མདུན་ངོས། » གསར་རྩོམ། » འཕྲིན་ཡིག་ཆབ་ཤོག » མཁས་གྲུབ་ཆོས་རྗེ་ལ་གནང་བའི་ཆབ་ཤོག

མཁས་གྲུབ་ཆོས་རྗེ་ལ་གནང་བའི་ཆབ་ཤོག

 

མཁས་གྲུབ་ཆོས་རྗེ་ལ་གནང་བའི་ཆབ་ཤོག

 

ཨོཾ་བདེ་ལེགས་སུ་གྱུར་ཅིག །
གྲགས་པའི་རི་བོ་མཐོན་པོ་ལ་འཛེགས་པའི། །
དུ་མའི་འགྲོ་བས་གང་གི་ཞབས་མཆོད་པ། །
རྗེ་བཙུན་མཁྱེན་པའི་གཏེར་དེའི་མཛད་པ་ཡིས། །
ཁྱོད་ཀྱི་ཕུན་ཚོགས་ཀུན་ནས་སྐྱོང་གྱུར་ཅིག །


དྲི་ཞིམ་པདྨས་རྐང་དྲུག་དང༌། །
མཛེས་པའི་ལང་ཚོས་སྲེད་ལྡན་བཞིན། །
རྣར་སྙན་གསར་པའི་ཕྲིན་ཡིག་གིས། །
ཡིད་རབ་འཕྲོག་ཕྱིར་འདི་སྐད་བརྗོད། །

 


རྣ་བ་ཐོས་པའི་བང་མཛོད་མགྲིན་ལ་ལེགས་བཤད་གཏེར། །
སྤྱི་གཙུག་དམ་པ་ལ་འདུད་ཚུལ་ཁྲིམས་གོས་ཀྱིས་བཀླུབས། །
དམ་པའི་ཡིད་འཕྲོག་རྒྱན་བཟང་དུ་མས་རབ་སྤུད་པ། །
མཁས་པའི་བཤེས་ཁྱོད་རང་གི་གནས་སུ་བདེར་སོན་ནས། །


མིག་དང་རྣ་བ་ཡིད་ལ་དཔལ་སྟེར་བའི། །
སྡེབ་ལེགས་དོན་བཟང་སྙན་པའི་ཕྲིན་ཡིག་ནི། །
ཕུན་ཚོགས་སྐྱེས་བཅས་བསྐུར་བ་འཕྲོད་པའི་ཚེ། །
ཡིད་མཚོར་དགའ་བའི་རླབས་ཕྲེང་གཡོས་པར་གྱུར། །

 


བདག་ཀྱང་དབེན་པར་སྔོན་ཆད་ཐོས་པའི་དོན། །
ཇི་བཞིན་བསྒྲུབ་པའི་བདེ་བ་ལ་ཆགས་པས། །
རེ་ཞིག་དགེ་ལྡན་རི་བོའི་ངོས་ལས་ནི། །
ཕྱོགས་གཞན་མི་གཡོའི་ཡི་དམ་བརྟན་པར་བགྱིས། །


བསྟན་པ་གནས་དང་མཁས་པའི་མགོན་བཅས་དང༌། །
ལང་ཚོ་མ་ཡོལ་རྣམ་དཔྱོད་རྒྱས་པ་དང༌། །
རྣམ་གཡེང་དོར་ནས་སྒྲུབ་ལ་འདུད་པ་ནི། །
བློ་མཆོག་ལྡན་པ་རྣམས་ཀྱི་ལེགས་སྨོན་གནས། །

 


ཚུལ་འདི་ཤིན་ཏུ་རྙེད་དཀའ་འཇིག་སླ་བ། །
རིག་ནས་ཉིན་མཚན་ཀུན་ཏུ་དལ་བའི་རྟེན། །
དོན་ལྡན་བྱེད་པ་མཁས་པའི་མཁས་པ་སྟེ། །
ལྷག་མའི་སྐྱེ་བོ་བྱིས་ལས་བྱིས་པར་གསུངས། །


རྒྱལ་བས་བསྔགས་པའི་མང་ཐོས་རྒྱ་མཚོ་ཆེར། །
རྣམ་དཔྱོད་བརྩོན་པའི་གྲུ་ཡིས་ལེགས་ཞུགས་ནས། །
ལེགས་བཤད་རིན་ཆེན་གླིང་གི་དགའ་སྟོན་མཆོག །
ཉམས་སུ་མྱོང་བའི་རྣམ་དཔྱོད་བཟང་པོ་ཅན། །

 


ཁྱོད་ལ་བདག་གིས་མང་དུ་བསྐུལ་ཅི་འཚལ། །
གསུང་རབ་ཐོས་པའི་དགའ་སྟོན་འདི་འདྲ་ན། །
དེ་དོན་སྒྲུབ་པའི་བདེ་བ་ཅི་འདྲ་ཞེས། །
རྒྱུན་དུ་ཡིད་ལ་གནག་པ་རྒྱས་པར་མཛོད། །


རིན་ཆེན་དབང་གི་རྒྱལ་པོ་ལས་ལྷག་པའི། །
ངོ་མཚར་རྟེན་འདི་རིང་དུ་འཚོ་བ་ཡི། །
ཐབས་མང་སྨྲ་བའི་ཟླ་བས་གང་གསུངས་པ། །
དེ་ལའང་བརྩོན་པ་ཤིན་ཏུ་གཅེས་པ་ལགས། །
ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། བསྟན་པའི་རྩ་ལག་དམ་པ་སྡོམ་བརྩོན་ཆེན་པོ་དཀའ་བཅུ་པ་དགེ་ལེགས་དཔལ་བའི་གསུང་ཤོག་གསེར་སྲང་གང་།.དངུལ་དམ་གཅིག དཀར་ལྟང་ཟུང་གཅིག སྤོས་ལྟང་གཅིག་གི་རྟེན་དང་བཅས་པ་དགེ་བའི་བཤེས་གཉེན་ཆོས་ལྡན་དང་བརྩོན་རིན་པ་གཉིས་ཀྱིས་འཕྲོད་པའི་ལན་དུ་སྤྱར་བའི་སྐྱེས་ཀྱི་མཚོན་ཙམ་དུ་གེས་དམར་སྨུག་གི་སྣམ་སྦྱར་སྲིད་དུ་ཁྲུ་དགུ་ཅུང་མ་ལོངས་པ། ཞེང་དུའང་ཁྲུ་གསུམ་ཅུང་མ་ལོངས་པའི་སྣམ་ཕྲན་ཉི་ཤུ་རྩ་ལྔ་ཡོད་པ་གཅིག གན་དཀར་སག་རི་ནག་པོའི་ཤུབས་ཅན་གཅིག མཎྜལ་རྒྱན་སེའུ་ཡོད་པ་གཅིག་རྣམས་ལ་ཐེའུ་ཙེ་འདི་འབྱར་བ་ཕུལ། ཟླ་བ་དང་པོའི་ཚེས་བཅུ་གཉིས་ལ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །