དེ་དག་བློ་ཡུལ་དུ་བགྱིས་ཏེ་ཕྲན་གྱིས་སྙན་ངག་སྐོར་གྱི་དོན་གནད་འགའ་ཞིག་བརྗེད་ཐོར་འགོད་འདོད་སྐྱེས། །
    སྤྱིར་སྒྱུ་རྩལ་ལ་ལུས་དང༌། ངག་དང༌། ཡིད་ཀྱི་སྒྱུ་རྩལ་གསུམ་ཡོད་པའི་སྙན་ངག་ནི་ངག་གི་སྒྱུ་རྩལ་ཕུལ་དུ་བྱུང་བ་ཞིག་ཡིན། ང་ཚོས་ཤེས་དགོས་རྒྱུ་ཞིག་ལ། སྒྱུ་རྩལ་དེ་ཐོག་མར་ཇི་ལྟར་བྱས་ནས་བྱུང་བའམ། དགོས་ཆེད་ཅིའི་ཕྱིར་ཡིན་ཞེ་ན། སྒྱུ་རྩལ་གྱི་ཐོག་མའི་བྱུང་ཁུངས་ལ་འདོད་ཚུལ་མི་འདྲ་བ་དུ་མ་ཞིག་མཆིས་ཀྱང༌། འཇིག་རྟེན་གྱི་གཏམ་དཔེར། མིའི་རི་མོ་ནང་ལ་ཡོད། ཅེས་པ་ལྟར་སྐྱེས་བུ་གང་ཞིག་ནང་སེམས་ཀྱི་དགའ་སྐྱོ་དང༌། ཆགས་སྡང་གི་ཚོར་བ་གང་དང་གང་མཆིས་པ་རྣམས་རང་དགར་ཕྱི་རོལ་ཏུ་མངོན་པ་མ་ཡིན་པས། དེ་དག་མི་གཞན་གྱིས་བདེ་བླག་ཏུ་ཤེས་སུ་བཅུག་དགོས་པ་ཡིན། དེ་ཡང་ཤེས་པ་ཙམ་དུ་མ་ཟད་ཉམས་དང་འགྱུར་བའི་བརྒྱུད་ནས་གཞན་ལ་ར་སྤྲོད་གསལ་སྟོན་བྱེད་དགོས་ཤིང༌། རང་གི་ཚོར་བ་གང་ཡིན་པ་དེ་སླར་ཡང་དྲན་པ་གསོ་བའི་ཐབས་སུ་ལུས་དང་ངག་གི་སྒྱུ་རྩལ་གྱི་ཐབས་འཕྲུལ་འདྲ་མིན་འདི་དག་བྱུང་ཡོད་པར་ངོས་འཛིན་བྱ་ཆོག་སྟེ། ལེ་ཧྥུ་ཐོར་སི་ཐེས། སྒྱུ་རྩལ་གྱི་ཐོག་མའི་འབྱུང་ཁུངས་དེ་ཚོར་འདུ་བརྗེ་རེས་ཀྱི་དགོས་མཁོ་ཡིན་པའི་ལྟ་བ་མངོན་གསལ་བཏོན་པ་ལྟར་ཡིན། སྐབས་འདིར་དཔེ་མཚོན་ཙམ་ནི། རྒྱ་ཡི་གཙུག་ལག་༼སྙན་ངག་ཆེན་མོའི་གླེང་གཞི༽ལས། ཡིད་འགྱུར་རྣམ་པར་འགྱུ་ཚེ་ངག་ཏུ་བརྗོད། །བརྗོད་པ་ཙམ་གྱིས་མ་ཚིམས་དབྱངས་སུ་འགུགས། །དབྱངས་སུ་བཀུག་པས་མི་ཚིམ་གླུ་རུ་ལེན། །དེས་ཀྱང་ད་དུང་ཚིམ་པ་མེད་པ་ན། །ལག་པས་སྟངས་སྟབས་རྐང་པས་ཞབས་བྲོ་བརྡུང༌། །ཞེས་པ་ལྟར། རྩོམ་པ་པོ་རང་ཉིད་ཀྱི་སེམས་ཀྱི་དགའ་སྐྱོའི་ཚོར་བ་དེ་དག་ངག་གི་རྣམ་པར་རིག་བྱེད་དུ་རང་དབང་མེད་པར་ཕྱིར་འཕྲོ་བའམ་འགྱུ་ཞིང་ངག་གི་རྣམ་པར་ཐོན་པ་ནི་སྙན་ངག་དངོས་ཡིན་ཞིང༌། དེ་ལྟ་བུའི་ངག་གི་རྣམ་པར་ཕྱིར་མངོན་པ་ཙམ་གྱིས་མི་ཚིམས་པར་ངག་དེ་ཉིད་དབྱངས་ལ་བསྐྱོན་རུང་བའི་ངག་དཔལ་དུ་འགྲེམས་པར་བྱེད་དོ། །དེ་ཡང་རྒྱ་ཡི་མཁས་པ་གོ་མོ་རོལ་གྱིས། དབྱངས་ཀྱི་འགྲོས་དང་མ་ལྡན་ན་སྙན་ངག་ཏུ་མི་རུང༌། ཞེས་<གནད་བསྡུས་ལས>བཤད་པ་ལྟར་དབྱངས་འགྲོས་དང་མ་ལྡན་ན་དཔེར་ན་བྱ་ནམ་མཁར་འཕུར་བ་ལ་གཤོག་པ་ཟུང་གཅིག་མེད་པ་དང་འདྲ། སྤྱི་ཚོགས་ཐོག་གི་མི་རྣམས་ཀྱི་ཚོར་བ་ལ་བལྟོས་ན་དེ་ལྟ་བུའི་དབྱངས་སུ་བཀུག་རུང་བའམ་དབྱངས་ཀྱི་འགྲོས་དང་ལྡན་པ་ཙམ་གྱིས་མི་ཚིམ་ཏེ། ད་དུང་གཞས་སམ་གླུ་ངག་གི་གདངས་རིང་མོ་འཐེན་ཏེ་སེམས་ཀྱི་ཚོར་འདུ་ཕྱིར་མངོན་པར་བྱེད་པ་ནི་འཆར་ཅན་གླུ་གཞས་ལྟ་བུ་ཡིན། དེས་ཀྱང་རྗོད་བྱེད་སྒྲ་ཡི་འདེགས་འཇོག་གམ་ངག་གི་གཡོ་སྐྱོད་ཀྱི་བྱ་འགུལ་ཙམ་ལས་ལུས་ཀྱི་འགུལ་སྐྱོད་དྲག་ཏུ་བྱས་མེད་པས་དེ་ལས་ཀྱང་ཚོར་བ་ཤིན་ཏུ་དྲག་པའམ་ཆེས་ཆེར་མཚོན་པ་ལ་མགོ་དང་ལག་པས་སྟངས་སྟབས་ཅི་དགར་བྱེད་ཅིང༌། རྐང་པས་ཞབས་བྲོ་ཆེས་ཆེར་བརྡུང་སྟེ་ནང་སེམས་ཀྱི་ཚོར་འདུ་རྣམ་པར་མཚོན་པར་བྱེད་དོ། །དེ་ལྟ་བུའི་ཚུལ་ལ་སྔ་མོའི་དུས་སུ་མགུར་གླུའི་རྩོམ་རིག་བྱུང་བ་ནས་བཟུང༌། མགོ་བོ་ཀྱོག་ཙམ་བྱས་པ་དང༌། དེ་ནས་རྐང་ལག་གཡུག་པ། དེ་ནས་དལ་བུས་འཁྲབ་པ། དེ་ནས་ཆེས་མྱུར་མགྱོགས་དང་ལྡན་པའི་ད་ལྟའི་ཞབས་བྲོ་འདི་བྱུང་བའི་བར་དུ་རིམ་གྱིས་འཕེལ་རྒྱས་སམ། འགྱུར་བ་ཕྱིན་ཡོད་པར་ཚོད་དཔག་བྱེད་ཆོག་ལ། དེ་དག་ཀྱང་མདོར་བསྡུས་ན་མིའི་རིགས་ཀྱི་ཚོར་བ་མཚོན་པའི་སྙན་ངག་གི་ཆ་རྐྱེན་ཞིག་གམ། སྙན་ངག་དང་བྱེད་ལས་ཡོངས་སུ་མཚུངས་པའི་ལུས་ངག་གི་སྒྱུ་རྩལ་ཞིག་ཡིན་ཞེས་བརྗོད་ཆོག
    རང་རེ་བོད་ཀྱི་ད་ལྟའི་སྲོལ་རྒྱུན་སྙན་ངག་ནི་རྒྱ་གར་གྱི་སློབ་དཔོན་དབྱུག་པ་ཅན་གྱིས་བརྩམས་པའི་སྙན་ངག་མེ་ལོང་མ་ལ་གཞི་བཅོལ་ཞིང་ཡོད། དེ་ནི་རྒྱ་གར་གྱི་ལོ་ཙཱ་བ་ལཀྴཱ་ཀ་ར་དང༌། ཤོང་སྟོན་ལོ་ཙྭ་བ་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་ཆ་ཚང་བར་བསྒྱུར། དེའི་སྔོན་ནས་ཀྱང་ས་པཎ་གྱི་མཁས་འཇུག་ཏུ། ལུས་རྒྱན་དང༌། སྐྱོན་སེལ། ཉམས་ལྡན་སོགས་ཀྱི་ངོས་འཛིན་སྙིང་བསྡུས་སུ་བསྟན་ཡོད་པས་མེ་ལོང་མའི་འགོ་འཛུགས་པ་པོ་ནི་ས་པཎ་ཡིན་པར་ཤོད་ཆོག ཕྱིས་སུ་དཔང་ལོ་ཙཱ་བ་དང༌། ཞ་ལུ་ལོ་ཙཱ་བ་གཉིས་ནས་ཀྱང་འགྱུར་བཅོས་བྱས་ཤིང༌། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་ཐོག་མའི་བོད་འགྲེལ་བརྩམས་པ་ནས་ད་ལྟའི་བར་ལོ་བདུན་བརྒྱ་ལྷག་རིང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད།  སྤྱིར་རྒྱ་གར་ནི་འཛམ་གླིང་ཐོག་ཤེས་རིག་དར་སྔ་བའི་གྲས་ཤིག་ཡིན་ཡང་སྙན་ངག་མེ་ལོང་མ་དེ་སྙན་གཞུང་སྔ་ཤོས་ཤིག་ཡིན་པར་མི་འདུག་སྟེ། སྔོན་གྱི་དྲང་སྲོང་རྒྱས་པའི་སྙན་ངག་བྷ་ར་ཏ་དང༌། མེ་བཞིན་འཇུག་གི་བུ་མོས་སྒོམ་པའི་ཆོས། གྲོག་མཁར་གྱི་རཱ་མ་ཡ་ནའི་ལོ་རྒྱུས། མརྐེ་ཎ་ཡའི་༼ཨཎྜད་ཤ་པུ་རཱ༽ཁྱབ་འཇུག་གི་འཇུག་པ་སྟོན་པ་སྔོན་རབས་བཅོ་བརྒྱད། ནག་མོ་འཁོལ་གྱི་གཞོན་ནུ་འབྱུང་བ། ར་མ་ཤརྨའི་ར་གྷུ་ཝཾ་ཤ་སོགས་སྔོན་གྱི་སྙན་གཞུང་དུ་མའི་ལེགས་ཆ་བསྡུས་ནས་བརྩམས་པ་ཞིག་ཡིན་པར་བཤད། གཞན་ཡང་སྔོན་གྱི་ཀི་རི་སིའི་སྙན་གཞུང་བྱེད་པོ་ཡ་ལི་སི་ཏོད་ཁོང་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་དང་གསུམ་པའི་བར་ཙམ་ན་རྒྱལ་པོ་ཡཱ་ལི་ཧྲན་ཏཱའི་དཔུང་དང་འགྲོཌ་ནས་རྒྱ་གར་དུ་དངོས་སུ་སླེབས་པ་སོཌ་ཀྱིས་རྒྱ་གར་དང་ཀེ་རི་སིའི་རིག་གནས་ཐད་གང་ཞིག་སྔ་བ་དང་ཤུགས་རྐྱེན་ཐེབས་ཚུལ་སོགས་ལ་དཔྱད་རྒྱུ་ཡོད་འདུག་གོ །
    དོན་གྲུབ་རྒྱལ་གྱིས། མགུར་གླུ་ནི་བོད་གདོད་མའི་སྤྱི་ཚོགས་སུ་བྱུང་བ་ཞིག་ཡིན་པ་དང༌། སྙན་ངག་ནི་དུས་རབས་བཅུ་གསུམ་པའི་སྔ་གཞུག་ཏུ་བོད་ལ་དར་བ་ཡིན་པས་མ་མཐར་ཡང་ལོ་སྟོང་ཕྲག་འགའི་ཁྱད་པར་ཡོད། ཅེས་<མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་༣༡ལས་>བཤད། དེ་ནི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་གསར་དར་དང༌། སྲོལ་རྒྱུན་གང་ཡིན་ཡང་སྙན་ངག་གི་ངོ་བོ་ཇི་ལྟར་ངོས་འཛིན་བྱས་པ་རྣམས་དང་འགལ་བར་འགྱུར་ཏེ། ཁོང་ཚོའི་སྙན་ངག་གི་ངོ་བོ་འཇོག་ཚུལ་ལྟར་ན་མིའི་རིགས་ཀྱི་སྐད་ཆ་ནམ་གྲུབ་པ་ན་སྙན་ངག་ཀྱང་གྲུབ་དགོས་པའི་གནད་ཀྱིས་སོ། །ཞིབ་པར་ནི་འཆད་འགྱུར་སྙན་ངག་གི་གོ་དོན་སྐབས་སུ་གསལ། དེར་བརྟེན་དེ་ནི་མེ་ལོང་མ་ལ་བརྟེན་པའི་སྙན་ངག་ལ་གོ་དགོས་པ་འདྲའོ། །
    རྩོམ་རིག་གི་བརྗོད་བྱའི་དོན་མངོན་པར་མཚོན་པ་ལ་ངེས་པར་ལུས་ལ་བལྟོས་དགོས་སྟབས་རང་རེའི་བོད་ཀྱི་རྩོམ་ལུས་ལ་བཅད་ལྷུག་སྤེལ་མ་གསུམ་དུ་བཤད་པ་དེ་ནི་རྩོམ་རིག་གི་ལུས་ཆེན་པོ་གསུམ་དེ་ཡིན། ཡུ་རོབ་པ་རྣམས་ཀྱིས་རྩོམ་རིག་གི་ལུས་ལ་དོན་གྱི་བྱུང་བ་བརྗོད་པ་དང༌། ཡིད་ཀྱི་འགྱུར་བ་བརྗོད་པ། ཟློས་གར་བཅས་གསུམ་དུ་ཕྱེས་ཡོད་པར་བཤད་པ་ལྟར་ན་རང་རེ་བོད་ཀྱི་སྲོལ་རྒྱུན་རྩོམ་ལུས་ལ་རྗོད་བྱེད་ཀྱི་ཚིག་སྤེལ་སྟངས་ཀྱིས་འཇོག་པ་འདི་དང་མི་འདྲ་བར་བརྗོད་བྱའི་དོན་སྟེང་ནས་ཁྱད་པར་བྱུང་བ་ཡིན། ཁ་ཅིག་གིས། རྩོམ་རིག་གི་ལུས་ནི། བརྗོད་འདོད་ཀྱི་ཀུན་སློང་ལས་བྱུང་བའི་དོན་དེ་དག་རྗོད་བྱེད་སུམ་རྟགས་དག་གསུམ་གྱི་གཞུང་དང་མཐུན་པར་སྦྱར་ཏེ་ཚིག་གི་ཕྲེང་བ་སྤེལ་བ་ཞིག་དགོས་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། དེ་ལྟར་ན། སུམ་རྟགས་དག་གསུམ་གྱི་འགྲོས་དང་མི་ལྡན་པའི་བརྡ་རྙིང་པའི་རྩོམ་རིག་ལྟ་བུ་ལ་རྩོམ་ལུས་མེད་པར་ཐལ་བ་དང༌། ལྷག་ཏུ་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ཕྱིར་གཙོ་བོར་སྐད་ཆ་ལ་བརྟེན་པའི་རྩོམ་རིག་མང་པོ་བྱུང་བ་དག་གི་རྩོམ་ལུས་འཇོག་ཏུ་མི་རུང་བར་འགྱུར་བའི་ཕྱིར་རོ། །
    ད་ལྟའི་ཆར་རྩོམ་རིག་བསྟན་བཅོས་ཀྱི་ལུས་ལ་རིགས་ལྔར་དབྱེ་སྟེ། སྙན་རྩོམ་དང༌། སྒྲུང་རྩོམ། ལྷུག་རྩོམ་དང༌། ཟློས་གར་དང༌། གློག་བརྙན་འཁྲབ་གཞུང་བཅས་སུ་དབྱེ་བ་ནི་རྩ་བའི་རྩོམ་ཡིག་གི་དབྱེ་བ་ཙམ་དུ་ངོས་བཟུང་ཆོག སྤྱིར་རྩོམ་རིག་ལ་དོན་གྱི་བྱུང་བ་བརྗོད་པ་དང༌། ཡིད་ཀྱི་འགྱུར་བ་བརྗོད་པའི་རྩོམ་རིག་སྟེ། གཉིས་སུ་དབྱེ་སྲོལ་བྱུང་བ་ལྟར་ན། གཙོ་ཆེ་བའི་དབང་དུ་བྱས་ཚེ་སྙན་ངག་རྩོམ་རིག་ནི་ཕྱི་མའི་ཁོངས་སུ་གཏོགས་པ་ཡིན། འོན་ཀྱང་དོན་བརྗོད་སྙན་ངག་མེད་པ་མ་ཡིན་ནའང༌། ཡིད་ཀྱི་འགྱུར་བ་བརྗོད་དེ་ཉམས་དང་འགྱུར་བ་གནད་སྨིན་ཐོན་པའི་ངག་གི་སྒྱུ་རྩལ་ཁྱད་པར་བ་ཞིག་དང་མ་ལྡན་ན་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཏུ་མི་འགྱུར་སྙམ། །

རྩོམ་རིག་ཕུན་སུམ་ཚོགས་པ་འགྲུབ་པའི་རྒྱུ།
   

སྙན་གཞུང་མེ་ལོང་མར། རང་བཞིན་གྱིས་གྲུབ་སྤོབས་པ་དང༌། །མང་དུ་ཐོས་པ་དྲི་མེད་པ། །མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །ཞེས་བཤད་པ་ལྟར་ན། སྙན་ངག་གམ་ཚིག་རྒྱན་རིག་པ་ལ་དབང་འབྱོར་བའི་ངག་གི་དཔལ་འཐོབ་པ་ལ། རྒྱུ་གཙོ་བོ་གསུམ་སྟེ། སྙན་ངག་སྨྲ་བའི་ངག་རིག་གི་ལྷན་སྐྱེས་ཤེས་རབ་རང་གི་གཤིས་སུ་ཡོད་པ་ཞིག་དགོས་པ་དང༌། གནའ་དེང་གི་ཤེས་རིག་སྤྱི་དང༌། ཁྱད་པར་བཅུ་ཕྲག་རིག་པའི་གནས་སམ། ཆོས་དང་འཇིག་རྟེན་གྱི་ཤེས་བྱ་རིས་སུ་མ་ཆད་པ་ལ་ཐོས་བསམ་གོམས་གསུམ་གྱིས་ཕྱུག་པ་དང༌། སྐབས་ཀྱི་བརྗོད་བྱ་གང་ཡིན་ཡང་དེ་ལ་ཕྱོགས་རེ་བ་དང་རགས་པ་རེ་མ་ཡིན་པར་ཆ་ཚང་བ་དང༌། རྗོད་བྱེད་རེ་རེ་བཞིན་ཞུན་བརྡར་བྱེད་དེ་སྙན་རོ་འདོན་ཐུབ་པ་སོགས་ལ་བརྩོན་པའི་སྦྱོར་བ་མི་དམན་པ་གསུམ་པོ་དེ་དག་ལ་ངོས་བཟུང་བྱས་ཡོད་པ་རེད། མཁས་དབང་དགེ་ཆོས་ཀྱིས། རྩོམ་པའི་ཡོན་ཏན་དངོས་ནི། རང་གི་སྔ་མའི་བག་ཆགས་དང༌། རྩོམ་པ་པོའི་གཤིས་ལུགས་ལ་རག་ལས་པ་ཞིག་ཡིན། ཞེས་བཤད་པ་ལྟར། གོང་གི་རྒྱུ་དང་པོར་བག་ཆགས་དང༌། གཤིས་ལུགས་ཀྱང་ཚུད་ཡོད། །
    སྤྱིར་རྩོམ་པ་པོ་རྣམས་ཀྱིས་རྩོམ་རིག་གི་རྒྱུ་ཆ་སྡུད་ཚུལ་ལ་བཞི་ཡོད་དེ། རང་ཤུགས་ཀྱིས་རྙེད་པ་དང༌། གཟས་ནས་འཚོལ་བ། མྱོང་བ་ལས་ཐོན་པ་དང༌། དཔེ་ཆ་ལས་ཐོབ་པ་སོགས་བཞི་ཡོད་པར་བཤད་པ་དེ་དག་ཕལ་མོ་ཆེ་སྔར་གྱི་རྒྱུ་གསུམ་ལ་མ་བརྟེན་ན་འགྲུབ་མི་ཐུབ་པ་ཤ་སྟག་ཡིན།
    རྒྱ་ནག་གི་གྲགས་ཅན་རྩོམ་པ་པོ་ལུའུ་ཞུན་གྱིས་༼རྩོམ་རིག་གཞུང་ལུགས་གནད་བསྡུས། ངོས་༢༤༤ལས༽ ཁོང་གིས་སྒྲུང་རྩོམ་འབྲི་བའི་རྒྱུ་མཚན་གསུང་སྐབས་ཕྱིའི་རྒྱལ་ཁབ་ཀྱི་སྒྲུང་རྩོམ་བརྒྱ་ཡས་མས་ཤིག་བཀླགས་རྗེས་སྒྲུང་རྩོམ་འབྲི་བར་བརྩོན་པའོ། །ཞེས་དང༌། རྒྱ་ཡི་གནའ་གཏམ་དུ། དཔེ་ཀློག་དེབ་གྲངས་ཁྲིར་སོང་ན། །རྩོམ་འབྲིའི་མྱུག་རྩེར་དབྱངས་ཅན་སླེབས། །ཞེས་པ་ལྟ་བུའང་གོང་གི་རྒྱུ་གཉིས་པ་དེ་དང་ངེས་པར་འབྲེལ་བ་ཆགས་ཡོད། གཞན་དུ་ན་རྩོམ་གྱི་བྱ་བ་དང༌། ཁྱད་པར་སྙན་ངག་ནི་ཤིན་ཏུ་འགྲུབ་དཀའ་བ་ཞིག་ཡིན་ཏེ། སྙན་ངག་པ་ཞི་ཏྲི་མེ་ཡིས། སྙན་ངག་རྩོམ་པ་ནི་མ་ཡིས་བུ་བཙས་པ་ལྟ་བུའི་སྡུག་བསྔལ་མྱོང་དགོས་པའི་བཙའ་དཀའི་ལས་ཤིག་ཡིན་ལ། དེའི་སྐྱིད་སྡུག་རྣམས་བྱེད་པ་པོ་རང་གིས་མྱོང་བ་མ་གཏོགས་གཞན་སུས་ཀྱང་རྟོགས་མི་སྲིད་དོ། །ཞེས་དང༌། ཕ་རན་སིའི་རྩོམ་རིག་པ་Victor Hueoཨིའུ་གོ་ཡིས། རང་དབང་ཤིན་ཏུ་ཆེ་བའི་གསར་རྩོམ་གྱི་ལུགས་ལ་མཚོན་བྱེད་ཀྱི་ཐབས་དང༌། རྣམ་པ་སྣ་ཚོགས་པར་མཆིས་ཏེ། གསར་རྩོམ་གྱི་ཐབས་ཤེས་སྣ་ཚོགས་དང༌། སྣང་བརྙན་དུ་འགོད་པའི་བརྗོད་བྱ་རྒྱ་ཆེ་ཞིང་སྣེ་འཛིངས་པ་རྣམས་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཅན་རྣམས་ཀྱིས་དེ་དག་ཚང་མ་བདེ་བླག་ཏུ་བསྒྱུར་བའི་ཐབས་སུ་བསྒྱུར་མཁས་ལ། ཐ་ཤལ་ཤེས་རྨོངས་པ་ལ་མཚོན་ན་ལག་མགོ་འཁོབ་བྱེད་ཀྱི་རྐྱེན་ངན་དུ་འགྱུར་ངེས་སོ། །ཞེས་བཤད་པ་རྣམས་ལག་ལེན་དངོས་ལས་བྱུང་བའི་སྡོམ་ཚིག་ཅིག་ཡིན་པ་གོར་མ་ཆག
    རྒྱུ་གསུམ་པར་ཆ་མཚོན་ན། རྩོམ་གྱི་བརྗོད་བྱ་སྤྱི་ཚོགས་རིག་པའི་རྩོམ་ཡིག་ཡིན་ན་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་ཉམས་མྱོང་དང༌། ཞིབ་དཔྱོད་དང༌། བརྟག་ཐབས་སྣ་ཚོགས་བརྒྱུད་རང་ཉིད་ལ་ཉམས་མྱོང་ཇེ་མཐོར་འགྲོ་བ་དང་ཆབས་ཅིག་རྩོམ་རིག་ལའང་བསྒྱུར་བཅོས་དང་སྣོན་ཕྲི་དེ་བཞིན་བྱེད་དགོས་པ་ལས། རང་གི་རྩོམ་ཡིག་གི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆ་དེ་དག་རྟག་བརྟན་ཐེར་ཟུག་ཅིག་ཏུ་ནམ་ཡང་འཛིན་མི་རུང༌། དེ་ལྟར་ཡང༌། ཁ་དཔེ་ལ། རྩོམ་ནི་བཅོས་ནས་ཐོན་པ་ཞིག་ལས། བྲིས་ནས་ཐོན་པ་ཞིག་མིན། ཞེས་བཤད་པའི་ཕྱིར་དང༌། འགའ་ཞིག་གིས།༼སུང་རྒྱལ་རབས་སྐབས་ཀྱི་ཨའུ་དབྱངས་ཞིའུ༽རྩོམ་ཡིག་གྲུབ་རྗེས་ཐོག་མར་རྩིག་ངོས་ལ་སྦྱར་ཏེ་མལ་ལྡང་གི་དུས་ཚོད་བེད་སྤྱད་ནས་ཡང་ཡང་དཔྱད་བསྡུར་དང་སེམས་པ་ཞིབ་མོས་བཟོ་བཅོས་བྱས་པས། རེས་འགར་མ་ཡིག་བཅོས་ཏེ་ཡི་གེ་གཅིག་ཀྱང་མ་ལྷག་པའང་ཡོད་ཟེར་བ་སོགས་ཀྱིས་ལེགས་ཆའི་སློབ་སྟོན་ཡང་དག་པ་བྱས་ཡོད་པ་རེད།   དེར་བརྟེན། ནམ་ཡང་རྩོམ་ཡིག་གི་ཤོག་ངོས་ཆ་ཚང་བར་རྩོམ་གྱི་དངོས་གཞིས་དགང་བར་མི་བྱ་སྟེ། རྗེས་སུ་ལས་སྣོན་བྱ་ཡུལ་གྱི་སྟོང་ཆ་ཡོང་བ་བཟོ་དགོས། ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧེ་མིང་ཝེས་རྩོམ་བྲི་ཚེ་ཕྱིས་སུ་བཟོ་བཅོས་ཕྲི་སྣོན་བྱེད་པར་སྟབས་བདེ་ཡོང་ཆེད་ཤོག་ངོས་གཅིག་གི་ཐོག་ཡི་གེ་དགུ་བཅུ་ཙམ་ལས་མི་འབྲི་བར་བར་གསེང་ཆེན་པོ་འཇོག་པར་༼སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་དེབ་ངོས་༣༥༡ལས༽བཤད།
    སྲོལ་རྒྱུན་དཔྱད་རྩོམ་རིག་པ་ལའང་དེ་བཞིན་ལས་སྣོན་དང་ཞུན་བརྡར་བྱེད་དེ་ཆ་ཇེ་ཚང་དང༌། ཁུངས་ཕེར་གྱི་ར་སྤྲོད་ཡོད་པའི་ཕྱོགས་སུ་རྒྱབ་གཉེར་དང་གསལ་ཁ་འདོན་དགོས། ལྷག་པར་ཚན་རིག་གི་བརྟག་ཐབས་བརྒྱུད་གཏན་འབེབས་བྱེད་དགོས་པ་ལས་བཤད་ཡམ་རྙིང་པར་མཁྲེགས་བཟུང་གིས་ཐག་གཅོད་བྱེད་མི་རུང་ལ། དེ་ལྟར་བྱས་ན་དཔྱད་རྩོམ་གྱི་གྲལ་དུ་ནམ་ཡང་མི་ཚུད་པ་མ་ཟད་རྩོམ་ཡིག་དེ་གད་སྙིགས་དང་ལྷན་ཅིག་ཏུ་འདོར་རྒྱུའི་ཅ་དངོས་ཤིག་དང་གཉིས་སུ་མེད།

སྤྱི་ཚོགས་རིག་པའི་རྩོམ་ལུས་ཀྱི་སྐོར།

མེ་ལོང་མ་ལྟར་ན་སྙན་ངག་གི་སྲོག་ལ་སྡེ་བཞི་ཡོད་པ་ལས་སྤྱི་ཚོགས་ཀྱི་འཚོ་བ་ཞེས་འགྲེལ་བརྗོད་གང་ཡང་བྱས་མེད་ནའང༌། སྲོལ་རྒྱུན་སྙན་ངག་གི་བརྗོད་བྱའམ། དེའི་སྲོག་ནི་ཤིན་ཏུ་གཞི་རྒྱ་ཆེ་བ་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད། མ་ཁེ་སེ་རིང་ལུགས་ཀྱི་རྩོམ་རིག་གི་རིག་པའི་གཞུང་ལུགས་ལྟར་ན། རྩོམ་རིག་གི་བརྗོད་བྱ་དེ་སྤྱི་ཚོགས་ཀྱི་འཚོ་བ་དེ་རྩོམ་པ་པོའི་སེམས་ལ་ཚུར་སྣང་བའི་ཐོན་དངོས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད། དེ་ནི་དེང་རབས་རྩོམ་རིག་གི་གནས་ལུགས་དང་ཡོངས་སུ་མཐུན་པ་ཞིག་ཡིན་ལ། དེའི་རྗེས་སུ་འབྲངས་ནས་རྩོམ་རིག་གསར་རྩོམ་སྣ་ཚོགས་བྱེད་ཅིང་འདུག དེའི་དབང་གིས་གསར་རྩོམ་ཕལ་མོ་ཆེ་ཆགས་ཡུལ་ལ་བསྟོད་པ་དང༌། མི་དགའ་སར་སྨད་ར་སོགས་རང་ཉིད་ཀྱི་བསམ་པའི་བརྩེ་གདུང་ལ་ལྟོས་ཏེ་དབྱེ་ཞིབ་དང་གདེང་འཇོག་བྱས་པ་རྐྱང་ཡིན་པས་ང་ཚོས་དེ་ལྟ་བུའི་རྩོམ་རིག་ལ་མཐའ་དཔྱོད་དང་བླང་དོར་ངེས་ཅན་ཞིག་དགོས་པ་ཡིན།
    ཨུ་རུ་སུའི་གྲགས་ཅན་རྩོམ་པ་པོ་ཀོར་ཁིས། རྩོམ་རིག་སྒྱུ་རྩལ་གྱི་གྲུབ་ཆ་ཨང་དང་པོ་ནི་སྐད་ཆ་ཡིན། ཞེས་༼གཞོན་ནུ་རྩོམ་པ་པོ་དང་གླེང་མོལ་གནང་བ་ངོས་༣༣༢ལས་<བོད་ལྗོངས་རིག་གནས་༩༢ལོའི་དུས་དེབ་༡༠>བཤད༽པ་ལྟར། ཚིག་རྒྱན་རིག་པའི་སྒྱུ་རྩལ་གྱི་རྒྱུ་ཆ་ནི་མིའི་རིགས་ཀྱི་སྐད་ཆ་ལས་རེག་དགོས་པ་ལས། བླ་མའམ་མཁས་པ་ཞིག་གི་རྩོམ་ལ་ངེས་པར་ལྟོས་དགོས་པ་ཞིག་ནི་གཏན་ནས་མིན་ཏེ། ཀོར་ཁིས།<གོང་གསལ་དེབ་ངོས་༡༦ལས་>བག་ཆགས་ཀྱི་བུ་རྫི་དང༌། འཁོར་ལོ་གཏོང་མཁན། ཉ་པ། གྲོང་གསེབ་ཀྱི་རྔོན་རྒྱག་མཁན་དང༌། དེ་མིན་འཚོ་བ་དབུལ་ཞིང་ཕོངས་པའི་མི་རྣམས་ཀྱིས་རྩོམ་རིག་གི་སྐད་ཆ་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཆེན་པོ་ཞིག་བཞག་མྱོང་ཡོད་པ་རེད། ཅེས་༼རྩོམ་རིག་སྒྱུ་རྩལ་སྐོར་གླེང་བ་ངོས་༣༣༣ནས༽བཤད་ཡོད་འདུག འདི་ནི་རྩོམ་རིག་གི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་འཚོལ་བར་མེད་དུ་མི་རུང་བར་སོང༌། ཨུ་རུ་སུའི་རྩོམ་རིག་པ་ཆི་ཁོ་ཧྥུས། གཞོན་ནུ་རྩོམ་རིག་པ་རྣམས་ལ་གསུང་དོན། ཁྱོད་ཚོས་ལེ་དབར་སྟོང་ཕྲག་དུ་མར་རྒྱང་སྐྱོད་དུ་སོང་ཞིག ཁྱོད་ཚོས་བྱ་དངོས་མཐའ་དག་ལ་ངེས་ཤེས་རྙེད་སྲིད་པ་དང༌། སྒྲུང་རྩོམ་མང་པོ་ཞིག་གི་ལེགས་སྐྱེས་ཁྱེར་ཡོང་བར་ངེས་པ་དང༌། ཁྱོད་ཀྱིས་མི་དམངས་ཀྱི་འཚོ་བ་དངོས་ལ་མཐོང་ཐོས་རྙེད་ཅིང་རི་ཁུལ་གྱི་ས་ཚིགས་དང༌། ཞིང་པའི་སྤྱིལ་བུའི་ནང་ཞག་སྡོད་བྱེད་ཕོད་དགོས། ཞེས་དང༌། ཁྱོད་རང་རྩོམ་པ་པོ་ཞིག་བྱ་འདོད་ན་སང་ཉིན་ནས་བཟུང་མེ་འཁོར་པཱ་སི་ཉོས་ཏེ་ཉི་རུ་ཉི་ལ་གནས་སྐོར་དུ་ཕེབས་དང༌། ཡུལ་དེ་ནས་གཙང་པོ་ཧྥུར་ཇ་དང་ཁ་མཱ་གཙང་པོའི་འབབ་རྒྱུན་བརྒྱུད་དེ་གནས་སྐོར་དུ་ཕེབས་ཤིག ཅེས་བསླབ་བྱ་གནང་བར་<གནད་བསྡུས་ངོས་༣༤༨ལས་>བཤད། ཚུལ་འདི་ནི་ཁ་ཅིག་གི་བློ་ངོར་འབབ་པ་དཀའ་ཡང༌། སྲོལ་རྒྱུན་སྙན་གཞུང་དུ། མང་དུ་ཐོས་པ་དྲི་མེད་དང༌། ཞེས་རྩོམ་ཕུན་སུམ་ཚོགས་པ་ཡོང་བའི་ཆ་རྐྱེན་དུ་བགྲང་ཡོད་པ་མ་ཡིན་ནམ། རྩོམ་རིག་གསར་རྙིང་གང་ཡིན་ཡང་མཐོང་ཐོས་ཀྱི་ཤེས་རྒྱ་ཆེས་ཆེར་བསྐྱེད་དེ་འཚོ་བ་དངོས་ཀྱི་ཉམས་མྱོང་བརྒྱུད་རྩོམ་གྱི་རྒྱུ་ཆ་སྡུད་ལེན་མ་བྱས་ན་རླབས་ཆེ་བའི་རྩོམ་པ་པོ་ཞིག་ཏུ་འགྱུར་བའི་རེ་བ་རྨི་ལམ་དུ་ཡང་མེད་དེ། དཔེར་ན། ཕ་རའན་སིའི་ཧྥུ་རུ་པཱེ་ཡིས། གྲོང་ཁྱེར་པཱེ་རེ་སའི་ཁྲོམ་རར་ཉིན་མཚན་དུས་དྲུག་ཏུ་ལྟ་སྐོར་བྱས་པ་ལྟ་བུ་དང༌། བཱར་ཛ་ཁི་Bal Zacཡང་ལམ་ཁའི་འགྲུལ་པའི་རྗེས་དེད་དེ་སོ་བ་ལྟར་ཟུར་ཉན་དང་ལྟ་བརྟག་བྱེད་པ་སོགས་ཀྱི་དཔེ་བརྗོད་ཀྱིས་མི་ལངས་སོ། །ཞེས་<གནད་བསྡུས་ངོས་༣༤༩ལས་>བཤད་པ་ལྟར་རོ། །
    ཤི་གསོན་ཆགས་འཇིག་གི་དོན་རྐྱེན་དང༌། ཕོ་མོའི་བརྩེ་དུང་གི་དོན་རྐྱེན་ནི་རྟག་བརྟན་རྩོམ་རིག་གི་བརྗོད་བྱ་ཡིན་ཞེས་ཟེར་བ་ནི་ང་ཚོས་དག་པའི་ཞིང་ཁམས་དང༌། མ་དག་དམྱལ་བ་ལྟ་བུའི་སྲོལ་རྒྱུན་ཆོས་ལུགས་ཀྱི་ཤེས་བྱ་སོགས་རྣམ་གྲངས་མང་པོ་ཞིག་དེར་འདུས་མེད་མོད། འདི་ནི་སྤྱི་ཚོགས་འགའ་ཞིག་ལ་བལྟོས་ཏེ་ལས་སླ་པོའི་ཐོག་ནས་སྡོམ་ཚིག་བརྗོད་པ་ཞིག་ཏུ་འདུག་པས་རྩོམ་རིག་གི་བརྗོད་བྱར་ཁྱབ་ཆུང་དྲགས་པའི་དབང་གིས་ཚད་མར་འཛིན་ག་ལ་རུང༌། ང་ཚོས་སྤྱི་ཚོགས་དང་ཁ་བྲལ་ཏེ་རྩོམ་རིག་སྒྱུ་རྩལ་ཞིག་ཟུར་དུ་འཇོག་ཐབས་མེད་པས་རྩོམ་རིག་ནི་སྤྱི་ཚོགས་ཐོག་གི་དངོས་ཡོད་འཚོ་བ་དང་འབྲེལ་བའི་སྐད་ཆ་དེ་དག་ཤེས་ལྡན་མི་སྣས་ལས་སྣོན་བྱས་ཏེ་སྔོན་དུ་བརྗོད་པ་ཙམ་ཡིན། དེར་བརྟེན། ང་ཚོའི་སྐད་ཡིག་ཀྱང་ཆེས་ཡ་མཚན་པའི་རང་བྱུང་ཞིག་གམ་དཀོན་མཆོག་གིས་བྱས་པ་ཞིག་ཡིན་པར་བརྗོད་དཀའ། ང་ཚོས་སྔ་མོའི་ལྷ་སྒྲུང་དང༌། འདྲེ་གཏམ་དེ་དག་གི་ནང་དུ་ལྐོག་ཏུ་གྱུར་པའི་སྣང་ཚུལ་མང་པོ་ཞིག་ཡོད་པ་རྣམས་ཀྱང༌། དོན་དངོས་སྤྱི་ཚོགས་ཐོག་གི་འཚོ་བའམ། སྤྱི་ཚོགས་ཐོག་ཏུ་ཆགས་སྡང་གི་ཚོར་བ་བསྐྲུན་ནུས་པའི་རྩོམ་རིག་གི་སྲོག་དང་ལྡན་པ་ཤ་སྟག་ཡིན་པ་མ་ཟད། སྤྱི་ཚོགས་ཐོག་གི་མི་སྣ་མི་ཉུང་བ་ཞིག་ལ་གཞི་བདག་དང་ཀླུ་གཉན་དངོས་སུ་འཕྲད་པའམ་མཐོང་མྱོང་ཡོད་པས་ཀྱང་ར་སྤྲོད་ངེས་ཅན་ཞིག་བྱས་ཡོད་པ་རེད།
    མི་རིགས་རང་རང་གི་ཐུན་མོང་མ་ཡིན་པའི་སྙན་ངག་གི་བྲོ་བ་ཐོན་པ་ལ་མི་རིགས་རང་ཉིད་ཀྱི་འཚོ་བ་ཁོ་ན་བརྗོད་བྱར་བཀོལ་དགོས་པའི་འདོད་ཚུལ་མཆིས་མོད་ཀྱང༌། དེང་དུས་འགྲིམས་འགྲུལ་གྱི་ཐབས་ལམ་དང༌། དེ་བཞིན་བརྡ་འཕྲིན་དང༌། གསར་འགྱུར་ལས་རིགས་སོགས་ཆེས་ཆེར་འཕེལ་རྒྱས་སོང་བའི་དབང་གིས་འཛམ་གླིང་སྤྱི་ཡི་འཚོ་བ་བརྗོད་གཞིར་བྱས་པའི་སྙན་ཚིག་རིག་པ་ནི་ཐོན་ལོས་ཆོག་ཀྱང༌། མི་རིགས་སོ་སོའི་ས་ཁམས་ཀྱི་ཆགས་སྟངས་དང༌། ཡུལ་གོམས་གཤིས་ལུགས། བསམ་པའི་ཁྱེར་སོ། འཚོ་བའི་གནས་སྟངས་དང་བཅས་པ་སྒོ་ཐམས་ཅད་ནས་ཐུན་མིན་གྱི་ཆ་རེ་རེ་ཡོད་དོ། །དོན་གྲུབ་རྒྱལ་གྱིས་ཀྱང༌། འཇིག་རྟེན་གྱི་མི་རིགས་ལ། རང་གི་ལོ་རྒྱུས་དང༌། རང་གི་སྐད་ཡིག རང་གི་ཁྱད་ཆོས། རང་གི་བསམ་བློ། རང་གི་ཡུལ་སྲོལ། རང་གི་གོམས་གཤིས་དང༌། རང་གི་མངའ་རིས་ཤིག་ཀྱང་ལོས་ཡོད། ཅེས་<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་༡ལས་>བཤད་པ་ལྟར་རེད། འོན་ཀྱང་སྙན་གཞུང་མེ་ལོང་མ་བོད་དུ་འགྱུར་བ་ནས་བཟུང་བོད་ཀྱི་སྙན་ངག་མཁན་པོ་རྣམས་ཀྱིས་རྒྱ་གར་ནས་བྱུང་བའི་རིག་བྱེད་གཏམ་རྒྱུད་ཀྱིས་མཚོན་རྒྱ་གར་གྱི་བསམ་བློའམ་ཡིད་ལ་འཐད་པའི་སྣང་བརྙན་དུ་མ་དང་ལེན་བྱས་ཏེ་བརྩམས་པའི་སྙན་ངག་འབོར་ཆེན་བྱུང་ཡོད་པ་རྣམས་ནི་རང་རེ་བོད་ཀྱི་སྙན་ངག་གི་ལྟེ་བ་ལྟ་བུའི་གོ་གནས་བཟུང་ཡོད་པ་དེ་དག་གི་ནང་དོན་དང་ཇི་ལྟར་རྩོམ་ཚུལ་ལ་རྨོངས་པ་ཞིག་ཡིན་ཚེ་བོད་ཀྱི་སྙན་ངག་པའི་གྲལ་དུ་མི་ཚུད་པ་མ་ཟད་བོད་ཀྱི་སྙན་ངག་གི་ནང་དོན་གཏན་ནས་མ་རྟོགས་པ་སྨྲོས་ཅི་དགོས། །ཡོངས་གྲགས་ལྟར་ན་བོད་ཀྱི་སྙན་ངག་ནི་མེ་ལོང་མ་འགྱུར་བ་ནས་བཟུང་སྟེ་རྩོད་མེད་མཁས་ཆེན་རྣམས་ཀྱིས་མེ་ལོང་མའི་རྩོམ་སྲོལ་བཟུང་སྟེ་བརྩམས་པའི་སྙན་ངག་རྩོམ་སྲོལ་གྱི་འཕེལ་ཤུགས་ཆེན་པོ་ཞིག་བྱུང་ཡོད་པ་འདི་ལ་ངོས་འཛིན་པ་ཡིན་པས་མེ་ལོང་མའི་རྩོམ་སྲོལ་མ་ཤེས་ན་བོད་ཀྱི་སྙན་ངག་གི་ནང་དོན་མི་ཤེས་པས་བོད་ཀྱི་སྙན་ངག་ལ་ཞིབ་འཇུག་གམ་མཐའ་དཔྱོད་དང་སློབ་སྦྱོང་བྱེད་ན་སྐབས་དེའི་སྙན་ངག་ལ་གཙོ་བོར་བཟུང་དགོས་པ་ཡིན། །
རང་རེས་སྙན་ངག་གམ་རྩོམ་རིག་གང་ཞིག་བཀླགས་པ་དེར་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆ་གང་ལའང་སྐྱོན་མེད་ཡོན་ཏན་དང་ལྡན་པ་ཞིག་ཏུ་ཆ་འཇོག་ནམ་ཡང་བྱེད་མི་རུང་སྟེ། གྲགས་ཅན་རྩོམ་པ་པོ་ལུའུ་ཞུན་གྱིས། སྐྱོན་གྱིས་མ་གོས་པའི་དཔེ་ཆ་ཞིག་འཚོལ་འདོད་ན། གནམ་འོག་ཏུ་བལྟ་ཀློག་བྱེད་ཆོག་པའི་དཔེ་ཆ་ཞིག་རྙེད་མི་སྲིད། ཅེས་བཤད་པ་ལྟར། ང་ཚོས་རྩོམ་པ་པོ་ནི་འཇིག་རྟེན་སྐྲུན་མཁན་ཞིག་གམ། རྩོམ་ནི་བདེན་གྲུབ་ཅིག་ཏུ་ནམ་ཡང་བལྟ་མི་རུང༌། རང་ཉིད་ལ་རྣམ་དཔྱོད་ཀྱི་རྩལ་བཅུག་སྟེ་གང་བཀླགས་པའི་རྩོམ་རིག་དག་ལ་མཐའ་དཔྱོད་དང༌། དབྱེ་ཞིབ་ལེགས་པོ་ཞིག་བྱེད་དགོས། བཀླགས་ཟིན་པའི་དཔེ་ཆ་གང་ཞིག་ལ་དབྱེ་ཞིབ་དང༌། གདེང་འཇོག་བྱེད་མ་ཐུབ་པར་དཔེ་དེབ་དེའི་ལད་ཟློས་བྱེད་ཤེས་པ་ཙམ་བྱུང་བ་ལ་དོན་དངོས་སུ་ཕན་ཐོགས་དང༌། བྲོ་བ་གང་ཡང་མེད་ཅེས་བརྗོད་ཆོག །
    སྙན་རྩོམ་གང་ཞིག་ལ་སྒྱུ་རྩལ་གྱི་ནུས་པ་མཆོག་ཏུ་སྟེར་བར་མིང་ཚིག་གི་ཐ་སྙད་བཀོད་སྒྲིག་ལ་རག་ལས་པ་ཞིག་ཡིན་ཏེ། ཧེ་གར་He Gelགྱིས། སྙན་ངག་གི་རྣམ་པའི་མཚོན་བྱེད་ཕུན་སུམ་ཚོགས་ཤོས་ནི་ཐ་སྙད་ཀྱི་བཀོད་སྒྲིག་ཡིན། ཞེས་<༡༩༩༨ལོའི་བོད་ལྗོངས་ཞིབ་འཇུག་དེབ་༣པ་>བཤད་པ་ལྟར་ཚིག་རྒྱན་གྱི་འགྲོས་དང་ལྡན་པའི་ཐ་སྙད་བཀོལ་སྤྱོད་དང༌། བཀོད་སྒྲིག་ལེགས་པོ་ཞིག་བྱུང་བ་ཡིན་ན་རྗོད་བྱེད་དེ་རྣ་བར་ལྷང་གིས་ཐོས་པས་ཡིད་ལ་ཐུན་མིན་གྱི་ཚོར་བ་བསྐྲུན་ཐུབ་པ་མ་ཟད། སྙན་ཚིག་གང་ཞིག་ལ་སྒྱུ་རྩལ་གྱི་ཆ་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུར་གོང་འོག་གི་སྒྲིག་སྦྱོར་བྱེད་སྟངས་ལ་རག་ལས་ཤིང༌། སྐབས་ཀྱི་བརྗོད་བྱ་དང་འཚམས་པའི་གཙོ་ཕལ་དང༌། ཚིག་སྦྱོར་གྱི་བཀོད་སྒྲིག་ལེགས་པོ་ཞིག་བྱུང་བ་ཡིན་ན་རྗོད་བྱེད་དེ་རྣ་བར་ལྷང་གིས་ཐོས་པས་ཡིད་ལ་ཐུན་མིན་གྱི་ཉམས་སྟོན་ཐུབ་པ་མ་ཟད་ཆ་ཚང་བཀླགས་ཟིན་པའི་ཚེ་ན་ཡིད་ལ་འགྱུར་བ་དེ་བས་ཀྱང་སྟོན་ཐུབ་པ་ཡིན་ལ། གཞན་དུ་ན་མགོ་མཇུག་གི་བཀོད་སྒྲིག་བྱེད་སྟངས་གང་ཞིག་ལ་སྐྱོན་བྱུང་ན་རྩོམ་ཡིག་དེར་སྐྱོན་ཆ་བྱུང་བ་ཤོད་ག་ལ་དགོས། དེ་ཡང་ཟློས་གར་མཁས་པ་ལིས་ཡུས་ཀྱིས། ཤིང་བཟོ་མཁས་པས་གཙུག་ལག་ཁང་བཞེངས་པའི་དཔེ་བཀོད་པ་ལྟར། སྒོ་དང་སྒེའུ་ཁུང་གང་ནས་འཇོག་པ་དང༌། ཀ་བ་དང༌། གདུང་མ་སོགས་ལ་ཤིང་ཆ་ཇི་ལྟར་བཀོལ་དགོས་པ་སོགས་སྒྲིག་སྦྱོར་ལ་ཡང་ཡང་བརྟག་ཞིབ་བྱས་ཏེ་བཀོད་སྒྲིག་ནན་པོ་བྱེད་དགོས་པར་འདུག ཡང་ཁོང་གིས་རྩོམ་གྱི་སྒྲིག་སྦྱོར་ནི་ལྭ་བ་འཚེམ་པ་ཇི་བཞིན་ཡིན་ཞེས་བཤད་པ་ལྟར། ཐོག་མར་རས་ཆ་ཡུག་གཅིག་དུམ་བུར་གཅོད་པ་སླ་ཡང༌། དུམ་བུ་དེ་དག་གཞི་གཅིག་ཏུ་བསྒྲིགས་ཤིང་ཚེམ་པ་ནི་ལས་སླ་བ་ཞིག་གཏན་ནས་མ་ཡིན་མོད། གང་ཞེ་ན། དུམ་བུ་གཅིག་ལ་སྐྱོན་བྱུང་ན་ལྭ་བ་ལ་སྐྱོན་བྱུང་བ་ལྟར་རྩོམ་གྱི་བརྗོད་བྱ་དང༌། རྗོད་བྱེད་ཀྱི་ཆ་གང་ཞིག་ལ་སྐྱོན་བྱུང་བ་རྩོམ་ཡིག་དེ་ལ་སྐྱོན་ཤོར་བ་དཔེ་དོན་སྦྱར་བ་ནི་ཤིན་ཏུ་དོན་ལ་གནས་པའི་བཤད་པ་ཞིག་རེད་སྙམ། དཔེར་ན། དཔྱད་རྩོམ་གང་ཞིག་ལ་རྗོད་བྱེད་ཀྱི་ཆ་ནས་ཕུན་སུམ་ཚོགས་པོ་ཡིན་ན་ཡང༌། བརྗོད་བྱའི་ཆར་དགོས་མེད་ཀྱི་ལད་ཟློས་དང༌། དངོས་དོན་དང་མི་འཚམ་པའི་འཁྱོག་བཤད། ཕྱོགས་སུ་ལྷུང་བའི་ཆོས་ལྔ་སོགས་ཀྱིས་བསླད་པར་གྱུར་པ་ཡིན་ན་བརྗོད་བྱའི་ཆ་ནས་སྐྱོན་ཆེས་ཆེ་བ་ཞིག་ཤོར་བ་ཡིན་པས་རྩོམ་ཡོངས་ལ་སྐྱོན་བྱུང་བར་འཇོག་ཆོག་པ་ལྟ་བུ་ཡིན།
    སྙན་ངག་བྲི་བ་ལ། ཆགས་སྡང་སྣ་ཚོགས་ཀྱི་འབྱུང་ཁུངས་སུ་གྱུར་པའི་སྤྱི་ཚོགས་ཐོག་གི་བྱ་དངོས་ཐམས་ཅད་ལ་རང་གིས་ནུས་ཚོད་ཀྱིས་ཤེས་རྟོགས་དང༌། དབྱེ་ཞིབ་བྱེད་དགོས་ཤིང༌། དེ་ཡང་མི་སྣ་གང་མང་ངོ་ཤེས་པ་ཙམ་མ་ཡིན་པར་སྤྱི་ཚོགས་གང་ཞིག་དང༌། མི་རིགས་གང་ཞིག་གི་བསམ་པའི་ཁྱེར་སོ་དང༌། དམིགས་ཡུལ། འགུལ་སྐྱོད་སོགས་སྒོ་ལྔའི་དབང་ཤེས་ཀྱིས་ཚོར་ཞིང་ཡིད་ཀྱི་རྣམ་ཤེས་ཀྱིས་དགེ་སྐྱོན་གྱི་ཐད་དབྱེ་ཞིབ་དང༌། བླང་དོར་བྱེད་དེ་བཅད་ལྷུག་སྤེལ་མ་ཅི་རིགས་ཀྱིས་རྣར་སྙན་ཡིད་དུ་འོང་བའི་ཉམས་ཀྱིས་སྤྲས་ཤིང་ཀློག་པ་པོ་དག་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཐུབ་པ་ཞིག་དགོས་ལ། དེ་ཡང་དངོས་པོའི་གནས་ལུགས་ལ་དྲང་བརྗོད་རང་བཞིན་ཅན་གྱི་ལམ་ནས་སྔོན་ཆད་ཐེར་འདོན་དང༌། གསལ་སྟོན་བྱེད་མ་ཐུབ་པ་རྣམས་འདོན་ཐུབ་པ་བྱེད་དགོས་པ་ལས། ལད་ཟློས་ཀྱིས་ཚིག་རྒྱན་འདྲ་མིན་ལྷུ་བསྒྲིགས་ཏེ་ར་མགོ་ལུག་སྦྱར་བྱས་ན་ཞིབ་བཀླགས་བྱས་པ་ཙམ་གྱིས་བྲོ་བ་ཆུང་དུ་འགྲོ་བས་དོན་གྱི་སྙན་རོ་འདོན་མི་ཐུབ་པ་མ་ཟད། དེ་རིགས་ནི་ཚད་ལྡན་གྱི་སྙན་ངག་ཅིག་ཏུ་ནམ་ཡང་འགྱུར་དཀའ།
    དེང་གི་རྩོམ་འབྲི་བ་འགའ་ཞིག་རྩོམ་ཡིག་གི་ཚིག་གང་རུང་ཞིག་རྩོམ་གཞན་དག་ལས་མཐོང་ན་ལད་མོའི་རྩོམ་ཞིག་ཏུ་དྭོགས་མཁན་མཆིས་པ་དེ་རིགས་ནི་ཟོན་ཆེ་དྲགས་པར་སྙམ། རྩོམ་ཡིག་གང་ཞིག་བྲི་བ་ལ་རང་རང་གི་བརྗོད་གཞི་དང༌། ཉམས་འདོན་སྟངས་སམ། སྒྱུ་རྩལ་གྱི་ཆ་ནས་ཐུན་མོང་མ་ཡིན་པ་ཞིག་ངང་གིས་འབྱུང་བ་ཡིན་མོད་ཀྱང༌། ཐ་སྙད་བཀོལ་སྤྱོད་ཀྱི་ཐད་སྔར་སུས་ཀྱང་མ་སྦྱར་བའི་ཐ་སྙད་གསར་པ་ཞིག་རེག་དཀའ་བ་མ་ཟད་དེ་ལྟར་སྦྱར་ནའང་ལམ་སེང་ཀློག་པ་པོ་རྣམས་ཀྱིས་གོ་བ་ལེན་ཆོག་ཅིག་ཤིན་ཏུ་ནས་དཀའ་བར་སྙམ། ཚད་ལྡན་གྱི་རྩོམ་པ་པོ་ཞིག་ཡིན་ན། དཔེ་ཆ་ཁྲི་བཀླགས་དང༌། ལེ་དབར་ཁྲི་བསྐྱོད་ཀྱི་ཐ་སྙད་བྱུང་བ་ལྟར་ལུགས་གཉིས་དང༌། སྤྱི་ཚོགས་ཀྱི་འཚོ་བ་ལ་མྱོང་གོམས་དང་ལྡན་ཞིང༌། ཕུལ་དུ་བྱུང་བའི་རྒྱལ་ཁབ་ཕྱི་ནང་གི་རྩོམ་ཡིག་སྣ་མང་བཀླགས་ཟིན་པའི་རྩོམ་རིག་པ་དེས། ཕ་མཐའ་མེད་པའི་ཤོག་དཀར་གྱི་ཐང་ཆེན་དུ་ཤིན་ཏུ་ཚ་རླབས་དང༌། མྱུར་མགྱོགས་ལྡན་པའི་གྱི་ལིང་གི་མྱུག་ཁ་དེ་ཉིད། དབང་ཡོད་དང་འབྱོར་ལྡན་སོགས་སུས་ཀྱང་འགོག་ཏུ་མི་གཏུབ་པར་ཆེས་ཤུགས་དྲག་པའི་བང་རྩལ་ངོམས་པའི་ཚེ་ན། ཀློག་པ་པོ་དག་གི་རྣ་བར་སྙན་ཞིང་ཡིད་ལ་འཐད་པའི་རྨད་དུ་བྱུང་བའི་ཚིག་རྒྱན་གྱི་དཔལ་དེ་དག་སྙན་ངག་གི་དཔེ་དེབ་གཞན་ཞིག་ཟུར་འཇོག་བྱས་པ་ལ་མ་ལྟོས་པར་ཉམས་འགྱུར་ལྷུག་ལྷུག་ཏུ་ཐོན་ཡོང་བའི་ཚེ་ན། སྐབས་འགར་སྔོན་ཆད་མྱོང་ཚོར་ཡོད་པའི་སྙན་ངག་གིས་བློ་སྒོ་ཕྱེས་ཏེ་ཚིགས་རྐང་ཆ་ཡ་དང༌། ཕྱེད་པ་སོགས་ཡོང་སྲིད་ལ། རྩོམ་པ་པོ་མི་འདྲ་བ་གཉིས་ཀྱིས་སྐད་ཡིག་གཅིག་ལ་བརྟེན་པའི་རྩོམ་ཡིན་ན་སྔར་གཅིག་ཤོས་བཀླགས་པ་ལ་མ་ལྟོས་པར་ནང་གི་སེམས་ཚོར་ཕྱིར་མངོན་སྟངས་དང༌། ཚིག་རྒྱན་བཀོལ་སྟངས་མཐུན་པའང་ཡོང་མི་སྲིད་པ་མིན་ལ། དེའི་དབང་གིས་རྐང་པ་ཆ་ཚང་དང༌། ཕྱེད་དམ། རེ་གཉིས་ལ་སྒྲ་གཅིག་པར་གྱུར་པའང་ཡོང་མི་སྲིད་པ་ག་ལ་ཡིན།
    འོན་ཀྱང༌། ཆེས་མངོན་པར་གསལ་བའི་ལད་ཟློས་ཤིག་ལ་རྒྱ་ནག་གི་གྲགས་ཅན་སྙན་ངག་མཁན་ལུའུ་ཞུན་གྱི་སྨྱོན་པའི་ཉིན་ཐོ་ཞེས་པ་དེ། ཨོ་གོའི་གོ་གི་ལེ་ཡི་སྨྱོན་པའི་ཉིན་ཐོས་བློ་སྒོ་ཕྱེས་པའི་འོག་ནས་བྲིས་པར་བཤད་ཅིང༌། དེ་ཡང་དཔེ་གཉིས་མཚན་བྱང་གཅིག་པ་མ་ཟད། གཉིས་ཀས་ཉིན་ཐོ་བྲི་སྟངས་ཀྱི་རྣམ་པ་བཀོད་ཡོད་ལ་མི་སྣ་གཙོ་བོའང་སྨྱོན་པར་བཞག་ཅིང༌། མཇུག་བསྡུ་བའི་གཏམ་ལས་ཀྱང༌། གོ་གི་ལེས། ང་རང་སྐྱོབས་རོགས་ཞུ་ཞུ། ཞེས་པ་དང་འདྲ་བར་བྱིས་པ་རྣམས་སྐྱོབས་རོགས་ཞུ་ཞུ། ཞེས་བྲིས་ཡོད་པར་བཤད། འདི་ནི་རླབས་ཆེན་གྱི་རྩོམ་པ་པོ་ཞིག་གིས་བྲིས་པར་སྨྲས་ཏེ་སྐྱོན་མེད་དུ་བརྩིས་ན་ཚན་རིག་དང་མི་མཐུན་པའི་འཁྱོག་བཤད་རང་བཞིན་ཅན་གྱི་སྐད་ཆ་ཞིག་ཡིན་པས་ངེས་པར་མཐའ་དཔྱོད་དང་བླང་དོར་བྱ་ཡུལ་ཞིག་ཡིན། ཚུལ་འདི་དང་མཐུན་པར་སྔར་གྱི་རྩོམ་པ་པོ་ཚད་ལྡན་དག་ལ་ཕྱོགས་ཐམས་ཅད་ནས་ལད་འབྲི་བྱས་ན་སྐྱོན་དུ་འགྲོ་བའི་ཚུལ་མང་པོ་ཞིག་ཡོང་གིན་ཡོད། དེར་མ་ཟད། རྩོམ་པ་པོ་དང༌། བསམ་བློ་བ་དང༌། ཚན་རིག་པ་སོགས་ནི་མང་དུ་ཡོད་ཀྱང༌། དེ་དག་ལས་ཤིང་རྟའི་སྲོལ་འབྱེད་དམ་ཐུན་མོང་མ་ཡིན་པའི་ལམ་བུ་བཏོད་ཐུབ་མཁན་ནི་ཤིན་ཏུ་ཉུང༌། རང་གིས་ལམ་གསར་པ་དང༌། ལྟ་ཚུལ་གསར་པ་དང༌། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་བྲོ་བ་ཞིག་སྟོན་པར་རང་ཉིད་ལ་ལྷན་སྐྱེས་ཀྱི་ཤེས་རབ་ངེས་ཅན་ཞིག་དགོས་པ་ལས་རང་དགར་འགྲུབ་མི་ཐུབ་མོད། དེར་བརྟེན། ང་ཚོས་གཞན་དག་ལ་ལད་ཟློས་ཁོ་ན་བྱས་ཏེ་རང་ཉིད་ལ་རྩལ་འདོན་བྱ་རྒྱུ་གང་ཡང་མེད་ན་རྩོམ་གྱི་བྱ་བ་དེ་རླབས་ཆེན་ཞིག་ཏུ་གྱུར་མེད་པ་མ་ཟད། དེ་འདྲའི་རྩོམ་ཡིག་དེ་གད་སྙིགས་དང་གཉིས་སུ་མེད། །ད་དུང་ང་ཚོས་རླབས་ཆེ་བའི་སྒྱུ་རྩལ་པའམ་ཤིང་རྟའི་སྲོལ་འབྱེད་དག་ལ་ལད་ཟློས་ཁོ་ན་བྱ་མི་རུང་སྟེ། ཁོ་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་དེ་ཁོ་རང་ཁོ་ནར་མངའ་བ་ལས་མི་གཞན་གྱིས་འབད་མེད་ལྷུན་གྲུབ་ཏུ་ག་ལ་རེག དོན་འདི་ལ་དགོངས་ཏེ། གྲགས་ཅན་རྩོམ་པ་པོ་VictorHugo ཨུའུ་གོས། གསར་བཏོད་ཀྱི་སྙིང་སྟོབས་ནི་དེའི་སྐྱེས་སྟོབས་ཀྱི་ཤེས་རབ་ཡིན། ང་ཚོས་ཤིང་རྟའི་སྲོལ་འབྱེད་རྣམས་ལ་བསྔགས་བརྗོད་བྱེད་འོས་མོད། དེ་དག་ལ་ལད་ཟློས་བྱེད་མི་རུང༌། ཞེས་<རྩོམ་རིག་རྣམ་བཤད་>བཤད་པ་ནི་ཕུལ་དུ་བྱུང་བའི་ལེགས་བཤད་དུ་ངེས། །

སྙན་ངག་ཅེས་པ་གང་ཞིག་ཡིན་པ།

    དགའ་སྡང་ཁྲོ་ཆགས་ཀྱི་ཚོར་བ་གང་ཞིག་རང་དབང་མེད་པར་སྙན་ངག་གི་ངོ་བོར་ཤར་ཏེ་ཡིད་དུ་འོང་བའི་གནས་སམ། ལེགས་པའི་ཡུལ་ལ་ཡིད་དགའ་ཞིང་མགུ་ནས་གད་མོ་དགོད་པའི་ཆ་དེ་ཉིད་ངག་གི་གོང་བུར་འདྲིལ་ཏེ་ཆགས་པའམ། གྱོང་གུན་དང་མནར་གཅོད་སོགས་སྡུག་བསྔལ་གྱིས་ཡིད་རབ་ཏུ་སྐྱོ་ཞིང་དྲག་ཏུ་ངུས་པའི་མིག་ཆུའི་འོད་ལྷུང་ལྷུང་དུ་འཚེར་བའི་རང་བཞིན་དེ་ཉིད་ངག་གི་ལམ་དུ་མངོན་པ་ཞིག་ལ་སྙན་ངག་ཟེར། དེ་ལྟར་ཡང་སྙན་ངག་སྨྲ་བ་ཆེན་མོ་ལིས་ཅིན་གྱིས། སྙན་ངག་ཅེས་པ་ནི་སྙན་ངག་མཁན་གྱིས་དགོད་སྒྲ་གོང་བུར་ཆགས་པའམ། མིག་ཆུ་འོད་དུ་འཚེར་བ་ཞིག་ཡིན། ཞེས་བཤད། ཚུལ་དེ་སྤྱི་ཚོགས་རིག་པའི་སྙན་ངག་གི་གོ་དོན་གནད་དུ་སྨིན་པ་ཞིག་ཏུ་སོང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སྙན་ངག་ནི་ཡིད་ཀྱི་སྤྲོས་པའི་ཉམས་འགྱུར་སྟོན་པ་ཞིག་ཡིན། ཞེས་ཟེར་ཞིང༌། སྤྱི་ཚོགས་ཀྱི་ལེགས་ཉེས་སམ། བྱ་འགུལ་གང་ཞིག་རང་གི་རྣམ་རྟོག་གི་འཆར་སྒོ་མི་འདྲ་བ་སྣ་ཚོགས་པའི་བརྒྱུད་ནས་དགེ་སྐྱོན་དང་དབྱེ་ཞིབ་གདེང་འཇོག་སོགས་བྱེད་པའི་རང་གི་ཚོར་འདུ་ཤུགས་དྲག་པོ་ལས་ཐོན་པའི་ངག་གི་སྒྱུ་རྩལ་ཞིག་ལ་སྙན་ངག་ཅེས་ཟེར་བ་ནི། སྙན་ངག་ནི་རྟོག་བཏགས་ཀྱི་འཆར་སྣང་དང༌། ཚོར་འདུ་ཤུགས་དྲག་པོ་ལས་བྱུང་བ་རེད། ཅེས་བཤད་པ་ལྟར་རེད། དགའ་སྡང་ཁྲོ་ཆགས་ཀྱི་ཚོར་བ་ཐད་ཀར་ལྷུག་ལྷུག་ཏུ་བརྡོལ་བ་ནི་སྙན་ངག་གི་སྲོག་རྩ་ལྟ་བུ་ཡིན་པས་དེ་ལྟར་མ་ཐོན་ན་ཚིག་སྦྱོར་ལ་རྒྱན་ཆ་ཇི་ལྟར་སྤྲས་ཀྱང་སྲོག་དབང་དང་མི་ལྡན་པའི་བེམ་རོ་དང་འདྲ་ཞིང༌། དེ་ཡང་དྲང་བདེན་དང་དངོས་པོའི་གནས་ལུགས་ལ་མཐུན་ཚབས་ཆེ་བ་ཞིག་ཡིན་དགོས་པར་འདུག་སྟེ། སྙན་ངག་པ་དགེ་ཆོས་ཀྱིས་ཀྱང༌། སྙན་ངག་ཚད་ལྡན་དེ་ཚོའི་རང་བཞིན་ནི་ཆོས་ཉིད་ཀྱི་གཤིས་དང་འགྲོགས་ཆེ་བའི་སྟོབས་ཀྱིས་ཡིན་པ་འདྲ། ཞེས་༼བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་༡༩༩༢ལོར་དཔར༽བཤད། ང་ཚོས་དྲང་བདེན་གྱི་ལམ་ནས་དཔྱད་དགོས་པ་ལས། སྲོལ་རྒྱུན་སྙན་ངག་ཡིན་པ་ཙམ་གྱིས་སྲོག་དབང་མི་ལྡན་པའི་བེམ་རོ་ཞིག་ཏུ་ངོས་འཛིན་མི་རུང་ལ། སྙན་ངག་ཡིན་ན་མངོན་བརྗོད་དང༌། ཚིག་རྒྱན། དེ་བཞིན་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་བཅས་ཀྱིས་མཐའ་གཅིག་ཏུ་བརྒྱན་དགོས་པར་འདོད་པ་ཅུང་མི་འཐད་སྙམ་མོ། །
