མདུན་ངོས། » གསར་རྩོམ། » མི་སྣ་གཞན། » ཧང་སང་བའི་གཡུལ་འཁྲུག གསུམ་པ།

ཧང་སང་བའི་གཡུལ་འཁྲུག གསུམ་པ།

 

ཧང་སང་བའི་གཡུལ་འཁྲུག 
རང་རྩོམ་གངས་རིའི་བརྩེ་དུང་ལས་དྲངས།
ཤིན་ཏུ་ཛ་དྲག་པའི་གཡུལ་འགྱེད།

ཕྱི་ཉིན་ཕྱོགས་གཉིས་ཀས་རང་རང་གི་གྲོགས་པོ་དག་དང་ལྷན་དུ་དགའ་སྟོན་དང༌། སྤྲོ་སྐྱིད་ཀྱིས་ཚིམས་པར་བྱས་ཏེ། སྔར་གཏན་ཁེལ་བྱས་ཟིན་པའི་དུས་ཚོད་དེ་དང་ཏག་ཏག་ཁེལ་བར་གྱུར། ཆུ་ཚོད་དང་པོ་ཙམ་ལ་དགའ་ཡུས་རང་གི་དཔུང་རོགས་དང་བཅས་པ་གཡུལ་གྱི་ཆེད་དུ་ཐོན་གྲ་བསྒྲིགས། གསས་དབང་གིས་སྔ་ཉིན་དགོང་མོ་ནས་དགའ་ཡུ་ལ་ང་རང་རལ་གྲི་ལེན་དུ་སྦྲ་ཆེན་རྫོང་དུ་མར་མ་སོང་ཐབས་མེད་རེད་འདུག་པས་ཁྱེད་ཀྱིས་གཡུལ་འཁྲུག་གི་དུས་ཚོད་དེ་ཉིན་ཤས་ཕྱིར་འཐེན་གྱིས་དང་ང་རང་ཡང་མྱུར་དུ་ཡར་ཐོན་ཡོང་ཞེས་སྨྲས་ཏེ་སྦྲ་ཆེན་དུ་ཕྱིར་ལོག་སོང་བར་འདུག་པས། སྐད་སེང་གེ་དཀར་མོ་ཆེ་ཡང༌། ཕན་སྒོ་ཁྱི་ནག་པོ་ཐོགས། ཞེས་པའི་གཏམ་དཔེ་ལྟར་བཀྲ་ཤིས་ལྷ་དར་ནི་སྐབས་དེར་དགའ་ཡུའི་དཔུང་རོགས་དྲགས་ཤོས་ཤིག་ཏུ་གྱུར་ཡོད། གསས་དབང་ནི་མི་མིང་ཅན་དང༌། རྟ་གདོང་ཅན་ཞིག་ཡིན་པས་གཡུལ་འཁྲུག་གི་དུས་ཚོད་ལས་གཡོལ་ཏེ་བྲོས་བྱོལ་དུ་སོང་བ་ཞིག་གཏན་ནས་ཡིན་མི་སྲིད་མོད་ཀྱང༌། རྣམ་པ་ཅིག་ཏུ་ན། གསས་དབང་དེར་མེད་པ་ནི་དགའ་ཡུ་ལ་ལྟོས་ཏེ་གྱོང་གུན་ཚབས་ཆེན་ཞིག་ཡིན་ཡང་སྲིད་པ་ནི་ཞོར་ལས་འཕྲོས་སོ།

དགའ་ཡུས་རང་གི་རླངས་འཁོར་ཤར་གཏོང་གིས་ལྷ་དར་དང༌། གསས་དབང་གི་སྤུན་མཆེད་ཉི་མ་བཀྲ་ཤིས་གཉིས་ཁྲིད་ནས་ཤར་རེར་བསྐྱོད་དེ་གཡུལ་འགྱེད་ཀྱི་དུས་ཚོད་ཁེལ་བ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱི་མང་ཚོགས་འདུ་འཛོམས་ཆེ་བའི་ལམ་ཆེན་གྱི་གཞི་མདོ་དེར་གཡུལ་གྱི་ཆེད་དུ་ཐེ་མི་ཚོམ་པར་འབྱོར་ཡོད།
ཁོང་གཉིས་ཀྱིས་སྔ་མོ་ནས་གཡུལ་འགྱེད་ཀྱི་གསལ་བསྒྲགས་བྱས་པ་དང་འདྲ་བར་གྲོང་ཁྱེར་གྱི་མི་ཕལ་མོ་ཆེས་ཤེས་རྟོགས་བྱུང་ཟིན་པས་ནག་ཆུ་གྲོང་ཁྱེར་གྱི་མི་རྣམས་དངངས་འཚབ་ཆེན་པོའི་ངང་འཚང་ཁ་ཤིག་ཤིག་གིས་འབྱོར་ཡོད་པ་ནི་རྐྱེན་གང་ཞིག་གིས་དབང་མེད་དུ་བརྡོལ་བའི་གྲོག་ཚང་དག་དང་གཉིས་སུ་མེད། སྐབས་དེར་བློ་གྲོས་ནི་སྐར་མ་ཉི་ཤུ་ཙམ་རྗེས་སུ་ལྷག་ཡོད་པས་དགའ་ཡུའི་སེམས་ལ་དེ་རིང་བློ་གྲོས་ཡོང་མ་ཕོད་པ་ཨེ་ཡིན་སྙམ་ཞིང་ཡོད་པའི་སྐབས་དེར། བློ་གྲོས་ཀྱིས་དཔུང་རོགས་ཁ་ཤས་ཤིག་ཁྲིད་ནས་མི་ཚོགས་ཀྱི་ཟུར་ཞིག་ནས་ཚུར་དོང་ཡོང་བ་མཐོང་བས། མི་རྣམས་་དངངས་འཚབས་ཀྱིས་ཟིང་ཟིང་ལང་ལོང་གི་ངང་དོ་སྣང་ཆེས་ཆེར་བྱེད་བཞིན་ཡོད། དགའ་ཡུས་ལམ་ཟུར་ཞིག་ཏུ་རང་གི་རླངས་འཁོར་གྱི་ཁ་བཀག་སྟེ་ཕྱིར་དོང་ཡོད་ནའང༌། རླངས་འཁོར་གྱི་གློག་མ་བཀག་པ་ནི་ཁོས་གཡུལ་ལས་ཀྱིས་དགྲ་བོ་ཆམ་ལ་ཕབ་ནས་ལམ་སེང་ཚུར་ལོག་སྟེ་འགྲོ་ཆོག་བྱེད་རྒྱུའི་གྲ་སྒྲིག་དེ་འདི་ནས་བྱས་པ་ཞིག་ཡིན་པ་གོར་མ་ཆག
ཕན་ཚུན་མཐོང་རེས་བྱུང་བ་དང་ཆབས་ཅིག་ཕྱོགས་གཉིས་ཀས་ངར་སློང་བའི་ཀི་སྒྲ་ཚངས་པས་ཀྱང་གོ་བར་ནུས་པ་ཁ་ཤས་ཤིག་སྒྲོགས་པ་དང་ལྷན་དུ་ཕན་ཚུན་ཐག་ཇེ་ཉེར་གྱུར་ཡོད་པའི་སྐབས་དེར། དགའ་ཡུས་བློ་བུར་དུ་ཐུང་མདའ་གློ་ནས་བཏོན་ཏེ་སྐམ་པ་ཐེངས་གསུམ་མནན་ནའང་མེ་མདའ་སྐད་མི་གྲག་པ་ལྟ་བུར་གྱུར་ཅེས་བཤད།
བློ་གྲོས་ཀྱིས་བསམ་པར། དེ་རིང་ང་ལ་མེ་མདའ་བླངས་མ་སོང་བས་ད་ཁོ་ཕྱིར་བྲོས་བྱེད་ངེས་རེད་སྙམ་པའི་སྐབས་དེར། དགའ་ཡུ་ནི་སྔར་ལས་ཁོང་ཁྲོའི་མེ་ལྕེ་ཆེས་ཆེར་འབར་བར་གྱུར་ཏེ་ཐུང་མདའ་དེ་ལག་གཡས་པས་བར་སྣང་ནས་རྒྱང་རིང་དུ་སྐད་སྒྲ་དང་བཅས་གཡུག་ནས་ཤིན་ཏུ་རྣོ་ངར་དང་ལྡན་པའི་སྤུ་གྲི་དེ་ཤུབས་ནས་ཕྱུང་སྟེ་རྒྱ་རས་སྤུ་མ་ནག་པོས་གཡོགས་པའི་རལ་ཤུབ་དེ་ཁྲོག་སྒྲ་དང་བཅས་བར་སྣང་ལ་གཡུག་བཞིན་པར་རལ་གྲི་གནམ་ལ་འཕྱར་ཞིང་ཚུར་འཆོང་ཡོང༌། དགའ་ཡུས་ལག་རྡོ་ལྟར་གཡུག་ཟིན་པའི་ཐུང་མདའ་དེ་ལམ་ཟུར་ནས་སྤོ་རྒན་ཞིག་གིས་ཐོབ་སྟེ་ཕུ་བཏབ་ནས་ཨམ་ཕྲག་དུ་བཅུག་ཡོད་པར་གྲགས་པ་ནི་ཞོར་འཕྲོས་སོ། བློ་གྲོས་ཀྱིས་ཀྱང་སོ་ཞེང་ཆེ་ཞིང་ཤིན་ཏུ་དབལ་རྣོ་བའི་རལ་གྲི་དེ་ཤུབས་ནས་འདོན་བཞིན་རལ་ཤུབས་ཀྱང་སྐད་སྒྲ་དང་བཅས་ནམ་མཁའ་ལ་གཡུག་ནས་ཚུར་ཡོང༌།
ཁོང་གཉིས་ལྷན་དུ་འཕྲད་པ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱི་མི་རྣམས་ཟིང་ལོང་ཆེ་དྲགས་ནས་ཉམ་ཆུང་བ་རྣམས་སྟོབས་ཆེ་བའི་རྐང་འོག་ནས་མི་མཐོང་བའི་ཚོད་དུ་གྱུར། ཁོང་གཉིས་ཀྱིས་ཐོན་ཁུངས་གཅིག་པ་ཡིན་པའྀ་སྤུ་གྲི་རྣོན་པོ་རེ་རེ་གནམ་ལ་འཕྱར་ཞིང་སྐར་མ་ཉི་ཤུ་ཙམ་ལ་གློག་ལྕེ་མཆེད་པ་དང་རྣམ་དབྱེ་མ་མཆིས་པར་གཡུག་རེས་བྱས་ཀྱང༌། གྲི་ཁ་འགོག་རེས་བྱས་ཏེ་མི་རྣམས་ཀྱིས་རལ་ཁ་ཕན་ཚུན་འཕྲད་པའི་སྒྲ་སྐད་རྣ་བར་ལྷང་ལྷང་དུ་གྲགས་པར་གྱུར་པ་ཙམ་ལས་རྒྱལ་ཕམ་གྱི་ལྟད་མོ་གང་ཡང་མིག་གི་ཡུལ་དུ་གྱུར་པ་ལྟ་ཞོག རལ་ཁ་འཁྲུག་པའི་འོད་རིས་ཙམ་ལས་རལ་གྲིའི་དབྱིབས་གཟུགས་ཀྱང་གསལ་ལ་མི་གསལ་བ་ཙམ་དུ་གྱུར་ཅིང༌། གཉིས་ཀར་གནོད་སྐྱོན་དང་ཕམ་རྒྱལ་གང་ཡང་མ་བྱུང་བས་ཁོང་གཉིས་ཀྱི་འཐབ་རྩལ་ལ་མི་རྣམས་ཧ་ལས་པའི་ཚད་ནི་འདི་ལྟ་སྟེ། ང་ཚོས་འཆར་ཅན་གེ་སར་སྒྲུང་ནང་གི་དཔའ་རྟུལ་དེ་དག་ཀྱང་འདི་ལས་ལྷག་པ་སུ་ཡང་ཡོད་མི་སྲིད་ཅེས་ཀུན་གྱིས་ཁ་འཆམ་པར་སྨྲ་བ་ནི་ཁ་བྱང་བའི་འདོན་པ་དང་གཉིས་སུ་མེད། སྐབས་དེར་ཁོང་གཉིས་ཀྱི་དཔུང་རོགས་གཞན་རྣམས་ཀྱང་ཕན་ཚུན་གྲི་འཛིང་གིས་དུས་འདའ་བཞིན་ཡོད།
ནམ་ཞིག་ན་དགའ་ཡུས་རལ་གྲི་གནམ་ལ་འཕྱར་ཞིང་ཀླད་ལ་བསྐོར་ཏེ་ལན་གཅིག་གཡུག་པས་བློ་གྲོས་ཀྱིས་ལམ་སེང་གྲི་ཁ་བཀག་མ་ཐུབ་པར་བློ་གྲོས་ཀྱི་སྐེ་ལ་ཐེབས། དཔུང་ཤུགས་ཧ་ཅང་ཆེ་བའི་གཡུག་རྩལ་དེས་བློ་གྲོས་ས་ལ་འགྱེལ་ལོ། དེ་ཉིན་བློ་གྲོས་ལ་མཚོན་སོང་བའི་དབང་དུ་བྱས་ན་དགའ་ཡུའི་གཡུག་རྩལ་དེས་བློ་གྲོས་ཀྱི་སྐེ་ཡུང་རྡོག་བྲེག་པ་ལྟར་བཅད་ཡོད་པ་ནི་སྨྲོས་ག་ལ་དགོས་ཞེས་མི་རྣམས་ཀྱིས་མགྲིན་གཅིག་ཏུ་ཤོད་པར་བྱེད།
དགའ་ཡུས། བློ་གྲོས་ལ། ཁྱོད་རང་ཤི་མདོག་མ་བྱེད། ཡར་ལོངས་ཤོག བྱས་ནས་རལ་གྲི་བཟུང་བཞིན་དུ་སྐར་མ་འགའ་ཙམ་རིང་བློ་གྲོས་ཀྱི་ཟུར་དུ་འགྲེང་བཞིན་ཡོད་པ་མི་རྣམས་ཀྱིས་མཐོང་ཟེར། བློ་གྲོས་ཡར་ལངས་པ་ལ་མངོན་དུ་ཕྱོགས་པ་དང་ཆབས་ཅིག་གློ་བུར་དུ་རལ་གྲི་སྐོར་གཡུག་ཐེངས་གཅིག་གིས་དགའ་ཡུའི་རྐང་པའི་ཉྭ་ཡ་གཅིག་གཤགས་སོ། འོན་ཀྱང་དགའ་ཡུས་རྐང་པའི་ནུས་ཤུགས་ཡ་གཅིག་གི་ཐོག་ཏུ་ཀྲང་ངེར་ལངས་བཞིན་རལ་གྲི་དེ་གནམ་ལ་འཕྱར་ནས་ལན་གཅིག་གཡུག་པས་བློ་གྲོས་ཀྱི་ཕྲག་གོང་དུ་ཐེབས་ཏེ་ཕྱི་ནང་གི་གོས་ཚལ་སློག་དང༌། འབུ་རས་སོགས་ཀྱིས་