མདུན་ངོས། » གསར་རྩོམ། » རང་རྩོམ་བོད་གཞས་ཁག། » དུས་རབས་གསར་པ།

དུས་རབས་གསར་པ།

དུས་རབས་གསར་པ།

 

མི་ཤེས་རྨོངས་པའི་མུན་ནག་ཕ་མཐར་བསྐྲད། །
ཤེས་རིག་འོད་སྟོང་ལྡན་པ་མཁའ་ལ་ཤར། །
ཨེ་མ་འདི་ནི་བདེ་སྐྱིད་གསར་པ་སྟེ། །
ང་ཚོ་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད། །

 

ཚན་རིག་ལག་རྩལ་བློ་ཡི་ཡུལ་ལས་འགོངས། །
ཤར་ནུབ་འགྲུལ་སྐྱོད་སེར་བུ་རླུང་ལས་མགྱོགས། །
ཨེ་མ་འདི་ནི་བདེ་སྐྱིད་གསར་པ་སྟེ། །
ང་ཚོ་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད། །

 

ཆ་འཕྲིན་རིག་པ་སྐད་ཅིག་ཐོགས་པ་མེད། །
གློག་འཕྲུལ་དྲྭ་བ་ཤེས་བྱའི་གཏེར་མཛོད་ཆེ། །
ཨེ་མ་འདི་ནི་བདེ་སྐྱིད་གསར་པ་སྟེ། །
ང་ཚོ་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད། །

 

མཁའ་ལ་ལྡིང་ན་རྒྱུ་སྐར་ཐོག་ཏུ་བགྲོད། །
ས་ལ་འཛུལ་ན་འོག་གཞིའི་གྲོང་ཁྱེར་བསྐྲུན། །
ཨེ་མ་འདི་ནི་བདེ་སྐྱིད་གསར་པ་སྟེ། །
ང་ཚོ་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད། །

 

ཐ་དད་མི་རིགས་ཐོབ་ཐང་འདྲ་མཉམ་རོལ། །
མི་མཐུན་བསམ་བློ་རང་དབང་དཔལ་ལ་སྤྱོད། །
ཨེ་མ་འདི་ནི་བདེ་སྐྱིད་གསར་པ་སྟེ། །
ང་ཚོ་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད། །

 

ཤེས་རིག་བརྩོན་པའི་འདབ་གཤོག་ལ་བརྟེན་ནས། །
ཡར་ཐོན་མཁའ་ལ་འཕུར་བའི་དུས་རབས་ཤིག །
ཨེ་མ་འདི་ནི་བདེ་སྐྱིད་གསར་པ་སྟེ། །
ང་ཚོ་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད། །