    སྤྱིར་སྙན་ངག་ནི་རྩོམ་རིག་གཞན་ལས་བརྗོད་བྱ་བསྡུ་ཆེ་བ་ཞིག་ཡིན་དགོས་ཤིང༌། རང་གིས་ཐད་ཀར་ཐོན་པའི་ཚོར་བ་རྣོན་པོ་དེས་བརྗོད་བྱ་གང་ཡིན་པ་དེ་སྙིང་བསྡུས་སུ་མཚོན་ཐུབ་པ་ཞིག་དགོས་པར་འདུག་སྟེ། སྙན་ངག་མཁན་ཧི་ཆི་ཧྥུང་གིས། སྙན་ངག་ནི་ཕུན་སུམ་ཚོགས་པའི་ཡིད་སྤྲོས་དང༌། ཐད་ཀར་དུ་ཐོན་པའི་ཚོར་འདུ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་སྙིང་བསྡུས་ཀྱིས་མཚོན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། ཞེས་བཤད།
    སྙན་ངག་གི་དཔེ་དོན་གང་ཞིག་སྦྱོར་ཚེ་རབ་བཏགས་ཤུགས་ཆེན་པོ་འདྲེན་པའམ། མིན་ཀྱང་སྣང་བརྙན་ཅན་ནམ་གསོན་ཉམས་དང་ལྡན་པ་ཞིག་ཏུ་ཡོང་བ་ལ་ངེས་པར་དུ་ལས་ཚིག་གམ་བྱ་ཚིག་ཡིད་དུ་འོང་བ་སྦྱོར་རྒྱུ་དེ་ཡིན་པར་བཤད་ཡོད། གལ་སྲིད་སྙན་ངག་ལ་གསོན་ཉམས་དང་འགུལ་སྐྱོད་ཀྱི་རང་བཞིན་དང་ལྡན་པའི་སྒྱུ་རྩལ་གྱི་ཚད་གཞི་ངེས་ཅན་ཞིག་སྟེར་དགོས་པ་ཡིན་ན་ལས་ཚིག་ལ་དུས་གཏན་དུ་དོ་སྣང་བྱེད་དགོས་པ་ནི། ཨཱ་ཐོར་སི་ཐེས། སྒྱུ་རྩལ་གྱི་སྐད་བརྡའི་ཁྲོད་དུ་ཆེས་གལ་ཆེ་བ་ནི་ལས་ཚིག་ཡིན་ཏེ། འཚོ་བ་ཡོངས་རྫོགས་ལ་འགུལ་སྐྱོད་ལྡན་པའི་ཕྱིར། ཞེས་<༡༩༩༨ལོའི་བོད་ལྗོངས་ཞིབ་འཇུག་དེབ་༣པ་>དང༌། རྒྱ་ཡི་སྙན་ངག་པ་ཞེ་བུན་ལེ་ནས་ཀྱང༌། ལས་ཚིག་ངོ་མཚར་བར་སྦྱོར་རྒྱུ་ནི་སྙན་ངག་སྣང་བརྙན་ཅན་དུ་འགོད་པ་དང༌། སྣང་བརྙན་ལ་འགུལ་སྣང་བསྐྱོད་པའི་སྒྱུ་རྩལ་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན། ཞེས་<༡༩༩༨ལོའི་བོད་ལྗོངས་ཞིབ་འཇུག་དེབ་༣པ་>བཤད་པས་ཀྱང་གོ་ནུས་པ་རེད།
    ས་པཎ་གྱི་མཁས་འཇུག་<མི་རིགས་དཔེ་སྐྲུན་ཁང་གི་དཔར་མ་ངོས་༤༥>ལས། ཚིག་དོན་ཕུན་སུམ་ཚོགས་གྱུར་ཅིང༌། །སྐྱོན་མེད་མཁས་པ་མགུ་བྱེད་ན། །ཡོན་ཏན་འགའ་ཞིག་མ་ཚང་ཡང༌། །སྙན་ངག་སྐྱོན་ཅན་མིན་པར་བཤད། །ཅེས་གསལ་བ་ལྟར་ན། རང་རེའི་སྲོལ་རྒྱུན་སྙན་ངག་ལའང་སྙན་གཞུང་ནས་བཤད་པའི་སྙན་ཚིག་རིག་པ་ལ་དགོས་པའི་ཡོན་ཏན་དེ་དག་ཐམས་ཅད་ཚང་བ་ཞིག་མ་ཡིན་ཀྱང༌། ཚིག་དོན་ཕུན་སུམ་ཚོགས་པའི་ཉམས་འགྱུར་དང་ལྡན་ཞིང༌། སྒྲ་དོན་གྱི་སྡེབ་སྦྱོར་སོགས་མ་འབྲེལ་བའི་སྐྱོན་མེད་ཅིང༌། ཚིག་རྒྱན་ལ་མཁས་པའི་སྐྱེ་བོ་དག་མགུ་བ་སྐྱེད་ཐུབ་པ་ཞིག་ཡིན་ན་སྙན་ངག་སྐྱོན་ཅན་ཞིག་མ་ཡིན་པར་བཤད་པའི་ཚུལ་འདིས་སྲོལ་རྒྱུན་རྩོམ་ལུས་གཞན་ལས་སྙན་ངག་ནི་རང་དབང་ཅུང་ཆེ་བ་ཞིག་ཏུ་བསྟན་པ་ཡིན།
    སྐབས་འགར་ཁ་མཚར་དང་གཞན་ལ་སྐྱོན་བརྗོད་དང་ཟུར་ཟའི་རིགས་ལ་འགྲོ་ཤུགས་ཆེ་བའི་ལྷུག་རྩོམ་སྤེལ་མའི་རིགས་ཀྱང་སྙན་ངག་གི་ཁོངས་སུ་ཡོད་ལ། དེ་ནི་ཤིན་ཏུ་རྣོ་ངར་ཆེ་བ་དང༌། ཁ་ཐུག་ཏུ་ཚོར་བ་སྟེར་ནུས་པའི་རྒྱན་གྱི་ལམ་ནས་ཐོན་པ་ཞིག་ཡིན་དགོས་ཏེ། ལྷུག་རྩོམ་སྤེལ་མ་ལ། ཚོར་བྱེད་ཀྱི་དབང་པོ་དང༌། དགྲར་འཐབ་ཀྱི་མདུང་དང༌། རང་སྲུང་གི་ཕུབ་ལྟ་བུ་ཡིན་པར་ལུའུ་ཞུན་གྱིས་བཤད། དེ་ཡང་སྒྲིག་གཞི་དབང་བཙན་པོ་ཞིག་མ་ཡིན་པར་དགའ་སྐྱོའི་ཉམས་གང་ཞིག་མཚོན་པ་ལ་འཕྲལ་དུ་བརྗེ་པོ་བྱེད་ཆོག་པའི་རྩོམ་ལུས་ཤིག་ཡིན་པར་འདོད། སྙན་གཞུང་མེ་ལོང་མ་ནས་དམིགས་བསལ་གྱིས་དབྱེ་སྲོལ་འདི་ཟུར་དུ་བྱུང་མེད་པར་སྙམ།
 

སྙན་ངག་གསར་རྙིང་གི་སྐོར།

    ༡༨༨༥ལོར་ཟླ་༧ཚེས་༤ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་སྙན་ངག་མཁན་ཧུའི་ཐེ་མན་གྱིས་ཤོག་ངོས་༩༥ཡོད་པའི་སྙན་རྩོམ་ཕྱོགས་བསྒྲིགས་ཤིག་བཏོན་པ་དེ་འཛམ་གླིང་ཐོག་གི་རང་མོས་སྙན་ངག་གི་ཐོག་མ་དེ་ཡིན་པར་བཤད་ཅིང༌། བོད་ཀྱི་དེང་རབས་རྩོམ་རིག་ནི་དུས་རབས་ཉི་ཤུའི་དཀྱིལ་ནས་ཐོན་པའི་རྩོམ་ཡིག་ཁག་ཅིག་དང༌། གཙོ་བོ་ལོ་རབས་བརྒྱད་ཅུ་ནས་འགོ་བཙུགས་ཏེ་ཐོན་པའི་རྩོམ་རིག་ལ་ཟེར། བོད་དུ་༡༩༨༠ནང་སྐོར་ནས་དོན་གྲུབ་རྒྱལ་གྱིས་<ལང་ཚོའི་རྦབ་ཆུ>བཏོན་པ་ནས་རང་མོས་སྙན་ངག་སོགས་དེང་རབས་རྩོམ་རིག་ཁག་ཅིག་འགོ་ཚུགས་ཡོད་པར་འདུག དེ་ཡང་ཐོག་མར་ནུབ་གླིང་ནས་རིམ་པར་རྒྱ་ནག་ཏུ་དར་ཞིང་དེ་ལས་གཞོན་སྐྱེས་ཁག་ཅིག་གིས་ཕྱི་གཏེར་ནང་འདྲེན་བྱས་པ་ཞིག་ལས་ཁོང་ཚོས་གསར་དུ་བརྩམས་པ་ཞིག་ནི་གཏན་ནས་མིན། སྐབས་དེ་ནས་བཟུང་ན་གཞོན་ཁག་ཅིག་གིས་རང་མོས་སྙན་ངག་ལ་དང་ཞེན་གྱིས་སྲོལ་རྒྱུན་སྙན་ངག་ལ་འཆིང་བཅིང་སྙན་ངག་སོགས་ཟེར་ཏེ་བྱེད་ཐབས་ཆ་མ་ཚང་བའམ། སྤྱི་ཚོགས་ཀྱི་འཚོ་བ་མཚོན་མི་ཐུབ་པ་སོགས་སྒོ་ཀུན་ནས་སྨད་པར་བྱེད་པ་ནི། དཔེར་ན།༼༡༩༩༤ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དེབ་༢པའི་ངོས་༢༥པར་བཀོད་པའི་རྐང་ཚའི་ལྷ་མོ་སྐྱབས་ཀྱི་རྩོམ༽གོམས་དཔེ་རྙིང་པ་དེ་ལུགས་སྲོལ་རྙིང་པར་བསྡེབས་ནས་འཆི་འོས་སོ། །ཞེས་བཤད་འདུག་པ་ལྟ་བུ་རེད། དེ་ནི་མི་རིགས་ཀྱི་སྲོལ་རྒྱུན་ལྟ་བ་སྤྱི་ལ་སྦྱར་བའི་དབང་དུ་བྱས་ཚེ་ཤིན་ཏུ་མི་འོས་པའི་ཚིག་ཡིན་ཏེ། མི་རིགས་ཐུན་མིན་གྱི་མཚོན་བྱེད་དམ། སྲོལ་རྒྱུན་གྱི་ཆོས་རིག་ལོ་རྒྱུས་དང༌། ཡུལ་གོམས་གཤིས་ལུགས་སོགས་ལ་མ་བརྟེན་པར་མི་རིགས་ཀྱི་རིག་གནས་གསར་རྐྱང་ཞིག་དང་ལེན་བྱེད་དགོས་ཞེས་ཟེར་བ་ནི་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་རང་བཞིན་དང་ཡོངས་སུ་འགལ་བ་ཞིག་རེད་སྙམ།
