མདུན་ངོས། » གསར་རྩོམ། » ལེགས་བཤད་བསླབ་བྱ་སྣ་ཚོགས། » ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་བཞུགས་སོ། །

ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་བཞུགས་སོ། །

 

ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་བཞུགས་སོ། །

 

 

ཁ་ཆེ་ཕ་ལུ། གནའ་བོའི་མི་ཆོས་ལ་མཁས་པ་ཞིག
སྔོན་རྒྱ་གར་འཕགས་པའི་ཡུལ་ན་སངས་རྒྱས་དགུང་ལོ་བཅུ་ལ་ཕེབས་པ་ན། འཛམ་གླིང་སྤྱི་དང་ལྷག་པར་ཡུལ་དགའ་བའི་གཡས་གཡོན་དུ་རྟགས་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་དང་། རྫུ་འཕྲུལ་མཁས་བཙུན་གྲངས་མེད་དུ་མཛད་པ་རྣམས་འབྲི་དགོས་དང་། ཤོད་དགོས་བྱུང་ན་མི་ཚེའི་ཁ་ལ་མི་ཚེ་མང་པོ་དགོས་འདུག་པས། མཚམས་ཀྱིས་ཞུ་བར། དགུང་ལོ་བཅུ་ལ་ཕེབས་པའི་དུས། དང་པོ་དྲང་པོའི་གཏེར་མཛོད།  གཉིས་པ་ཁྲིམས་ཀྱི་འབྱུང་ཁུངས།  གསུམ་པ་ངོ་ཚའི་རྒྱ་མཚོ། བཞི་པ་སྦྱིན་པའི་རྒྱལ་པོ། ལྔ་པ་ཆོས་གནང་བ་སོགས་རྩ་བ་ལུང་དང་མཉམ་པའི་སྡོང་པོ་ལ་ལོ་འདབ་རྒྱས་པ་ལྟ་བུའི་ཆོས་འཇིག་རྟེན། ལས་རྒྱུ་འབྲས། ཁྲེལ་ངོ་ཚ། བྱམས་སྙིང་རྗེ། ལམ་ལུགས་སྲོལ་སོགས་གང་ཅི་རྒྱ་མཚོ་ཐིགས་པའི་ཐིགས་པ་དུམ་བུ་བརྒྱ་ཕྲག་མང་པོར་བཏང་བའི་བསླབ་བྱའི་ཚིགས་བཅད་མུ་ཏིག་དར་ལ་བརྒྱུས་པ་བཞིན་འདི་བརྩམས་ཚིག་དག་ཁ་ཆེ་ཕ་ལུ་འཇུ་ཡིས་ཡིག་ཐོག་ཏུ་བཀོད་པའི་བསླབ་བྱ་དངོས་གྲུབ་ཆུ་མིག་སྟེ། །
བསླབ་བྱ་ལེའུ་དང་པོ།
  ཆོས་ཀྱི་འབྱོན་ཁུངས་རྡོ་རྗེའི་ཁྲི་ཡི་ཐོག །རྒྱབ་ཏུ་ཆོས་ཀྱི་བྲག་རི་དབུ་འཕང་མཐོ། །མདུན་དུ་སྙིང་རྗེའི་མཚོ་མོ་འོད་ཀྱིས་ཁེངས། །དབྱར་དགུན་མེད་པ་ཉིན་མཚན་རིང་ཐུང་སྙོམས། །དབྱར་ཁ་དྲོ་རྒྱུ་དགུན་ཁ་གྲང་རྒྱུ་མེད། །དབྱར་དགུན་རིང་ཐུང་དྲོ་གྲང་ལྡན་པའི་ས། །ཉི་མ་ནམ་མཁའི་དགུང་དུ་སླེབས་པའི་དུས། །ཁང་ཁྱིམ་མུན་པ་གྲིབ་སོ་འཁོར་རྒྱུ་མེད། །དེ་ཚོ་འཛམ་གླིང་ལྟེ་བའི་བརྟག་དཔྱད་ཡིན། །ལྟེ་བ་དེ་ནས་ལྟེ་བར་འགྲོ་བའི་ལམ། །ལྟེ་བའི་ལྟེ་བ་དེ་ལ་ཕྱག་འཚལ་ལོ། །བོད་ཀྱི་སྐད་དུ་དཀོན་མཆོག་རིན་པོ་ཆེ། །རང་རེའི་སྐད་དུ་གོ་བརྡ་ལ་ཕྱག་འཚལ་ལོ། །རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་འདོད་ན། །སེམས་པའི་ཡུལ་ན་གཏི་མུག་ཤུལ་མེད་བཟོས། །འདོད་ཆགས་ནག་པོ་རྒྱ་མཚོའི་གཏིང་ལ་བསྐྱུར། །ཆགས་སྡང་ཞེ་སྡང་དམར་པོའི་མེ་ལ་སྤོར། །བསམ་རྒྱུ་གཅིག་ལ་བསྒོམ་རྒྱུ་དྲན་རྒྱུ་གཅིག །གཅིག་ལ་གཉིས་ཀྱི་འབྲེལ་སོ་མེད་ཟེར་ན། །ཆོས་ལ་སྒྲིག་ཆས་སྒྲིགས་ཤིག་ཕ་ཡི་བུ། །འགྲོ་གིན་འགྲོ་གིན་ལྟད་མོ་མཐོང་ཡོང་ངོ་། །བྱས་ཚད་ཆོས་དང་བཏང་ཚད་ལམ་ལ་འགྲོ །བསམ་ཚད་ཐོག་དང་དགོས་ཚད་ལག་ཏུ་ཐེབས། །ལབ་ཚད་གཏམ་དང་དགོས་ཚད་འབེན་ལ་ཕོག །དེ་འདྲའི་ས་རུ་འགྲོ་འདོད་ཡོད་ཟེར་ན། །དགོས་རྒྱུའི་སྙིང་པོ་དོན་གྱི་རྡོ་ཁ་གསུམ། །དང་པོ་སེམས་པ་མེ་ལོང་བཞིན་དུ་དྭངས་གཅིག་དགོས། །གཉིས་པ་དམ་ཚིག་གཙང་ཆུ་བཞིན་དུ་གཙང་གཅིག་དགོས། །གསུམ་པ་ལ་རྒྱ་སེང་གེ་བཞིན་དུ་ཆེ་གཅིག་དགོས། །དེ་གསུམ་འཛོམས་ན་དེ་རུ་སླེབས་པ་རེད། །དེ་འདྲའི་ས་རུ་སླེབས་པའི་ཕོ་གཞོན་ཚོ། །རང་ལ་རང་གིས་གོ་བ་མ་བསྐོན་ན། །འཇིག་རྟེན་འདི་ཡི་འཁོར་དུ་ཐིམ་ཡོང་ངོ་། །སང་སང་གནངས་གནངས་ཟེར་གྱིན་འགྱངས་ཡོང་ངོ་། །དེ་འདྲའི་ངང་ནས་འབོད་མཁན་སླེབས་ཡོང་ངོ་། །དེ་དུས་འགྱོད་པའི་གླིང་ལ་བརྒྱབ་ཡོང་ངོ་། །ཁ་སུར་སྡོང་པོ་སྐམ་པོའི་རྡོ་ལ་སྐྱེས། །ཡལ་ག་ལོ་འདབ་དེ་མ་ཐག་ཏུ་རྒྱས། །འདབ་ལོ་རེ་རེའི་ཐོག་ཏུ་མཚན་རེ་འཁྲུངས། །མཁས་པ་ཡོངས་ཀྱི་རིག་པ་མི་ཉམས་པ། །ལྟེ་བའི་སྙན་ཞུ་ལྟེ་བའི་དྲུང་དུ་ཕུལ། །བཀའ་ཤོག་རྒྱབ་དང་དམ་ཕྲུག་སྐུ་རྒྱབ་ཏུ། །གཙུག་གི་ནོར་བུ་དོན་གྱི་རྡོ་ཁའི་ཚིག །སྡིག་ཆེན་བདག་དང་འཁོར་བའི་སེམས་ཅན་སོགས། །ཆོས་ཀྱི་ལམ་སྣ་ཟིན་པའི་སྙན་ཞུ་དང་། །འདི་དང་ཕྱི་མ་གཉིས་ཀྱི་རེ་ས་དང་། །བློ་དང་སེམས་པ་གཉིས་ཀྱི་བཞག་ས་ལ། །འབྲལ་བ་མེད་པར་ཐུགས་རྗེས་རྒྱང་ནས་གཟིགས། །ཡེ་ཤེས་སྤྱན་གྱིས་གཟིགས་ནས་ཐུགས་ལ་ཞོག །བྱམས་དང་བརྩེ་བས་བསྐྱངས་ནས་ལམ་སྣ་དྲོངས། །སྐར་ཆེན་འོད་ཀྱི་གླིང་ལ་ཞལ་གཟིགས་ནས། །སྐར་ཆུང་ཚིག་བརྒྱ་ལྔ་བཅུ་ང་གཉིས་བར། །སྨྱུ་གུའི་བཤད་པ་སྨྱུ་གུས་གོ་སོང་ངོ་། །ནག་པོའི་རི་མོ་དཀར་པོའི་ཚིག་གིས་ཁེངས། །ཁ་ཆེ་ཕ་ལུའི་བསྙེལ་གསོ་དྲན་པོས་ཕུལ། ། ། །
  བསླབ་བྱ་ལེའུ་གཉིས་པ།
  ཆོས་དང་འཇིག་རྟེན་ཁག་ཁག་སོ་སོ་རེད། །སེམས་དང་ལུས་པོ་རང་རང་སོ་སོ་རེད། །སེམས་པ་དཀའ་བ་སྤྱད་ནས་འགྲོ་འདོད་ཀྱང་། །ལུས་པོ་ཞིམ་པོ་བཟས་ནས་སྡོད་འདོད་ཆེ། །ལུས་པོ་སྐྱིད་པོར་སྡོད་པ་ཞག་གསུམ་དང་། །སེམས་པ་སྡུག་པ་ཕུགས་ནས་ཕུགས་སུ་སྡུག །སེམས་སྐྱིད་འདོད་ན་ལུས་ཀྱིས་དཀའ་བ་སྤྱོད། །ལུས་པོ་བསམས་ན་སེམས་པ་སྡུག་ལ་སྦྱོར། །ང་ལ་ཉན་ན་ལུས་སེམས་དབྱེ་བ་ཆོད། །གསེར་དང་ར་གན་བརྗེ་མི་སྨྱོན་པ་རེད། །གཡུ་དང་དོ་ལོ་ནོར་ན་ལྐུགས་པ་རེད། །འདི་དང་ཕྱི་མའི་ཁེ་གྱོང་མི་ཤེས་ན། །འཇིག་རྟེན་འཁོར་བའི་མི་ཚེ་འཁྱོལ་འགྲོ་ཟེར། །ལོ་གཅིག་ལོ་གཉིས་མི་དགོས་བརྒྱ་ཡི་བར། །ཐ་མ་ས་རྡོའི་ཕུང་པོ་ས་ལ་ཐིམ། །རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས་པ་དང་། །སྤྲང་ཕྲུག་བེན་པོའི་འོག་ཏུ་སྡོད་པ་གཉིས། །མི་རྟག་འཆི་བ་བྱུང་དུས་འདྲ་འདྲ་རེད། །ཟས་ཀྱི་ཞིམ་མངར་ལྕེ་ནས་མིད་པའི་བར། །འཁོར་བའི་སྐྱིད་སྡུག་ཞག་གསུམ་འདི་ཡི་རིང་། །སྤྲང་པོ་སྡུག་ཀྱང་མི་ཚེ་འཁྱོལ་འགྲོ་ལོ། །རྒྱལ་པོ་སྐྱིད་ཀྱང་ཐ་མ་ཤི་འགྲོ་ལོ། །དེ་སྔ་སོང་བའི་གྲངས་ཀ་མི་ཤེས་འདུག །ད་དུང་འགྲོ་རྒྱུའི་གདེང་ཚོད་སུ་ཡིས་ཤེས། །ཡོང་གིན་ཡོང་གིན་འགྲོ་གིན་འགྲོ་གིན་འདུག །དོན་དུ་ཡོང་མི་ཚང་མ་འགྲོ་མི་རེད། །འཁོར་བ་འདི་ལ་རྟག་པ་གཅིག་ཀྱང་མེད། །རྟག་པ་མེད་པར་བདེན་པ་སུ་ལ་ཡོད། །རྟག་པ་བརྟན་པ་མེད་པའི་མི་ཚེ་འདི། །ལ་མགོའི་ཁ་ཡི་ཁྲི་གདུགས་ཉི་མ་འདྲ། །བྱོན་ན་མ་གཏོགས་བཞུགས་རྒྱུ་ཡོང་མདོག་མེད། །ད་དུང་ཕྲུ་གུའི་སྣང་བས་མ་ཡེངས་པར། །མཁས་པ་ཡིན་ན་དོན་གྱི་རྡོ་ཁ་སྒྲིལ། །དོན་རྩ་བསྒྲིལ་ན་དཔའ་བོའི་ཡང་རྩེ་རེད། །འཇིག་རྟེན་འཁོར་བའི་ལས་ལ་སྙིང་པོ་མེད། །འཁོར་བ་གཏན་དུ་སྡོད་པའི་ས་མ་རེད། །འགྲུལ་པ་ཞག་གསུམ་གནས་ཚང་གནས་མགྲོན་རེད། །སོ་སོའི་བསམ་བློ་སོ་སོས་བཏང་བ་དགའ། །འགྲུལ་པ་འགྲོ་ཆས་སྔོན་ནས་མ་བསྒྲིགས་ན། །གནས་ཚང་རྒྱབ་ཏུ་འཁྱེར་ནས་འགྲོ་རྒྱུ་མེད། །གནས་མོ་རོགས་ལ་ཁྲིད་རྒྱུ་ཡོང་མདོག་མེད། །རང་ནོར་རང་ལ་བདག་དུས་བསམ་བློ་ཐོངས། །ལྡེ་མིག་མི་ལ་ཤོར་དུས་འགྱོད་པའི་རྒྱུ། །ཕ་མ་ཤི་བ་མང་པོ་བྱུང་ཡོད་འགྲོ །ཕྲུ་གུ་བསྡད་པ་མང་པོ་མཐོང་ཡོད་འགྲོ། །ཨ་མའི་རྗེས་ལ་ཨོ་ལོ་འགྲོ་མདོག་མེད། །ཨ་མའི་མཇུག་ལ་བུ་མོ་འགྲོ་མདོག་མེད། །སོ་སོའི་ནམ་དུས་སོ་སོས་བསྐྱལ་ནས་འགྲོ །ཁྱོད་རང་ཁྱོད་རའི་བསམ་བློ་ཁྱོད་རས་ཐོངས། །གཅིག་པུར་འགྲོ་བའི་ལམ་གྱི་ལམ་ཆས་འདི། །སྔོན་སྔོན་སྔོན་ལ་སྤྲང་པོའི་ལག་ཏུ་སྐུར། །ནོར་གྱི་རྟ་ལ་འགྲོ་བའི་བང་འགྲོས་སློབས། །ཕྱི་མ་འགྲོ་བའི་ལམ་ལ་ཐོན་ཆོག་གྱིས། །ཕ་རོལ་ཕྱུག་པོའི་ལོངས་སྤྱོད་དགོས་འདོད་ན། །འདི་རུ་སྤྲང་པོའི་སྐྱིད་སྡུག་བལྟས་པ་བཟང་། །ས་ཡི་འོག་ཏུ་ཁམ་བུ་ཟ་འདོད་ན། །ས་སྟེང་འདི་རུ་ཁམ་སྡོང་བཙུགས་པ་བཟང་། །ཆོས་ཀྱི་རྩ་བ་མི་སེམས་འཛིན་རྒྱུ་རེད། །ཆོས་ཀྱི་སྙིང་པོ་གཞན་དོན་འགྲིག་ལེ་རེད། །ཁྱོད་རང་ཁྱོད་རའི་འདོད་པ་ཟིན་འདོད་ན། །ཆང་དང་ཨ་རག་དེ་ལས་ལྷག་པ་མེད། །ང་ང་ང་རྒྱལ་ཟེར་བའི་བང་རྒྱལ་ཅན། །གསེར་དངུལ་ང་དང་གཏམ་དོན་ང་ཟེར་ཞིང་། །ཞིམ་པོ་ང་དང་འཇམ་པོ་ང་ཟེར་གྱི། །ལེགས་པོ་ང་དང་མཛེས་པོ་ང་ཟེར་གྱི། །གནས་བཟང་བསྐོར་ཀྱང་རྐང་ཆུང་ན་རོགས་རེད། །རི་ཁྲོད་འགྲིམས་ཀྱང་རྣ་ཅོག་ཚ་རོགས་རེད། །རླུང་ལ་གཅུས་བསྐོར་མཐོང་ཡང་སྟོང་པ་རེད། །རྡེའུ་གཅོད་ལེན་རང་སྡུག་རང་གིས་ཉོས། །བྱ་ལུགས་བྱེད་ལུགས་ལྡན་པའི་ཕ་རྒན་ཚོ། །འདོད་པ་ཅན་གྱི་ཆོས་པ་བརྒྱ་ལས་ལྷག །རང་འདོད་ཅན་གྱི་མི་ལ་ངོ་ཚ་མེད། །ངོ་ཚ་མེད་པའི་མི་དེ་དུད་འགྲོའི་རྒྱུད། །བུ་མོ་རྒྱན་དང་གོས་ཀྱིས་སྤུད་གྱུར་ཀྱང་། །ནོར་བཟང་རྒྱ་ལུའི་བཙུན་མོར་ཉན་མདོག་མེད། །སེམས་གོས་མ་ཆོད་ལྷ་ཆོས་བྱས་གྱུར་ཀྱང་། །མེ་ལོང་མུན་པའི་གླིང་དུ་གསལ་མདོག་མེད། །ཆུ་འཐག་གླང་གི་མིག་དེ་ཡོལ་བས་བསྒྲིབས། །ཉིན་གང་སོང་ཡང་དགོང་མོ་ས་དེར་ལུས། །འདོད་པའི་ཞགས་ཐག་རྐང་ནས་མ་ཁྲོལ་ན། །ལྷ་ཆོས་བྱས་སོང་ཟེར་ཡང་སྟོང་པ་རེད། །གཤོག་སྒྲོ་དར་གྱི་སྐུད་པས་བསྡམས་པ་ན། །རྒོད་པོ་ཡིན་ཀྱང་ནམ་འཕང་གཅོད་མདོག་མེད། །དམ་ཚིག་སེམས་དང་བརྩོན་འགྲུས་སྙིང་ནས་དགོས། །ཐུག་རྒྱུ་གང་ཡོད་ཅི་ཡོད་སེམས་ལ་ཐུག །ལམ་བུ་འདི་ནི་སེམས་པ་དྲུང་གི་ལམ། །སེམས་ལ་གད་བདར་ཡང་ནས་ཡང་དུ་རྒྱོབ། །ཚང་མས་སྨོན་རྒྱུ་ཨ་ཡོང་ལྟོས་ཤིག་ཨང་། །གཏམ་བཟང་འཁྱེར་རྒྱུ་ཨ་ཡོང་ལྟོས་ཤིག་ཨང་། །སྲོལ་བཟང་གཞག་རྒྱུ་ཨ་ཡོང་ལྟོས་ཤིག་ཨང་། །དེ་གསུམ་འཛོམས་ན་དང་པོའི་དང་པོ་རེད། །ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་བསམ་བློ་རེད། །ཡིན་ཀྱང་རྒྱ་ཤོག་རི་མོས་ཁེངས་སོང་ངོ་། །རྒྱ་སྨྱུག་གསེར་པོའི་བློ་ཁ་རྫོགས་སོང་ངོ་། །
བསླབ་བྱ་ལེའུ་གསུམ་པ།
   རྒྱལ་པོ་ཆེན་པོ་ཡུལ་གྱི་རྒྱན་ཆ་རེད། །ཁྲིམས་དང་མཐུན་ན་རྒྱལ་གཞིས་མངའ་ཐང་ལྡན། །ཁྲིམས་འགོ་ནོན་ན་བསམ་དོན་ལྷུན་གྱིས་འགྲུབ། །ཁྲིམས་གཞུང་ལྡན་ན་བདེ་སྐྱིད་ཕུན་སུམ་ཚོགས། །མཚོ་མོ་འཁྱོམས་ན་ཉ་མོ་ལས་ཀྱིས་འཁྱོམ། ། ལུང་པ་དབུལ་ན་རྒྱལ་པོ་ལས་ཀྱིས་དབུལ། །རྗེ་དཔོན་དར་ཞིང་རྒྱས་པ་ས་སྡེའི་འཕྲུལ། །ཡུལ་སྡེ་མེད་པའི་རྗེ་དཔོན་དགོད་རེ་བྲོ། །དཔོན་འབངས་ནད་པ་ཨེམ་ཆིའི་དཔེ་བཞིན་དུ། །གཙག་བུ་བཙུགས་པའི་ཤུལ་ལ་རྨ་སྨན་ཐོབ། །བཀའ་བཀྱོན་དགོངས་འཚོམས་གཞུག་ལ་བྱམས་སྐྱོང་མཛོད། །དང་པོ་ཉེས་པ་བཅའ་ཡང་ཕེབས་དང་བསྟུན། །གཉིས་པ་ཉེས་པའི་ཐོག་ཏུ་ཉེས་རྡུང་ཐོང་། །གསུམ་པ་མི་ངན་རྩ་མེད་བཟོས་ཀྱང་རུང་། །དེ་འདྲའི་མི་ལ་སྙིང་རྗེ་ལྟ་དགོས་མེད། །ལུ་གུ་མ་འཁྱེར་གོང་ལ་སྤྱང་ཀི་སྲུངས། །ཡུལ་བདེ་མ་འཁྱོམས་གོང་ལ་མི་ངན་ཕུད། །རྒྱལ་པོ་ཞོ་ལྟར་ཆགས་ནས་ཉལ་བསྡད་ན། །ཡུལ་སྡེ་ཁྲག་ལྟར་འཁྲུགས་པ་མི་ཤེས་སོ། །ལུག་རྫི་ཇ་ཆང་གཉིས་ལ་མགོ་འཁོར་ན། །ལུ་གུ་སྤྱང་ཀིས་འཁྱེར་བ་དངོས་བདེན་རེད། །གང་ལ་མཁས་པའི་མི་དེ་ལས་ལ་མངགས། །ཤིང་བཟོ་མཁས་ཀྱང་ལྷ་བྲིས་ཡོང་མདོག་མེད། །སྤྱང་ཀི་དགའ་ཡང་ལུག་རྫི་ཉན་མདོག་མེད། །ལས་འབྲས་ཅན་ལ་མི་ཡི་རྗེ་དཔོན་སྐོས། །ལུ་གུ་སྤྱང་ཀིའི་ཁ་ལ་བཅུག་ཡོང་ངོ་། །ཡོན་ཏན་ཅན་ལ་དོན་གྱི་རྡོ་ཁ་སྒྲིལ། །ནོར་བུ་དགོས་ན་རྒྱ་མཚོའི་གཏིང་ལ་ཡོད། །དམ་ཚིག་གཙང་མའི་མི་ལ་བློ་གཏད་བཅོལ། །རྡོ་རྗེའི་བྲག་ལ་འགྱུར་བ་ཅི་ལ་སྲིད། །ཉིན་མཚན་མེད་པར་མཁས་པའི་མི་དང་བསྟུན། །ཚྭ་ཁའི་ཁྱི་རོ་མཐའ་མ་ཚྭ་ལ་འགྲོ། །ཤ་ཚ་ཅན་ལ་སྐྱོང་མཐར་རིམ་པར་སྤྲོད། །བྱས་རྗེས་དྲུད་ཤུལ་བྱུང་ན་བློ་ཁ་རྫོགས། །བྱས་པ་ཅན་གྱི་སེམས་པ་ཕམ་མ་བཅུག །བྱ་རྒྱུ་མདུན་དུ་ཡོད་དུས་བྱེད་མཁན་མང་། །བློ་གཏད་བཅོལ་མི་རྣམས་ཚོ་མཐའ་ནས་སྐྱོངས། །འཛམ་བུའི་གླིང་འདིར་གཏམ་བཟང་སྐད་ཀྱིས་ཁེངས། །དཔའ་རྩལ་ཅན་ལ་དལ་དུས་བདག་པོ་སྤྲོད། །འགག་རྩར་ཐུག་དུས་དགོས་པའི་དུས་ཤིག་ཡོང་། །རྒྱུན་དུ་བང་མཛོད་ནོར་གྱིས་བརྒྱང་རྒྱུ་གྱིས། །རྐྱེན་རྩ་ལྷག་ཡོང་དགྲ་བོ་མཆོངས་ཡོང་ངོ་། །དགྲ་མགོ་འདུལ་བར་དགོས་རྒྱུའི་དགོས་ཆ་གཉིས། །ནོར་དང་དཔུང་གིས་དགྲ་བོ་ཆམ་ལ་ཕོབ། །ནོར་རྫས་མེད་པར་དཔུང་རོགས་ཡོང་ཐབས་མེད། །དཔུང་རོགས་འཚོལ་བར་ནོར་རྫས་མེད་ཐབས་མེད། །དེ་གཉིས་འཛོམས་ན་དགྲ་བོ་ལས་ཀྱིས་འཇོམས། །ནོར་ལ་ཕ་མས་བུ་ཚ་གསོ་གསོ་མཛོད། །ལོ་མང་སོང་བའི་རྒད་པོའི་ཁ་ལ་ཉོན། །སྐྱིད་སྡུག་མང་པོ་མྱོང་བའི་མི་རྒན་རེད། ། ལྕགས་ཀྱི་ལྕགས་རིའི་མཚམས་སུ་སླེབས་པའི་དུས། །གཞོན་པའི་ཤེད་ལས་རྒད་པོའི་ཇུས་བྱ་བཟང་། །དགྲ་བོ་འཕྲལ་གང་འཕྲལ་ལ་འདུལ་འདོད་ན། །སྐབས་ཐོག་གྲོགས་ལ་བཀུག་ནས་བསྡད་པ་བཟང་། །ཐབས་ཀྱིས་སྒོ་ནས་དོན་རྩ་ལོན་ཟེར་ན། །མདའ་གྲི་མདུང་གསུམ་འཕྱར་རྒྱུ་སྨྱོན་པའི་ལས། །མི་ཐུབ་དགྲ་དང་འཛིང་འཛིང་བཞག་པ་དགའ། །མཛོག་རུམ་གཙག་བུའི་སྟེང་དུ་རྒྱག་མདོག་མེད། །འདན་མ་མི་དགོས་གེ་སར་དངོས་ཡིན་ཀྱང་། །འགྲིག་ཙམ་བྱུང་ན་འགྲིགས་པ་གཙོ་དོན་ཆེ། །གདོང་བསུ་དཔའ་བོ་རྒྱལ་ཁམས་ཉེས་སུ་ཁག །ཐབས་རྣམས་འཕྲུལ་གྱི་མེ་མདའ་རྒྱང་ནས་འཕེན། །དང་པོ་ཐབས་རྣམས་དགུ་བཅུ་གོ་དགུ་གཏོད། །བརྒྱ་ལ་འཁྲུག་དགོས་བྱུང་ཡང་བྱ་ཐབས་མེད། །གོ་བ་མེད་པའི་མི་དེ་ཁྱི་ལས་ལོད། །ཁྱི་ངན་བྱུང་ན་བེར་ཀ་སྣ་ལ་བཀྲི། །ཕྱིན་གཏོང་ཟེར་ན་ཕྱིན་རྒྱུའི་ལམ་བུ་ཐོང་། །འཛིང་ཐོངས་ཟེར་ན་གོམས་གསུམ་སྔོན་ལ་སྤོས། །འཛེམ་རེ་ཁོང་ཁྲོ་སློང་དུས་མ་དྲན་ན། །རྗེས་སུ་དྲན་ན་རང་གི་ཁ་ལ་རྒྱོབ། །དོན་རྩ་འཇམ་པོའི་སྒོ་ནས་ལོན་ཟེར་ན། །ང་རྒྱལ་ཁོང་ཁྲོ་དོན་མེད་སྟོང་པ་རེད། །ཁོང་ཁྲོ་དབང་དུ་འདུས་ན་མཁས་པའི་རྟགས། །ཁོང་ཁྲོའི་རྗེས་ལ་འགྲོ་མི་གླེན་པ་རེད། །བསམ་བློ་སྔོན་ལ་ཐོངས་ན་མཁས་པ་དང་། །རྐྱེན་རྩ་མདུན་དུ་ལྷག་པ་སུས་ཀྱང་མཐོང་། །དུང་དཀར་གཡས་འཁྱིལ་གཅོག་པ་སུས་ཀྱང་མཐོང་། །ཆག་པ་སྒྲིག་དགོས་བྱུང་ན་ཉ་སྒྲིག་ཡོང་། །དགྲ་བོ་མགོ་བོ་སྒུར་ནས་སླེབས་བྱུང་ན། །སྙིང་གི་ཁོང་ཁྲོ་སེམས་ཀྱི་གཏིང་ནས་ཐོན། །མགོ་བོ་སྒུར་བའི་དགྲ་བོ་ཕམ་མ་བཅུག །ཡིན་ཀྱང་ཁྲམ་དང་གཡོ་སྒྱུར་དོགས་ཟོན་དགོས། །གཙང་པོ་མཁར་གྱི་དཀྱིལ་ཞབས་རྒྱུགས་པ་དེ། །རགས་རྒྱག་མ་བྱུང་མཐའ་མར་མཁར་ལ་གཤེད། །ངན་པ་བསྐྱངས་ན་བཟང་པོ་བརྡུངས་པ་འདྲ། །རྐུན་པོ་གསོས་ན་ཆོས་པ་བསད་པ་འདྲ། །དུག་སྦྲུལ་བཞག་ན་མགོ་ནག་མི་ལ་གནོད། །སྤྱང་ཀི་བཞག་ན་གཡང་དཀར་ལུག་ལ་ངན། །ཁྱི་ཡིས་མི་ལ་རྨུགས་པ་ཡིན་མི་ཞུ། །ཁྱི་ངན་བདག་འཛིན་བྱེད་མཁན་མི་ངན་རེད། །དགྲ་མགོ་འདུལ་མཁན་གཉེན་མགོ་སྐྱོང་མཁན་དགོས། །འཇམ་རང་དྲགས་ན་དགྲ་བོ་གཉའ་རེངས་ཡོང་། །གྱོང་རང་དྲགས་ན་འགག་པ་ཐུག་པའི་ཉེན། །འཇམ་རྩུབ་བསྲེས་ནས་ཀུན་ལ་འདོང་ལུགས་མཛོད། །དགྲ་གཉེན་ཚང་མ་ཐབས་ཀྱིས་གྲོགས་སུ་ཁུག །འཕྲལ་དང་ཕུགས་ཀྱི་རྒྱལ་ས་འཛིན་འདོད་ན། །ཉེ་རིང་མེད་པར་གསེར་ཁྲིའི་ཐོག་ནས་དྲོངས། །ཡུལ་བདེ་མི་བདེ་ཡོང་བའི་དགོངས་པ་དང་། །དགོང་མོ་ས་ལ་བབས་ལ་ཆོས་ལ་འབུངས། །ལུས་ངག་ཡིད་གསུམ་ཕྱག་འཚལ་སྨོན་ལམ་ཐོབ། །གཏན་གྱི་རེ་ས་དཀོན་མཆོག་གསུམ་ལ་ཞུ། །རིན་ཆེན་སྐར་མའི་བདག་པོའི་བཀའ་དང་བསྟུན། །འདི་ཕྱི་གཉིས་ཀྱི་དབུ་འཕང་མཐོ་དགོས་ན། །མི་རྟག་འཆི་བ་མ་བརྗེད་ཐུགས་ལ་ཞོག །འདོད་འདོད་ཁ་ཆེ་ཕ་ལུའི་གྲོས་གྲོས་ཀྱི། །དོན་གྱི་སྙན་ཞུ་མུ་ཏིག་དར་ལ་བརྒྱུས། །  ཁམས་གསུམ་དབང་འདུས་དྲུང་དུ་ཕུལ་ཡོད་དོ། །རིན་ཐང་སྐོར་དུས་བརྒྱ་སྟར་གྲངས་སུ་ཚུད། །
བསླབ་བྱ་ལེའུ་བཞི་པ།
   འཇིག་རྟེན་འདི་རུ་སྒང་གཤོང་མང་ཞིག་འདུག །སྐྱིད་སྡུག་རིང་ཐུང་སྦོམ་ཕྲ་གྲངས་མེད་རེད། །འདྲ་འདྲ་གཅིག་ཀྱང་མེད་པ་མཐོང་གསལ་རེད། །འདི་ལ་ཆོག་ཤེས་རང་གིས་བྱས་པ་དགའ། །ཐོད་པའི་རི་མོ་བསུབས་ཀྱང་ཟུབ་རྒྱུ་མེད། །དེ་ལས་རི་མོའི་འགྲོ་ལུགས་བསྟུན་པ་དགའ། །ལྕོག་རོང་བོང་བུ་སྡུག་ཀྱང་རང་སྡུག་རེད། །སྒལ་པའི་རྒྱབ་ཁུར་མ་འཁྱེར་ཀ་མེད་རེད། །སེམས་གོས་ཆོད་ན་ནོར་ལ་མང་ཉུང་མེད། །ཆོག་ཤེས་མེད་པའི་རྒྱལ་པོ་སྤྲང་པོ་དང་། །སེམས་གོས་ཆོད་ན་སྤྲང་པོ་དེ་ལས་ལྷག །རྒྱལ་པོ་རྒྱལ་གཞིས་ཟོས་ནས་ལྟོགས་ལྷང་ལྷང་། །སྤྲང་ཕྲུག་ཐང་རྐྱལ་ཁེངས་ནས་སྦོ་དགྱེད་དགྱེད། །བཀོད་པའི་ལས་ལ་ཆོག་ཤེས་མ་བྱས་ན། །རང་སྡུག་རང་གིས་ཉོ་བ་དོན་མེད་རེད། །ཆོག་ཤེས་ལྡན་ན་ཕྱུག་དང་མ་ཕྱུག་མེད། །ལས་ལ་བཀོད་ན་དགྲ་ནོར་རང་གི་ནོར། །མ་བཀོད་ཕ་ནོར་བུ་ལ་བདག་པ་དཀའ། །ལྗང་པ་རྡོ་ཡི་སྟེང་དུ་སྐྱེ་མདོག་མེད། །སྦག་སྦག་གསིག་གསིག་བྱས་པས་ཅི་ལ་ཕན། །སེམས་པ་ཤོར་ན་ཕ་བཟང་བུ་ལ་ཤོར། །ཆོག་ཤེས་བྱས་ན་ལུས་སེམས་བདེ་ལ་འཇོག །ལག་ལེན་ངན་པའི་རིགས་ལ་སྤང་བྱ་གྱིས། །ཕ་བདེ་བུ་སྐྱིད་ཡོང་བའི་བསམ་བློ་ཐོང་། །འདི་ཕྱི་གཉིས་ཀྱི་གཏམ་དོན་ལག་པའི་མཐིལ། །ཁ་ཆེ་ཕ་ལུའི་སྙིང་གཏམ་ཁ་ནས་ལུད། །སྙིང་གི་བུ་ཚོ་སྙིང་ནས་རྣ་བ་ཉོན། །གོ་བ་ཡོད་ན་གོ་རྒྱུ་བྲིས་ཡོད་དོ། །མང་པོ་མེད་ཀྱང་བྲོ་བ་བཅུད་དང་ལྡན། །

བསླབ་བྱ་ལེའུ་ལྔ་པ།
  དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་ལྟོས། །དབྱར་དགུན་མེད་པ་དམར་པོའི་ལྕེ་ལ་ལྟོས། །སྙིང་གཏམ་སྙིང་གི་གྲོགས་ལ་ཤོད་ཚོད་གྱིས། །སྔ་གྲོགས་དགོང་དགྲར་སོང་བ་མང་པོ་ཡོད། །གསེར་དངུལ་མི་ལ་བཅོལ་དགོས་བྱུང་ཡང་ཆོལ། །འཆོལ་པོ་སྟོར་ཀྱང་བཙལ་ནས་རྙེད་པ་རེད། །སྙིང་གཏམ་མི་ལ་འཆོལ་འཆོལ་མང་དྲགས་ན། །ལག་མགོ་ཁ་ལ་བཅུག་ནས་སྡོད་དགོས་ཡོང་། །གཏམ་གྱི་བདུད་པོ་སྙིང་གི་དོང་དུ་ཚུད། །ཁ་ལ་ལྕགས་དང་ལྕེ་ལ་སྒོ་ལྕགས་རྒྱོབ། །བདུད་པོ་དོང་ནས་ཤོར་ན་མི་ཕོ་གསོད། །ཨ་ཙི་བྱས་པ་ཙམ་གྱིས་ཅི་ལ་ཕན། །མི་ཤོད་དགུ་ཤོད་བཤད་རྒྱུ་མང་དྲགས་ན། །མི་ལ་མ་ཤོད་ཟེར་གྱིན་སྡོད་དགོས་ཡོང་། །ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། །རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང་ངོ་། །མ་བཤད་གཏམ་དེ་ག་དུས་བཤད་བཤད་རེད། །བཤད་ནས་འགྱོད་དགོས་བྱུང་ན་ཐ་མའི་ལས། །མ་བཤད་བར་དུ་གཏམ་ལ་རང་དབང་ཐོབ། །བཤད་ན་གཏམ་གྱི་དབང་དུ་ཤོད་མཁན་ཚུད། །བཟང་པོ་ཡོངས་ལ་ངན་པ་ལབ་ཉེན་ཆེ། །བཟང་པོའི་བསླབ་བྱ་ངན་པའི་དགྲ་ལ་འགྲོ། །དེ་ལས་བཟང་ངན་ཚང་མ་བཟང་པོས་སྐྱོངས། །བཟང་པོ་དགྲ་མགོ་ངན་པས་བཟློག་པས་བསྟུན། །གཏམ་ལ་དྲང་བའི་མི་དེ་སེམས་ལ་དྲང་། །སེམས་པ་དྲང་ན་ཆོས་ཀྱི་ལམ་ཁ་ཟིན། །ད་ལྟ་དེ་ལས་ཕུགས་ཡུལ་སྐྱིད་ཀྱང་སྐྱིད། །འདི་ཕྱི་གཉིས་ཀྱི་བསམ་དོན་ལྷུན་གྱིས་འགྲུབ། །ཁ་ཆེ་ཕ་ལུའི་འདོད་དང་སྣག་སྨྱུག་ཐུག །དཀར་པོའི་ཐོག་ཏུ་ནག་པོའི་བྲིས་ཆ་གསལ། །བྲིས་མི་ས་འོག་བྲིས་ཆ་ས་ཡི་ཐོག །འཛམ་གླིང་མ་བསྙེལ་བསམ་བློའི་དྲན་གསོ་མཛོད། །
བསླབ་བྱ་ལེའུ་དྲུག་པ།
  འཛམ་གླིང་མེ་ལོང་ཕར་བལྟ་ཚུར་བལྟ་རེད། །འཁོར་བ་བྲག་རི་བཞིན་དུ་ཁ་ལན་སློག །རང་གིས་གར་བལྟས་མེ་ལོང་ནང་དུ་གསལ། །རང་གིས་གང་ལས་བྲག་རིས་ཁ་ལན་སློག །བཟང་ན་བཟང་དང་ངན་ན་ངན་གྱི་ལན། །འདི་ནི་ཡོང་རྒྱུ་འཇིག་རྟེན་འཁོར་བའི་ལས། །ཚང་མས་སྨོད་པའི་འདོད་པ་མེད་ཟེར་ན། །གཞན་ལ་མ་ལབ་རང་ལ་དོགས་ཟོན་གྱིས། །ཚང་མ་རང་གི་མདོག་དང་མཐུན་ཡོང་ངོ་། །གང་བྱས་ལག་པའི་མཐིལ་དུ་གསལ་ཡོང་ངོ་། །གཞན་ལ་དགའ་ཚོད་ཁྱེད་རང་དགའ་མེད་ཡིན། །གང་ལྟར་བཟང་ལ་བཟང་དང་ངན་ལ་ངན། །དུག་ཤིང་སྡོང་པོས་ཁམ་བུ་སྟེར་མདོག་མེད། །ཁམ་བུ་དགོས་ན་ཁམ་སྡོང་འགྲམ་ལ་སོང་། །རིན་ཆེན་གསེར་གྱི་འདོད་པ་ཡོད་ཟེར་ན། །དོན་མེད་མུན་པའི་གླིང་དུ་མ་སོང་ཞིག །གཞན་ནས་ལགས་ལགས་ལུགས་ལུགས་དགོས་ཟེར་ན། །རང་ལ་ལགས་ལགས་ལུགས་ལུགས་མང་ཉུང་དགོས། །ཆེ་འདོད་ཅན་ལ་ཆེ་བ་ཡོང་བ་དཀའ། །དེ་ཡི་ཐབས་ལ་ཆེ་འདོད་བཞག་པ་དགའ། །བྱམས་པོ་བྱས་ན་དགྲ་ཡང་གཉེན་ལ་འགྲོ། །རྩུབ་ཚོད་མ་ཟིན་བུ་ཡང་ཞེན་པ་ལོག །ཐོད་པའི་རི་མོ་གྱེན་ལ་ཡོད་པའི་མི། །སོ་དཀར་འཛུམ་ལེགས་མི་སེམས་འཛིན་པར་མཁས། །ལས་བཟང་བྱས་ནས་ཐར་པའི་ལམ་བུ་ལ། །གཏམ་བཟང་ཁྱེར་ནས་སོང་ཞིག་ཕ་ཡི་བུ། །རི་མོ་ཐུར་ལ་ཡོད་པའི་མི་ངན་ལ། །དུག་སྦྲུལ་ཁྱི་སྨྱོན་གཉིས་ཀྱི་བརྟག་དཔྱད་ཚང་། །ཉིན་མཚན་མེད་པར་རྨུག་རྒྱུ་ཁོ་ལས་མེད། །ལག་ལེན་ངན་པས་ཐལ་བ་བསླངས་ནས་འགྲོ། །བཟང་པོ་འོངས་པའི་རྗེས་ལ་གཏམ་བཟང་ཡོད། །བཟང་པོའི་ལོ་ལ་བཟང་པོའི་འབྲས་བུ་སྨིན། །ངན་པའི་འབྲས་བུ་ངན་པའི་སྐེ་ལ་འཁྲིལ། །ངན་པའི་རྗེས་ལ་ལྟས་ངན་གཏམ་ངན་ཡོད། །
རྒྱ་སྨྱུག་སེར་པོའི་ཁ་ནས་ཚིག་གསུམ་ལུས། །རྒྱ་ཤོག་དཀར་པོའི་སེམས་ལ་གསལ་ཡོང་ངོ་། །རྒྱ་སྐད་བོད་ཀྱི་སྐད་ལ་འགྱུར་སོང་ངོ་། །ཁ་ཆེ་ཕ་ལུའི་བློ་ཐག་ཆོད་སོང་ངོ་། །
བསླབ་བྱ་ལེའུ་བདུན་པ།
  དམའ་ས་བཟུང་ནས་གང་ཅིར་བཟོད་པ་སྒོམ། །དོན་གྱི་རྡོ་ཁ་རང་གི་སྙིང་དུ་ཞོག །མི་སེམས་འཛིན་པའི་སྐད་ཆ་ཤོད་ཀྱིན་སོང་། །རང་དོན་སྒྲིག་པའི་ཇུས་ཆ་གཏོང་གིན་སོང་། །སྟོང་པ་ཁ་ཡིས་ཁེངས་པའི་དོན་རྩ་ལོངས། །དེ་འདྲའི་ཐབས་ལ་དམའ་ས་བཟུང་བ་དགའ། །དམའ་ས་བཟུང་བའི་མི་ལ་དགའ་མཁན་མང་། །དེ་འདྲའི་མི་ལ་ཡིད་ནས་དགའ་མཁན་མང་། །མི་ཚེ་ཇ་ཆང་ལོངས་སྤྱོད་ངང་ལ་འགྲོ། །འདིར་བཞུགས་འདིར་འབྱོན་ཟེར་མཁན་མང་པོ་ཡོང་། །འདོད་པའི་རྟ་རྒོད་ཚོད་ཀྱི་སྲབ་ཁ་འཐེན། །གང་ས་ཅི་ཐད་རང་ཚོད་རང་གིས་ཟུང་། །འགྲོ་ཚོད་སྡོད་ཚོད་ཤོད་ཚོད་བྱེད་ཚོད་དང་། །སྐྱིད་པོ་བྱེད་ཚོད་སྡུག་པོའི་འཁུར་ཚོད་དང་། །ཞིམ་པོའི་ཟ་ཚོད་འཇམ་པོའི་གྱོན་ཚོད་རྣམས། །མི་ལ་ཚང་ན་མཁས་པའི་ཡང་རྩེ་ཡིན། །དེ་འདྲས་མི་ལ་སྐར་མའི་བདག་པོ་རྙེད། །ད་ལྟ་དེ་ལས་ཕུགས་ཡུལ་ལས་འབྲས་ཡང་། །འདོད་པ་ཚོད་ཀྱི་ཕྱི་ལ་ཤོར་དང་གཅིག །
ཚོད་ལ་སེམས་ཀྱི་བཀོད་པ་མེད་དང་གཉིས། །དེ་འདྲའི་མི་དང་བསྡེབས་ནས་བསྡད་གཞན་འདྲ། །དེ་འདྲའི་ཆག་སྒོའི་ནང་ལ་ཁྲིད་ཡོང་ངོ་། །ལས་ལ་ཚོད་མེད་ཐ་མ་ཕུང་བའི་གཞི། །ཚོང་ལ་ཚོད་མེད་མཐའ་གཞུག་ཕམ་པའི་གཞི། །ཁ་ལ་ཚོད་མེད་རྐུབ་ལ་ཉོ་བའི་གཞི། །དགོད་ལ་ཚོད་མེད་མཐའ་གཞུག་ངུ་བའི་གཞི། །འཁོར་བའི་གཡས་གཡོན་གཡང་དང་གད་པའི་གླིང་། །ཟག་ན་ཟག་ཆོག་རིལ་ན་རིལ་ཆོག་རེད། །དེ་འདྲའི་ལམ་དུ་འགྲོ་བཟོ་སྡོད་མཁས་མཛོད། །གདོང་དྲུག་འཁོར་བ་འབྲོག་པའི་ཤོ་དང་འདྲ། །སྤ་ར་ལྕ་མོ་གང་ཐོན་ངེས་མེད་རེད། །ཁེ་གྱོང་སྙིང་ལ་བཅངས་ནས་འགྲོ་ལུགས་མཛོད། །ཁེ་ཡི་སྒོ་མོ་དབྱེ་རྒྱུའི་ཐབས་ལ་ལྟོས། །གྱོང་གི་ལམ་བུ་དགག་རྒྱུའི་ཇུས་ལ་ལྟོས། །ཁེ་གྱོང་གཉིས་ལ་སྦོམ་ཕྲ་ཤོར་བའི་དུས། །སྡུག་སྙིང་མནན་ནས་སྡུག་ཚོད་བཟུང་བ་དགའ། །ཚོད་མེད་ཁ་ཆེ་ཕ་ལུའི་ཚོད་ནས་ཤོར། །རིན་ཐང་སྐོར་དུས་སྐོར་ཐང་མ་ལོག་མཛོད། །ནོམ་པ་འཛིར་ནས་ཡོད་དོ་ཕ་ཡི་བུ། །
བསླབ་བྱ་ལེའུ་བརྒྱད་པ།
   ཞིམ་ཚད་མ་ཟ་འཇམ་ཚད་མ་གྱོན་ཅིག །ཁ་ལུས་གཉིས་ཀྱིས་སྡུག་ལ་སྦྱར་ཡོང་ངོ་། །ཁོག་པའི་བོངས་ཚད་ཆེ་ཡང་དེ་ཐམས་ཅད། །ཟ་མ་གཅིག་པོའི་སྡོད་ས་ཡིན་མདོག་མེད། །མིག་དང་གྲོད་པ་གཉིས་ལ་ཁེངས་རྒྱུ་མེད། །ལྟོ་ཚོད་ཟ་ཚོད་རང་གིས་བྱས་པ་དགའ། །གྲོད་པ་ཐབ་ལ་འཚོད་འཚོད་མང་དྲགས་ན། །སྡུག་རྩྭ་མཐོང་དུས་སྒྱིད་བུ་གྲང་བ་མཐོང་། །མི་ལ་རེ་བའི་ཇ་ཆང་ལོངས་སྤྱོད་ལས། །རང་གི་རྩྭ་རྐྱང་ཆུ་རྐྱང་བྲོ་བ་ཞིམ། །ལས་ངན་ཤན་པའི་དྲེག་ཁུ་བཟའ་བ་ལས། །དམར་དད་ལངས་ན་ཤིག་ཀྱང་ཟ་བ་དགའ། །ཟ་རྒྱུ་ཉལ་རྒྱུ་བ་དང་བོང་བུའི་ལས། །དེ་འདྲ་བྱས་པ་ཨེ་དགའ་ཕ་ཡི་བུ། །ཁྱི་དང་གྲོད་པ་ལག་ནས་ཤོར་སོང་ན། །རྟ་རོ་བོང་རོའི་ཐོག་ལ་ཤོར་ཉེན་ཆེ། །གྲོད་པའི་སྒོ་ལ་བསྡམ་ཚོད་མ་བྱས་ན། །གཏམ་གྱི་ནོར་བུ་རྐུ་ལ་ཤོར་བའི་ཉེན། །གཏམ་གྱི་ཕུ་ཐུང་འཇོལ་འཇོལ་དགོས་འདོད་ན། །གྲོད་པའི་ལག་མགོ་ཐུང་དུ་བཅུག་པ་དགའ། །ཆུ་ནང་ཉ་མོ་སྤགས་ལ་དད་པས་ཕུང་། །བྱི་བ་བྱིའུ་འཇོལ་པད་ཁ་ཟོས་པས་ལན། །བྱི་བ་སྨུག་ཆུང་ལྟོགས་ལ་ཟ་འདོད་ཀྱིས། །ས་མདའ་སྐེ་ལ་ཟུག་པ་ཟ་མའི་སྐྱོན། །བྱང་ཐང་ཝ་མོ་རང་ཚོད་མ་ཟིན་ན། །མགོ་ལྤགས་ཐང་ལ་བཤུ་བ་ཟ་མའི་སྐྱོན། །སྟག་དམར་ངར་བཞིན་བུ་བཞིན་འཛིན་རྒྱུ་འདི། །སྟག་རྒན་ལུག་ལ་ཁྱི་ལྟར་མཆོངས་པས་ཉེས། །མཁས་པ་འདི་ཡིན་ཞུ་རྒྱུ་མེད་ལགས་ཀྱང་། །དཀར་པོའི་ཐོག་ཏུ་ནག་པོའི་བྲིས་ཆ་གསལ། །ཁ་ཆེ་ཕ་ལུ་ས་འོག་སོང་ན་ཡང་། །རྒྱ་ཤོག་ལོགས་ཀྱི་སྣག་ཚའི་རི་མོ་འདི། །ས་སྟེང་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཚང་མའི་ཡིད་དུ་འོང་བའི་བཀྲ་ཤིས་ཤོག །
བསླབ་བྱ་ལེའུ་དགུ་པ།
   འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས། །ལྟ་ལུགས་གཅིག་ལ་རིགས་ཀྱང་རིགས་གཅིག་འདུག །ཕ་ཡིས་བུ་དང་བུ་ཡིས་ཕ་བྱེད་པ། །དེ་འདྲ་བསམས་ན་ཐུང་ཐུང་ག་ནས་ཡིན། །མ་བསམས་གྱུར་ན་ཕ་བུའི་དམ་ཚིག་ཉམས། །དམ་ཉམས་ལག་ལེན་སྡང་བའི་དགྲ་ལ་འགྱུར། །ཕྲུ་གུ་ཕ་མ་མེད་པ་མི་སྲིད་ཀྱང་། །ལག་ཐོག་སྟོན་རྒྱུ་ཡོད་པ་རེ་རེ་ཙམ། །ཚེ་སྟོད་ཡོད་ཀྱང་ཚེ་སྨད་མེད་པ་མང་། །ཕ་བུའི་དམ་ཚིག་བསྲུང་དུས་བསྲུངས་པ་དགའ། །དུས་ཚོད་ཆུ་ཚོད་མ་འགྱངས་གྲོལ་ནས་འགྲོ། །འཐུས་ཤོར་མེད་པར་བུ་ལ་ཡོན་ཏན་སློབས། །ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། །ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། །ཕྲུ་གུའི་ཡི་གེ་གསེར་ཁྲིའི་སྟེང་དུ་སྐྱོལ། །མི་ཕོའི་ཡི་གེ་སྟག་གདན་སྟེང་དུ་འཇོག། །བླ་མའི་ཆོས་རར་ཡི་གེ་མེ་ལོང་རེད། །རྒྱལ་པོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད། །ཡིག་ཡོད་མིག་ཡོད་མཁས་པ་སྤྲུལ་པའི་རྒྱུད། །ཡིག་མེད་མིག་མེད་ལོང་བ་ལྐུགས་པའི་རྒྱུད། །ཀྱོག་ཀྱོག་ཡི་གེ་གཞུ་ལྟར་འཁྱོག་གྱུར་ཀྱང་། །དོན་རྩ་མདའ་ལས་འདྲོང་བ་དེ་རུ་ཚང་། །ཡོན་ཏན་རིན་ཆེན་དགོས་འདོད་ཀུན་འབྱུང་རེད། །དགོས་འདོད་ཀུན་འབྱུང་དགོས་མིར་ཐོགས་པ་མེད། །དོན་དུ་མི་ལ་ཡོན་ཏན་ཚང་བ་དགོས། །ནོར་རྫས་མཚམས་རེ་སོང་འགྲོ་མཚམས་རེ་ཡོང་། །ནོར་ལ་བསྐྱུར་བརླག་རྐུན་མས་འཁྱེར་བའི་ཉེན། །ཡོན་ཏན་རིན་ཆེན་འཛད་མེད་ཕུགས་ཀྱི་གཏེར། །ན་སོ་གཞོན་དུས་བུ་ལ་སྦྱོང་ཐར་སློབ། །ན་སོ་ལོངས་ནས་བསླབ་དགོས་མེད་པ་གྱིས། །ལྕང་གསར་གཞོན་དུས་འདྲོང་ན་འདྲོང་པ་རེད། །ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན། །ངན་པའི་མི་དང་གྲོགས་ལ་བསྡོངས་པ་ན། །དུག་དང་བསྡོངས་ན་དུག་གི་ཁ་རླངས་ཕོག །ངན་པའི་ཚོགས་དང་ནག་པོའི་སོལ་བ་འདྲ། །ཚ་མོས་བསྲེག་ཉེན་གྲང་མོས་རྫས་ཉེན་ཆེ། །ཁེ་དང་གྱོང་གི་བསྐོར་ཕྱོགས་གཏོང་གིན་སོང་། །ཡག་དང་ཉེས་ཀྱི་སྐད་ཆ་ཤོད་ཀྱིན་སོང་། །ཡག་ན་ཡག་པས་ངོ་བསྟོད་བདག་རྐྱེན་སྤྲོད། །ཉེས་ན་ཉེས་སོང་ཟེར་ནས་ཉེས་གཏག་ཐོངས། །ཨ་མའི་ཁ་ལ་སྒོ་ལྕགས་བརྒྱབ་དྲགས་ན། །ཕྲུ་གུས་ཆག་སྒོའི་རྒྱལ་སྒོ་ཕྱེ་ཉེན་ཡོད། །རྡོ་ལ་ཕྱིས་བདར་ཐོན་ན་ནོར་བུ་དང་། །ལྕགས་ལ་འཇམ་ཤ་ཐོན་ན་མེ་ལོང་ཡོང་། །ཡོན་ཏན་ཕུན་སུམ་ཚོགས་པ་སྙིང་གི་བུ། །བྱ་ལུགས་བྱེད་ལུགས་ངན་ན་དགྲ་ལས་ལོད། །དེ་ཚོ་སེམས་པ་དཀར་བའི་སྐད་ཆ་རེད། །བུ་ཡོད་ཕ་ཚོ་ཐུགས་ལ་དེ་ལྟར་ཞོག །
བསླབ་བྱ་ལེའུ་བཅུ་པ།
   དེ་ནས་གསོན་དང་ཨ་མའི་སྙིང་ཉེ་ཚོ། །བྱམས་དང་བརྩེ་བ་ཅན་གྱི་དྲིན་ཆེན་མ། །ཕྲུ་གུ་ཆུང་དུས་ཨ་མའི་མགོ་རུ་སྡོད། །ལང་ལ་གཏོང་རང་གཏོང་ན་ཨ་མས་གཏོང་། །ཁ་ལ་མི་སྟེར་དགུ་སྟེར་ཨ་མས་སྟེར། །ལུས་ལ་མི་གཡོག་དགུ་གཡོག་ཨ་མས་གཡོགས། །ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ། །ལང་ཤོར་ཐ་མ་ཨ་མས་དགའ་མི་ཁུག །དེ་འདྲས་མི་གསོད་བྱས་ནས་ཕུང་བ་མང་། །དེ་འདྲས་རྟ་འཁྱེར་བྱས་ནས་བྲོས་པ་མང་། །ཨ་མས་སྡུག་སྙིང་མནན་ནས་མ་བསྡད་ན། །ཨ་མས་ཕྲུ་གུ་རླུང་ལ་བསྐུར་ཡོང་ངོ་། །རྐུན་མ་རྐུ་དུས་ཐུག་ཐུག་རྡུང་བ་དགའ། །ཧམ་གྱི་ཡོད་ན་གླེག་གླེག་སྟེར་བ་དགའ། །སྒོ་ང་རྐུ་དུས་ཁྲིག་ཁྲིག་མ་བཟོས་ན། །བྱ་མོ་འཁྱེར་བའི་རྗེས་ལ་རྟ་པོ་འཁྱེར། །ཞིམ་པོ་སྟེར་སྟེར་འཇམ་པོ་གཡོག་གཡོག་ཞོག །བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་སྦྱོངས། །བྱེད་ལུགས་མེད་ཀྱང་ཁ་ལ་ཟ་ལུགས་སློབས། །ཐ་མ་དེ་འདྲའི་སྨྱོ་སྨྱོ་སུ་ཞིག་སྨྱོ། །ཝ་ཕྲུག་ཐང་ནས་ཐང་ལ་ཟག་རྒྱུ་མེད། །རྒོད་ཕྲུག་གཡང་ལ་ཟགས་པ་སྙིང་ཡང་རྗེ། །སྤྲང་ཕྲུག་རྒྱལ་ཁམས་བསྐོར་བ་སྤྲང་པོའི་ལས། །ཕྱུག་པོ་སྤྲང་ལ་འཁྱམས་པ་དགྲ་ལ་འགྱུར། །ཉན་མཁན་ཡོད་ན་གོ་རྒྱུ་བཤད་ཡོད་དོ། །ལྟ་མཁན་ཡོད་ན་མཐོང་རྒྱུ་བསྟན་ཡོད་དོ། །སྨྱུ་གུའི་ཁ་ཡི་དོན་གྱི་རྡོ་ཁའི་ཚིག །ཐུགས་ཀྱི་དཀྱིལ་དུ་ཞོག་མཛོད་ཨ་མའི་ཚོགས། །
བསླབ་བྱ་ལེའུ་བཅུ་གཅིག་པ།
   དེ་ནས་ཉོན་དང་ཨ་མའི་ཨོ་ལོ་ཚོ། །སྟག་གཟིག་ནགས་ཀྱི་དཀྱིལ་ནས་ཐོན་འདྲ་རྣམས། །ཕྲུ་གུ་མ་ཡི་ཁོག་ནས་ཐོན་པའི་དུས། །ལྟེ་བ་མ་དང་འབྲེལ་ནས་ཡོང་བའི་དུས། །ཙེར་ཙེར་ཟེར་བ་ཙམ་ལས་ཤ་རྡོག་གཅིག །ནུ་ཞོ་ཁ་ལ་སྦྱར་ཡང་འཐུང་མི་ཤེས། །རྐང་པ་ཡོད་ཀྱང་གོམ་པ་སྤོ་མི་ཤེས། །རྣ་བ་ཡོད་ཀྱང་ཚིག་བརྡ་སྤྲོད་མི་ཤེས། །མིག་གཉིས་ཡོད་ཀྱང་མཐོང་རྒྱུ་མ་ལས་མེད། །སེམས་པ་ཡོད་ཀྱང་བསམ་རྒྱུ་མ་ལས་མེད། །ངོ་ལ་འཁོར་བའི་སྦྲང་མ་དཀྲོག་མི་ཤེས། །མིག་ལ་འཚངས་པའི་ཐལ་བ་འདོན་མི་ཤེས། །གྲང་ངུ་འཁྱག་ངུ་ལྟོགས་ངུ་རྒྱག་པའི་དུས། །ཕ་མ་གཉིས་པོའི་དགོང་མོའི་གཉིད་ཐེབས་བཅག །སྐམ་པ་བུ་ང་རློན་པ་ཕ་མས་བྱེད། །འཇམ་པ་བུ་དང་རྩུབ་པ་ཕ་མས་བྱེད། །ད་ལྟའི་དེ་འདྲ་དེ་དུས་ཡིན་མདོག་མེད། །ཕྲུ་གུ་ཆུང་དུས་ལྟེ་བ་ཕ་མས་སྒྲོལ། །བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་སྦྱོངས། །གང་བྱས་ཡོང་བའི་ཡོན་ཏན་ཕ་མའི་དྲིན། །ཁ་ནས་ཕྲིས་ཏེ་བསགས་ཚད་བུ་ཡི་དོན། །ལས་འབྲས་རླུང་ལ་བསྐུར་རྒྱུ་བུ་ཡི་དོན། །བསམ་རྒྱུ་བུ་དང་དྲན་རྒྱུ་བུ་ལས་མེད། །དགོས་རྒྱུ་བུ་དང་འདེགས་རྒྱུ་བུ་ལས་མེད། །བཀའ་དྲིན་ཅན་གྱི་ཕ་མ་རྣམ་པ་གཉིས། །ན་སོ་རྒས་པ་ད་ལྟ་ཨེ་ཤེས་ལ། །དྲིན་ཅན་དྲིན་དུ་བསམས་པ་ཨེ་ཡོད་ལགས། །ཁྲེལ་དང་ངོ་ཚ་དགོས་པ་འདི་རུ་རེད། །ཚོགས་དང་བསོད་ནམས་གསོག་པའི་རྩ་བ་རེད། །གོང་ན་གོ་བརྡ་གཤམ་ན་ཕ་མ་གཉིས། །དེ་གསུམ་ལས་ལྷག་སུ་ཡང་ཡོད་པ་མིན། །ཉིན་མཚན་མེད་པ་ཕ་མའི་བཀའ་དང་བསྟུན། །སྔ་དགོང་མེད་པ་ཕ་མའི་ཞབས་ལ་བཅར། །ཞིམ་པོ་ཕུལ་ནས་ཨེ་མཉེས་སེམས་ཀྱིས་ལྟོས། །འཇམ་པོ་བསྒྲོན་ནས་ཨེ་མཉེས་ཡིད་ཀྱིས་ལྟོས། །སྙན་པོ་ཞུས་ནས་ཐུགས་སེམས་ཨེ་སྤྲོ་ལྟོས། །ཡག་པོ་ཞུས་ནསདགོངས་པ་ཨེ་སྤྲོ་ལྟོས། །ཕ་མ་མཉེས་ན་འདི་ཕྱི་གཉིས་ཡོད་རེད། །ཕ་མ་ཡོད་དུས་བཀའ་དྲིན་མ་བསམ་པར། །མེད་དུས་འགྱོད་པ་སྐྱེས་པ་ཐ་མའི་ཐ། །འགྱོད་པ་དེ་ནི་ཕུགས་ནས་ཕུགས་སུ་འགྱོད། །ད་ལྟ་ས་སྟེང་འགྱོད་པ་དེ་ལས་འགྱོད། །དེ་ལྟར་ཕ་མ་འཛོམས་པའི་ཕྲུ་གུ་ཚོ། །གཏམ་གྱི་ནོར་བུ་སྙིང་གི་སྒམ་དུ་ཆུག །བུད་མེད་ཁྲམ་དང་གཡོ་སྒྱུ་གྱོད་ཀྱི་གཞི། །བསླུ་ཇ་སྟེར་ནས་ཕ་བུ་འཕྲལ་ཡོང་ངོ་། །དེ་འདྲ་དམྱལ་བའི་གཏིང་དུ་བསྐྱུར་ཡོང་ངོ་། །ར་ཐང་གཡོགས་པ་རྣ་བས་ཐོས་ཡོད་འགྲོ། །རྩྭ་མཆོག་ཟིལ་པས་སྐད་ཆ་གོ་ཚོད་འགྲོ། །མི་རྒྱུད་མི་དགོས་ལྷ་རྒྱུད་ཡིན་གྱུར་ཀྱང་། །བུད་མེད་ཡིན་ན་བདུད་ཀྱི་ཡན་ལག་རེད། །དེ་འདྲའི་བཤད་ཚད་ཉན་ན་ཕུང་ལ་སྦྱོར། །བྱས་ཚད་ལམ་ལ་བཏང་ན་རླུང་ལ་བསྐུར། །བདུད་དང་བསྡོངས་དུས་མི་ལ་དོགས་ཟོན་དགོས། །འདྲེ་དང་གྲོགས་པོ་བྱེད་ན་བླ་མ་སྒོམས། །གྱོན་པ་རྙིང་ན་གསར་པ་བཟོས་པས་ཆོག །མནའ་མ་མེད་ཀྱང་མནའ་མ་བསུས་པས་ཆོག །འཚོལ་དགོས་བྱུང་ན་ཕ་མ་རྙེད་མདོག་མེད། །ཕ་མ་གཉིས་དང་མནའ་མ་བརྗེ་མདོག་མེད། །འདྲ་འདྲའི་ཁྲོད་དུ་སྡོད་པ་ངོ་ཡང་ཚ། །འཇོན་མདོག་བྱས་ཀྱང་འཇོན་རྒྱུ་དེ་ག་རེད། །ཕ་མ་མནའ་མའི་དབྱེ་འབྱེད་མ་ཤེས་ན། །མི་ལུས་དེ་འདྲ་ཐོབ་ཀྱང་ཁྱི་ལས་ལོད། །ཁྱི་ངན་སྨྱོ་ཡང་བདག་པོ་ངོས་ཀྱིས་འཛིན། །ཁྱི་ལས་ལོད་པའི་མི་དེ་ཡ་ཡང་ང་། །དེ་འདྲའི་ལུས་རྟེན་སྡང་བའི་དགྲ་ལ་འགྱུར། །མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར། །མི་ལུས་ཡིན་ཡང་རྒྱ་མཚོའི་གཏིང་ལ་བསྐྱུར། །ལམ་ངན་གཏོད་ནས་འཛམ་གླིང་ཕུང་ལ་སྦྱོར། །བ་མོ་གཅིག་གིས་མི་ཡི་ཞིང་ཟོས་ནས། །བ་མོ་ཡོངས་ཀྱི་འགྲོ་བའི་ལམ་བུ་བཀག །ཅེས་པའི་དཔེ་ལྟར་སྤྱོད་ངན་འདོར་ཤེས་པ། །རིག་པ་གནད་དུ་ཁོད་ཅིག་ཕ་ཡི་བུ། །བསམ་བློ་འདྲོངས་ལ་ཐོངས་ཤིག་ཇོ་ཇོའི་སྙིང་། །རེ་དང་འཇིགས་པས་དབྱར་ས་དགུན་ས་ནས། །ཐར་པའི་གླིང་གི་ལས་སུ་སྐྱ་སེང་སེང་། །བཟང་གི་རེ་དང་ངན་གྱི་ཉེས་ཡོད་ན། །ལམ་བུ་དེ་ག་རེད་དོ་སྐལ་ལྡན་ཚོ། །འཁོར་བ་མི་སྲིད་སྲིད་པའི་ཁྲོན་པ་རུ། །ལས་ཉོན་མི་སྲིད་སྲིད་པའི་སྐུ་དུས་འདིར། །དོན་རྩ་བསྒྲིལ་ནས་རྡོག་ཐོན་བྱེད་པའི་དུས། །རེ་ས་ལྟ་ས་གོ་བརྡ་ཁོང་ལ་ཞུས། །ལས་འབྲས་སྙིང་ལ་བཅངས་ནས་འགྲོ་ལུགས་དང་། །དཀར་ནག་སེམས་ལ་བཞག་ནས་བྱ་ལུགས་མཛོད། །ལས་འབྲས་ཁ་ནས་ཤོད་མཁན་མང་པོ་ཡོད། །ལག་ལེན་ལག་ཏུ་ལོན་པ་གསེར་ལས་དཀོན། །དེ་ལ་བལྟས་ན་འགྱོད་པ་སྙིང་ནས་བསྐྱེད། །དེ་འདྲ་བསམས་ན་སྐྱོ་བ་གཏིང་ནས་སྐྱེས། །དེ་རིང་བྲིས་པའི་ཡི་གེ་ནག་ཆུང་འདི། །ཁ་ཆེ་ཕ་ལུ་སྨྱོ་བའི་སྨྱོ་ལབ་རེད། །གཏི་མུག་སྙིང་གི་དཀྱིལ་ལ་རྩོལ་རྩོལ་འདི། །རང་གི་མི་ཤེས་མི་ལ་བཤད་ལེ་འདྲ། །རང་སྐྱོན་མི་མཐོང་མི་སྐྱོན་སྟོན་ལེ་འདྲ། །ཆག་པ་གས་པས་ཕྱོགས་ལ་ཧམ་ལེ་འདྲ། །ང་ལ་བླ་མས་ཐུགས་རྗེས་རྒྱང་ནས་གཟིགས། །ཁ་དང་ལག་ལེན་འགྲིག་པའི་ཕྲིན་ལས་མཛོད། །མདོག་དང་བྲོ་བ་མཐུན་པའི་བཀྲ་ཤིས་ཤོག །ཁ་ཆེ་ཕ་ལུའི་བསམ་བློའི་རྒྱ་མཚོ་ནས། །བཏོན་པའི་ནོར་བུ་ཤོག་བུའི་ནང་དུ་བཏུམས། །རྒྱལ་སྡེ་ཁྲོམ་པའི་དཀྱིལ་དུ་བཞག་ཡོད་དོ། །རྨ་བྱའི་ལུས་ལ་ཁུ་བྱུག་གསུང་སྙན་འདི། །སྐྱིད་སྐྱིད་ཟེར་བས་ཕྱོགས་ཀུན་ཁྱབ་པར་ཤོག །ཁ་ཆེ་ཕ་ལུས་ཀུན་ལ་གདམས་པ་འོ།། །།