མ་བརྟན་པར་དུམ་བུར་གཏོང་ཡོད་ནའང༌། སྐབས་དེར་བློ་གྲོས་ནི་མཚོན་གྱིས་གླགས་མི་རྙེད་པར་གྱུར་ཡོད་ཚོད་ཀྱིས་གནོད་པར་མ་གྱུར། བློ་གྲོས་གྱིས་སྐོར་རྒྱུག་ཐེངས་གཅིག་དང་འབྲེལ་རྒྱབ་ཕྱོགས་ནས་རལ་གྲི་ལན་གཅིག་གཡུག་པས་རལ་གྲིའི་སོ་ཁས་དགའ་ཡུའི་སྤྱི་གཙུག་ནས་མར་གཤག་སྟེ་མགོ་བོ་དུམ་བུ་ཕྱེད་ཙམ་བྱས། དགའ་ཡུས་ད་དུང༌། བློ་གྲོས་ལ་ལག་གཉིས་ཀྱིས་གྲི་ལན་གཉིས་གསུམ་ཙམ་གཡུག་ནའང་བློ་གྲོས་ལ་མཚོན་གྱིས་མ་གནོད་ཚེ། དགའ་ཡུུ་ནི། དེ་ཕོ་འཕུར་རྩལ་ཆེ་ཡང༌། ནམ་འཕང་མ་ཆོད་པའི་དཔེ་ཟླར་གྱུར་ཏེ་རང་དབང་མེད་པར་ས་ལ་འགྱེལ་ལོ། འགའ་ཤས་ཀྱིས་དགའ་ཡུས་འདིར་ཐུང་མདའ་བཏོན་ནའང་སྐད་མི་གྲག་པས་རྒྱང་རིང་དུ་གཡུག་པར་ཡང་བཤད་དོ། ཡང་བློ་གྲོས་ཀྱིས་བསྐྱར་དུ་དགའ་ཡུའི་མགོ་ཐོག་ཏུ་རལ་གྲི་ལན་གཅིག་གཡུག་པས་རྣ་ལྟག་ལ་ཐེབས་ཏེ་གཡུལ་གྱི་སྐབས་དེ་རུ་ཉེན་ཚབས་ཤིན་ཏུ་ཆེ་བའི་གྲི་རྨས་བདུན་ཙམ་ཐེབས་པ་དང་ཆབས་ཅིག་བློ་གྲོས་ཀྱིས། དགྲ་བོ་ཆམ་ལ་ཕབ་ཡོད་པའི་ངར་སྐད་ཀྱི་འབྲུག་སྒྲ་ཤུགས་ཆེན་པོ་དེ་སྐད་གསོངས་མཐོན་པོར་གྲོང་ཁྱེར་གྱི་མི་ཚོགས་དེའི་ནང་དུ་མ་ཁྱབ་པ་མེད་པར་ལྡིར་བ་ན། སྐབས་དེའི་གཡུལ་འཁྲུག་གི་རྒྱལ་ཁ་དེ་བློ་གྲོས་ཀྱིས་ཐོབ་པ་རེད་ཅེས་བརྗོད་ཆོག
ཀློག་པ་པོ་ལགས། གཡུལ་རྩལ་ཅན་གྱི་དཔའ་བོ་དགའ་ཡུ་གཡུལ་གྱི་འོག་ཏུ་ཤི་བ་འདི་ཡང༌། འཇིག་རྟེན་གྱི་ཁ་དཔེར། རྟ་རྩལ་ཅན་དེ་རྟ་ཐོག་དང༌། ཆུ་རྩལ་ཅན་དེ་ཆུ་ཐོག་ཏུ་འཆི་བའི་གཏམ་བརྗོད་དེར་དོན་སྙིང་དང་ལྡན་པའི་གོ་བ་ཞིག་སྟེར་ཡོད་པ་མ་ཡིན་ནམ།
དེར་ཡོད་པའི་གྲོང་ཁྱེར་གྱི་མི་རྣམས་ནི་དངངས་སྐྲག་གིས་རང་རང་གི་ལག་ན་ཡོད་པའི་ཅ་དངོས་རྣམས་ཀྱང་ས་ལ་ནམ་ཤོར་མ་ཚོར་བར་རང་གི་རྐང་པའང་ས་ལ་གནོན་མི་ཐུབ་པ་ལྟ་བུར་གྱུར་ཏེ་ལ་ལ་ནི་ཕྱོགས་བཞིར་བྲོས། ལ་ལ་ནི་ཅི་འདི་རྨི་ལམ་མ་ཡིན་ནམ་སྙམ་དུ་རི་མོར་བྲིས་པའི་མིག་བཞིན་ཧྲིག་ཧྲིག་ཏུ་བལྟ་བ་དང༌། ཤིན་ཏུ་སྦུང་ཆུང་བའི་རྒྱ་མིའི་རིགས་ཀྱི་རྒན་མོ་འགའ་ཤས་དྲན་པ་ཐོར་ནས་ས་ལ་འགྱེལ་བའང་མི་རྣམས་ཀྱིས་དངོས་སུ་མཐོང་བ་མ་ཟད། རྒྱ་མིའི་རིགས་ཁ་ཤས་རང་གི་ཚོང་ཟོག་ཀྱང་རང་དགར་བསྐྱུར་ཏེ་བྲོས་པ་སོགས་ཁོང་ཚོའི་གཡུལ་འགྱེད་དེས་ཕ་མཐའ་ཡས་པའི་གྲོང་ཁྱེར་དེའང་ཡོམ་ཡོམ་ཤིག་ཤིག་ཙམ་དུ་བཏང་བའི་སྐབས་དེར། རྒྱུུ་ནོར་ཁོ་ན་དོན་དུ་གཉེར་བའི་རྐུན་པོ་དང་སྤྲང་པོ་གང་ཞིག་དེར་མཆིས་པ་སྲིད་ཚེ་རང་གིས་གང་དགའ་བའི་ཅ་དངོས་དེ་དག་རང་ལག་ཏུ་ཐོབ་རྒྱུ་ཡོད་པར་གྱུར་ཏོ།
ཉི་མ་བཀྲ་ཤིས་ཀྱིས། སྐབས་འདིར་རྡོ་རྗེའི་ཐོག་ལ་བྱིས་པའི་ཁུ་ཚུར་གྱི་དཔེ་ཟླར་འགྱུར་བར་དྭོགས་ཏེ་གཡུལ་ས་དེ་ལས་གཞན་དུ་བྱོལ་བར་གྲག་གོ །བློ་གྲོས་ཀྱི་དཔུང་རོགས་འབྲོག་ཕྲུག་གིས་ཕྱིས་སུ་བཤད་པའི་སྐད་ཆ་ཞིག་སྟེ། ཉི་མ་བཀྲ་ཤིས་ལ་བློ་ཁོག་དེ་ལས་ཆེ་ཙམ་ཡོད་པའི་དབང་དུ་བྱས་ན་ང་རང་བྲོས་པ་ལ་སྐད་ཅིག་ཙམ་མ་གཏོགས་མེད་ནའང༌། ཉི་མ་བཀྲ་ཤིས་ཁོ་རང་སྔོན་ལ་བྲོས་སོང་བས་ངས་དེའི་རྗེས་སུ་རལ་གྲི་ཁྱེར་ནས་མི་ཚོགས་ཀྱི་ཁྲོད་དུ་ཁོ་འདེད་པའི་ཟོལ་བྱས་ཏེ་ཁོའི་ཕྱི་བཞིན་རྒྱུགས་པ་ཡིན་ཞེས་རྗེས་སུ་བཤད་པའི་སྐད་ཆ་ལ་བལྟས་ན་ཁོ་ཡང་སྙིང་སྟོབས་ཤིན་ཏུ་ཆེ་བ་ཞིག་མ་ཡིན་པར་གོ རྗེས་སུ་ཁོ་ཡང་མི་གཞན་གྱི་མཚོན་འོག་ཏུ་ཤི་ཟིན་པ་ནི་སྙིང་རྗེ་སྐྱེ་འོས་ཤིག་ལོས་ཡིན༑
དེའི་ཚེ་དགའ་ཡུའི་དཔུང་རོགས་བཀྲ་ཤིས་ལྷ་དར་ནི་ཙིག་གཡུག་ཨི་ཟི་དང་འབྲོག་ཕྲུག་ཟུང་དང་གཡུག་རྩལ་འགྲན་བཞིན་པའི་སྐབས་སུ་བཀྲ་ཤིས་ལྷ་དར་གྱིས་རལ་གྲི་དེ་འབྲོག་ཕྲུག་ལ་འཛུགས་གྲབས་བྱེད་པའི་ཚེ། རྒྱབ་ཕྱོགས་ནས་ཙིག་གཡུག་ཨི་ཟིས་རྒྱུགས་ཞོར་གྲི་ལན་ཅིག་གཡུག་པས་ལྷ་དར་གྱི་ལག་གཡས་པའི་དཔུང་མགོ་བཅད། སྐབས་དེར་ཁོང་གཉིས་ཀྱིས་ལྷ་དར་ལ་གྲི་རུབ་བྱས་པས་ནམ་ཞིག་ནས་ལྷ་དར་ནུས་ཤུགས་ཡོངས་སུ་ཟད་དེ་བྱ་བྱེའུ་ལ་རྡོ་ཕོག་པ་ལྟར་གྱུར་པའི་སྐབས་སུ། བློ་གྲོས་དེར་འབྱོར་དུས་གཞན་གཉིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ལྷ་དར་གསོད་པར་རྩོམ་སྟེ། དུས་མཉམ་དུ་རལ་གྲིའི་འདེགས་འཇོག་རྩོམ་པ་ན་ལྷ་དར་གྱི་གཟུགས་པོར་ཕོག་ཁ་མར་བློ་གྲོས་ཀྱི་རལ་གྲིས་སྐད་སྒྲ་དང་བཅས་ཁོང་གཉིས་ཀྱི་རལ་སོ་བཀག་སྟེ་ལྷ་དར་གྱི་ལུས་ལ་བསྐྱབས་པར་བྱས།
བློ་གྲོས་ཀྱིས་ལྷ་དར་ལ། ད་ཁྱོད་རང་གསོད་དགོས་སམ། ཞེས་དཔའ་གཏམ་བསྒྲགས་པས། ལྟག་ཆུ་ཆད་པའི་རྫིང་བུའམ། དཔུང་རོགས་མེད་པའི་དཔའ་བོ་ལྷ་དར་གྱིས། འཇིགས་ཞུམ་ཅི་ཡང་མེད་པར། ངའི་རོགས་པ་ནི་བསད་ཚར་བས། ང་གཉིས་མཉམ་ཤི་མཉམ་གསོན་བྱེད་རྒྱུའི་ཁ་ཆད་ཡོད། ད་ང་གསོན་ཡང་དགའ་བ་མེད། ཅེས་ལན་སྤྲད་ཟེར། བློ་གྲོས་ཀྱིས་རལ་གྲི་ཁྲག་ཅན་དེས་ལྷ་དར་གྱི་བྱ་སྤུ་ཅན་གྱི་སྟོད་གོས་ཐོག་ཏུ་ཕྱིས་ཕྱིས་ཁ་ཤས་དང་བཅས། བྲང་གི་ཕྱོགས་སུ་རལ་གྲིས་རྒྱ་གྲམ་གྱི་རི་མོ་ཞིག་བྱ་སྤུ་ཁྲ་ཐལ་ལེར་ཕྱེད་གཤགས་གཏོང་བཞིན་པ་དང་ཆབས་ཅིག ཁྱོད་རང་དེ་རིང་ཚེ་ཐར་གཏོང་རྒྱུ་ཡིན༑ ཞེས་བཤད་ནས་ལྷ་དར་དེ་གར་བསྐྱུར་ཏེ་ཀི་སྒྲ་གནམ་སར་མི་ཤོང་བ་ཙམ་ཞིག་བྱས་པའི་ཚེ་ཐེངས་འདིའི་གཡུལ་ཐག་དེ་ནས་ཆོད་པར་གྱུར་ཏོ། །

མཐའ་ཡས་གྲོང་ཁྱེར་ནང་གི་རྒན་གཞོན་ཀུན། །

ལྟད་མོའི་ཆེད་དུ་གྲོག་ཚོང་བརྡོལ་བ་བཞིན། །

དཔའ་རྒོད་ཕན་ཚུན་ཐོག་མར་འཕྲད་པའི་ཚེ། །

ཁྲོས་ཤིང་འཁྲུག་པ་གླང་ཆེན་མྱོས་དང་མཚུངས། །

 

 

ལྷན་ཅིག་རལ་ཤུབས་གནམ་ལ་འཕེན་པ་ནི། །

དགུང་སྔོན་དབྱིངས་སུ་འདབ་ཆགས་འཕུར་བ་འདྲ། །

ཐོན་ཁུངས་གཅིག་པར་དྭོགས་པའི་ལེབ་ཆེན་གྱི། །

རལ་ཁ་འཕྲད་པའི་སྐད་སྒྲ་འབྲུག་ལ་འགྲན། །

 

 

ཉ་ཕྱིས་མདོག་ལྟར་དཀར་བའི་མཚོན་ཆ་ནི། །

བར་སྣང་ཁམས་སུ་གློག་ལྕེ་མཆེད་པ་འདྲ། །

ཕན་ཚུན་འཛིང་བའི་ལུས་ཀྱི་ལྡེམ་མྱུར་ནི། །

རྦབ་ཆུའི་རྦ་ཀློང་ནང་གི་གསེར་མིག་བཞིན། །

 

 