    སྐབས་དེར་སྲོལ་རྒྱུན་འཛིན་པ་པོ་རྒན་རབས་འགས་ཀྱང་རང་མོས་སྙན་ངག་ལ་མི་རིགས་རིག་གཞུང་གི་རིན་ཐང་དང་མི་ལྡན་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཏེ་ཤེས་ལྡན་འགའ་ཞིག་གི་རྒྱུད་ལ་འགལ་བ་ཛ་དྲག་སླེབས་ཡོད་པ་རེད། འོན་ཀྱང་སྙན་ངག་པ་འགའ་ཞིག་སྲོལ་རྒྱུན་དང་གསར་དར་གཉིས་ཀ་རྩོམ་ན་བྲི་ཤེས་མཁན་དང༌། བཀླགས་ན་གོ་ཐུབ་མཁན་ཡང་བྱུང་ཡོད་པར་སྣང༌། ཁོ་བོའི་ལྟ་ཚུལ་ལྟར་ན་རྩོམ་པ་པོ་རང་ཉིད་ལ་ཚིག་དོན་གྱི་ཉམས་འགྱུར་དང༌། སྡེབ་སྦྱོར་གྱི་འགྲོ་ལུགས། ལུས་སྲོག་རྒྱན་གསུམ་ཕུན་སུམ་ཚོགས་པའི་རྣར་སྙན་ཡིད་དུ་འོང་ཞིང༌། ཀློག་པ་པོ་ལ་ཚོར་བ་ཁྱད་པར་ཅན་བསྐྲུན་ཐུབ་མཁན་ཞིག་ཡིན་ན་གསར་རྙིང་གི་དབྱེ་འབྱེད་བྱེད་པར་འོས་པའི་གནས་སུ་མི་མཐོང་ཞིང༌། སྲོལ་རྒྱུན་ལྟ་བུ་ལའང་སྙན་ངག་མེ་ལོང་མ་ལས། དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །ཞེས་མེ་ལོང་མ་རྩོམ་པ་པོ་རང་ཉིད་ཀྱིས་གང་གཏན་ལ་ཕབ་པའི་དོན་སྒྲ་གབ་ཚིག་གི་རྒྱན་དེ་དག་རང་གི་རྟོག་ངོར་འཆར་ཐུབ་ཚོད་ཙམ་ཞིག་གཏན་ལ་ཕབ་པ་ལས། མིའི་རིགས་ཀྱི་རྣམ་རྟོག་ལ་མཐའ་མེད་པས་དེ་ལ་བརྟེན་པའི་སྙན་ངག་གི་རྒྱན་ཡང་འདི་ཙམ་མོ་ཞེས་ཐག་གཅོད་མི་ནུས་པའམ། སུས་ཀྱང་ཆ་ཚང་བར་འཆད་ཅིང་གཏན་ལ་འབེབས་མི་ནུས་པར་བཤད་པ་ཡིན་པས། སྲོལ་རྒྱུན་ཁས་ལེན་མཁན་རྣམས་ནས་གསར་དར་ལ་རྩ་བའི་ཆ་ནས་སྐྱོན་འཕེན་མི་འོས་པར་སྙམ། རྩོམ་མཁན་རང་ཉིད་ཀྱིས་གང་རུང་ཞིག་ལས་མི་ཤེས་ཤིང་རང་གིས་གང་གོ་བ་དེའི་རྗེས་སུ་འབྲངས་ནས་གཅིག་ཤོས་ལ་སུན་ཅི་ཕྱིན་ཏུ་རྒོལ་བ་ནི་ཕྱོགས་ཞེན་ཅན་སྤྱི་ཡི་ལུགས་སོ། །
    འོན་ཀྱང་མ་འོངས་པར་ང་ཚོའི་རྩོམ་རིག་ཁྲོད་དུ་བསྡུས་བརྗོད་རང་བཞིན་ཅན་གྱི་རྩོམ་རིག་དང༌། རང་མོས་སྙན་ངག་ལ་བསྙད་ནས་བྱས་པའི་སྙན་རྩོམ་དེབ་ཆེན་གང་ཞིག་མགོ་ནས་མཇུག་བར་དུ་བཀླགས་ཀྱང་ཀློག་པ་པོ་ཚད་ལྡན་དག་གི་བློ་ཡུལ་དུ་བརྗོད་བྱ་གང་ཡང་འཆར་མི་ཐུབ་པའི་རིགས་ཤིག་མི་ཐོན་པའི་ངེས་པ་མི་འདུག་མོད། རྣམ་པ་གཅིག་ཏུ་ན། ནུབ་ཕྱོགས་ཀྱི་སྙན་ངག་མཁན་འགའ་ཞིག་གིས། སྙན་ངག་གི་བྲོ་བ་རང་རང་གིས་མྱོང་དགོས་པ་ལས་ངེས་གཏན་གྱི་བརྗོད་བྱ་ཞིག་ངོས་འཛིན་མི་རུང་བ་དང༌། སྙན་ངག་ལ་འགྲེལ་བཤད་རྒྱག་མི་རུང་བས་རང་གིས་ཇི་ལྟར་གོ་བ་དེ་རང་ཡིན་པ་དང༌། སྙན་ངག་ཅེས་པ་ནི་རང་ཉིད་ཀྱི་མྱོང་ཚོར་ཟབ་མོ་ཞིག་ཡིན་པས་གཞན་གྱིས་གོ་དཀའ་ཞེས་བཤད་པ་དག་ལུང་འདྲེན་པར་བྱེད་མོད། ཁོ་བོས་དེ་དག་སྙན་ངག་མ་ཡིན་པར་ཁ་ཚོན་གཅོད་མི་ཐུབ་ནའང༌། གལ་སྲིད་ཁྱོད་ཀྱི་སྙན་ངག་དེ་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱེད་མཁན་ཞིག་གམ། སྤྱི་ཚོགས་ལ་དགོས་མཁོ་ཡོད་པ་ཞིག་དང༌། ཁྱོད་ཀྱི་ལྟ་བའམ་མངོན་འདོད་དེ་སྤྱི་ཚོགས་སུ་ཐད་ཀར་སྟོན་སྙིང་འདོད་ན་ཀློག་པ་པོ་དག་གིས་ཁྱོད་ཀྱི་སྙན་ཚིག་གི་ལམ་ནས་ཁྱོད་ཀྱི་ལྟ་བ་གང་ཡིན་པ་དེ་མཛུབ་མོས་རི་སྟོན་བྱེད་ཐུབ་པ་ཞིག་མི་དགོས་སམ། གཞན་དུ་ན་ཁྱོད་ཀྱི་སྙན་ངག་དེས་ཁྱོད་ཀྱི་དགོས་འདུན་དེ་དག་ཇི་ལྟར་སྒྲུབ་པར་བྱེད། དཔེར་ན། སྙན་ངག་པ་དགེ་ཆོས་ཀྱིས། དེ་ལྟར་འཇིག་རྟེན་རྒྱལ་ཁམས་དུ་མ་ན། །ནོར་ལྡན་རྣམས་ཀྱི་རང་འདོད་ཁྲིམས་སྲོལ་མང༌། །དེ་ལ་ཡ་རབས་ཆོས་སུ་མིང་བཏགས་ཤིང༌། །ཡུལ་གྱི་རྒྱལ་པོའི་ཐུགས་དང་འཕྲོད་གྱུར་པས། །མཁས་པ་རྣམས་ཀྱང་རྗེས་སུ་འཛུམ་སྟོན་པ། །བསམ་ཞིང་བསམ་ན་ཡིད་ཆད་སངས་དུས་མེད། །ཅེས་སྤྱི་ཚོགས་ཀྱི་གནས་ཚུལ་གསལ་སྟོན་བྱས་ཏེ་སྙན་ངག་གི་བརྗོད་བྱ་གང་ཞིག་ཀློག་པ་པོས་བདེ་བླག་ཏུ་གོ་ཐུབ་པ་དང༌། དེ་ལ་བརྟེན་ནས་ཀློག་པ་པོའི་ནང་སེམས་རྒྱུད་ལ་དགའ་སྡུག་གི་ཚོར་བ་བསྐྲུན་ནུས་པ་ལྟ་བུ་ཡིན། སྲོལ་རྒྱུན་པ་དག་གིས་དེང་རབས་སྙན་ངག་ནི་མི་རིགས་གཞན་དག་གི་ལད་མོ་ཡིན་པས་མི་འཐད་ཅེས་སྨྲ་བཞིན་དུ་བོད་ཀྱི་ཡུལ་གོམས་གཤིས་ལུགས་དང་རྣམ་པ་ཐ་དད་པའི་རྒྱ་གར་གྱི་གོམས་གཤིས་དང༌། སྣོད་བཅུད་དེ་དག་ཚུར་ལེན་བྱེད་ཅིང་འདུག་པས་དོན་དུ་རང་རང་གི་འདོད་པ་ཙམ་ལ་ཡིད་རྟོན་པར་མཐོང་ངོ་། །
    མཐའ་དོན་ང་ཚོས་དཔྱད་རྩོམ་དང༌། སྒྱུ་རྩོམ། དེ་བཞིན་མཚན་ཉིད་རིག་པའི་རྩོམ་རིག་གང་ཡིན་ཡང་ཡིན་མིན་ཐག་གཅོད་དངོས་དེ་ཚན་རིག་དང་མཐུན་པའི་ཐོག་ནས་དབྱེ་ཞིབ་བྱེད་དགོས་པས་སྲོལ་རྒྱུན་གྱི་ཤིང་རྟའི་སྲོལ་འབྱེད་དུ་གྲགས་པའམ། གསར་བརྗེའི་བསམ་བློ་བ་རླབས་ཆེན་དུ་བརྩི་བ་གང་རུང་གི་རྗེས་སུ་བརྟག་དཔྱད་མེད་པར་འབྲང་བ་ནི་ཚན་རིག་དང་མཐུན་པའི་དཔྱད་པ་མ་ཡིན་ལ། དེ་དག་གང་ཡིན་ལ་ལེགས་ཆ་བསྡུ་ལེན་དང༌། ཆ་མ་ཚང་བའམ། སྐྱོན་ཆ་ལ་དབྱེ་བསལ་བྱ་རུང་བ་ཞིག་ཡིན་པ་ལས། མཁས་པ་གང་ཞིག་གི་ལུང་དྲངས་པ་ཙམ་གྱིས་དེའི་ལྟ་བ་ཆ་ཚང་ཁས་ལེན་དགོས་པ་མ་ཡིན་པ་ནི་མཁས་པ་དེ་དག་ཐམས་ཅད་ལ་ལེགས་ཆ་རེ་ཡོད་སྲིད་པའི་རྒྱུ་མཚན་གྱིས་ཡིན། དེར་བརྟེན། ང་ཚོས་དེང་རབས་བོད་ཀྱི་རྩོམ་རིག་པ་དག་གི་གཞི་བཅོལ་སའི་ཤར་ནུབ་ཀྱི་མཁས་པ་དག་གི་བཤད་པ་དེ་དག་ལ་ཚན་རིག་དང་མཐུན་པའི་བརྟག་ཞིབ་ཐོག་བླང་དོར་ངེས་ཅན་ཞིག་བྱེད་དེ་བོད་ཀྱི་མ་འོངས་པའི་རྩོམ་རིག་ལ་སྔར་བས་གཏིང་ཟབ་པའི་དཔྱད་ཞིབ་བརྒྱུད་སྲོལ་རྒྱུན་གྱི་སྲོག་རྩ་དང༌། གསར་དར་གྱི་ལེགས་ཆ་གཉིས་ཀའི་ཕྱོགས་ནས་དོན་དངོས་ཇི་བཞིན་འཚོལ་བ་དང་། ཉམས་འགྱུར་ཕུན་སུམ་ཚོགས་པའི་སྙན་ངག་སྨྲ་བ་ལ་བརྩོན་པ་དྲག་པོ་བསྟེན་པའམ། རྒྱལ་ཕྱི་ནང་གི་སྙན་ངག་སྨྲ་བའི་དབང་པོ་རྣམས་ཀྱི་ལེགས་བཤད་ལ་སློབ་སྦྱོང་དང་མཐའ་དཔྱོད་སོགས་ཀྱིས་འབད་བརྩོན་བྱ་དགོས་པ་མང་དུ་ཡོད་པ་ཡིན་ནོ།། །།ཅེས་པ་འདི་ནི་དྲང་སྲོང་རྣམ་རྒྱལ་གྱིས་ཕྱི་ལོ་༢༠༠༥ལོར་སེ་ར་ཐེག་ཆེན་གླིང་དུ་བྲིས། །