མི་རྣམས་ཧ་ལས་ཧང་སང་རྣམ་པ་ནི། །

ངོམས་མེད་ཧྲིག་ཧྲིག་ལྟ་བ་གཟུགས་བརྙན་ལྟར། །

དཔའ་བོའི་ཚེ་སྲོག་ཕོངས་པ་མེད་པ་ནི། །

སེར་སྣ་ཅན་གྱིས་སྟུག་དྲི་བཏང་དང་མཚུངས། །

 

 

ཕ་རོལ་ཉམ་ཉེས་བཏང་བའི་རྣམ་པ་ནི། །

རལ་གྲི་ཁྲག་མཚོ་དཀྲུག་པའི་མདོག་ལ་ལྟོས། །

དཔའ་རྒོད་དཔའ་བོའི་འོག་ཏུ་ཤི་བ་ནི། །

ཆུ་བན་ཆུ་བོའི་འགྲམ་དུ་ཆག་པ་འདྲ། །

 

 

ཕོ་རྒོད་དེ་དག་གཡུལ་ལ་འཇུག་པའི་ཚུལ། །

ལིང་ཧྲན་རི་བོའི་ངོགས་ཀྱི་དཔའ་བོ་བཞིན། །

ཛ་དྲག་ཆེ་བའི་གཡུལ་གྱི་བྱ་བ་དེས། །

གྲོང་ཁྱེར་དེ་ཡང་ཆགས་འཇིག་བྱས་པ་འདྲ། །ཞེས་ཀྱང་སྨྲས་སོ།

གྲོང་ཁྱེར་གྱི་སྐོར་སྲུང་བ་རྣམས་དེར་སླེབས་ཟིན་ནའང༌། འཇུ་བཟུང་བྱེད་མ་ཕོད་པའི་ཚེ། བློ་གྲོས་ཀྱིས། ད་ང་འཇུས་ཤིག ཅེས་རལ་གྲི་དེ་ཕར་སྐོར་སྲུང་བའི་ཕྱོགས་སུ་གཡུག་མ་ཟིན་དབར་ཉེན་རྟོག་པ་རྣམས་རང་རང་གི་ས་ན་འགྲེང་བཞིན་པ་ལས་ཐད་ཀར་བློ་གྲོས་ཀྱི་ཕྱོགས་སུ་འགྲོར་མ་ཕོད་སྐད།
མི་ཁྲིམས་འོག་ཏུ་མེད་པ་དང༌། རྟ་སྒ་འོག་ཏུ་མེད་པ་ག་ལ་ཡོད་དེ། བློ་གྲོས་ཀྱིས། ད་འཇུས་ཤིག ཅེས་ཉེན་རྟོག་པ་རྣམས་ལ་ལག་ངར་བསྟན་ཟིན་རྗེས་ཁོང་ཚོ་ཕར་རྒྱུགས་ཏེ་བློ་གྲོས་ལ་ལག་ལྕགས་བཀོན་ནས་མར་ཁྲིད་དུས། བློ་གྲོས་ཀྱིས་བརྗིད་ཉམས་དང་བཅས། ཁྱོད་ཚོས་དེ་རིང་འཆར་ཅན་གྱི་ཉེན་འཚབ་ཡོད་པའི་སྐད་བརྡ་དང་གློག་བརྡ་དེ་དེ་རིང་གཏོང་མི་ཆོག ཅེས་བཤད་པས་ཁོང་ཚོས་དེ་ལྟར་ཁས་ལེན་མི་བྱེད་ཀ་མེད་དུ་གྱུར་ཏེ་འཆར་ཅན་ཉེན་རྟོག་པས་ཉེས་ཅན་འཛིན་བཟུང་བྱས་པ་དང་གཏན་ནས་མི་འདྲ་བར་ཁུ་སིམ་པོར་བཙོན་ཁང་གང་ཞིག་ཏུ་ག་ལེར་ཁྲིད་ཡོད་པ་ནི་དཔའ་རྒོད་ཀྱི་གཟི་བརྗིད་ཁོ་ན་ཡིན་པ་ལས་ཁོང་ཚོས་སྙིང་རྗེ་བྱས་པ་ཞིག་ག་ལ་ཡིན། 

གཟུར་གནས་ཀྱི་བསམ་གཞིག

ཤིན་ཏུ་ཛ་དྲག་དང་ལྡན་པའི་གཡུལ་ས་རུ་དཔའ་བོའི་རལ་གྲིའི་སོ་ཁར་གྲོངས་པའི་དགའ་ཡུ་ནི། ཕྱི་མའི་ལམ་དུ་འགྲོ་བ་ལ་ཡ་ང་བ་ལྟ་ཅི་སྨྲོས་ནའང༌། རྒྱུན་དུ་དཔའ་གཏམ་སྒྲོགས་པའི་ཕོ་སྐྱེས་ཙམ་དུ་མ་ཟད། རིང་མོ་ནས་སྲོལ་རྒྱུན་གྱི་ཀླད་རྙིང་གིས་དབང་བསྒྱུར་བྱས་ཟིན་པའི་མགོ་བོ་ལུག་ལྟར་དཀར་བའི་གྲོང་གསེབ་ཀྱི་རྒན་མོས་ཀྱང་དཔའ་བོ་གཡུལ་དུ་ཤི་བ་ལ་སྡུག་རྒྱུ་ཅི་ལ་ཡོད་ཅེས་བསྟོད་བསྔགས་ཁོ་ན་བྱས་ཡོད་པ་འདིས་དུས་རབས་འདིའི་ནང་དུའང་རང་རེ་ལ་སྔ་མའི་བག་ཆགས་མཐུག་པོ་དེ་ཇི་ཙམ་རྒྱུན་འཛིན་བྱས་ཡོད་པ་དཔོགས་ཐུབ༑

ཚུལ་འདི་ནི་ང་ཚོ་གངས་རིའི་ལྗོངས་སུ་ཆེས་ཡ་ཐོག་གི་དུས་སམ། རྒྱལ་པོ་གཉའ་ཁྲི་བཙད་པོའི་སྐབས་སུའང༌། དཔའ་སྣ་ལྔས་སེང་གེ་དང་གུང་སྟག་གིས་བརྒྱན། ཞེས་ལོ་རྒྱུས་ཡིག་རྙིང་གི་ཁྲོད་དུ་གསལ་བ་ལྟར་དེ་རིགས་ལ་དཔའ་བོའི་མཚན་སྙན་དང༌། ཆོ་ལོ་སྤྲོད་ཅིང་ཡོད་པ་བདེན་ལ། ཕྱི་རབས་སུའང་དངོས་སུ་བྱུང་མིན་གང་ལྟར་ཡང༌། གླིང་སེང་ཆེན་རྒྱལ་པོའི་སྒྲུང་ནས་བྱུང་བའི་དཔའ་རྒོད་དེ་དག་ལ་དམངས་ཁྲོད་དུ་གདེང་འཇོག་ཇི་ལྟར་བྱེད་ཅིང་ཡོད་པ་ནི་ང་ཚོས་ལོས་ཤེས།

འོ་ན་ང་ཚོས་དེའི་གནའ་སྲོལ་དེ་ད་དུང་རྒྱུན་འཛིན་བྱེད་དགོས་པ་མ་ཡིན་ནམ་ཞེ་ན། དུས་སྐབས་ཀྱི་གནས་སྟངས་མི་འདྲ་བའི་དབང་གིས་སྔར་ཡོན་ཏན་ཡིན་ཡང་ད་ཆར་སྐྱོན་དུ་གྱུར་ཆོག་པ་ནི་ཁ་དཔེར་ཡང༌། སྔར་བྱ་ཉལ་སར། ད་བྱིའུ་མི་ཉལ། ཅེས་པ་ལྟར་ཡིན་ཏེ། སྔ་མོའི་ཡུལ་ལུང་ཕན་ཚུན་དང༌། དེ་བཞིན་མངའ་སྡེ་དང༌། ཚོ་པ་སོགས་ཕན་ཚུན་དབར་འཕྲོག་རེས་དང༌། དམག་རྒྱག དབང་བསྒྱུར་སོགས་བྱེད་པའི་བརྒྱུད་རིམ་ཐོག་ཚོ་པ་གང་ཞིག་དང༌། ཡུལ་ཁག་གང་ཞིག་ལ་དམག་རྒྱག་དང་གཡུལ་གྱི་ལས་ལ་དཔའ་བའི་དཔའ་རྒོད་གང་ཞིག་མཆིས་ཚེ་དེར་མཚན་སྙན་དང་ཆེ་མཐོང་ཤིན་ཏུ་ཆེ་བ་ནི། ཁོང་ཚོ་འགའ་ཞིག་ལ་ཐབས་ལམ་འདིས་བརྒྱུད་གཞན་དག་དབང་བསྒྱུར་གྱི་གོ་སྐབས་འཐོབ་བཞིན་ཡོད་ལ། ཁ་ཤས་གཞན་གྱི་འཕྲོག་བཅོམ་དང༌། གཉའ་གནོན་གང་ཞིག་གི་འོག་དཀའ་སྡུག་མྱོང་བཞིན་ཡོད་པས་དཔའ་རྩལ་དང་ལྡན་པའི་མི་སྣ་དེ་རིགས་དགོས་མཁོ་ཤིན་ཏུ་ཆེ་ཞིང་ཡོད་པས་སྐབས་དེར་ཆེ་མཐོང་འོས་པའི་ཚུལ་དང་ཆོ་ལོ་སྤྲོད་དགོས་པའི་རྒྱུ་མཚན་ཡང་དེ་ཡིན།

འཛམ་གླིང་སྤྱི་ཡི་གནས་སྟངས་ལ་ཆ་བཞག་ན་སྔ་མོའི་བར་བརྒལ་གྱི་དུས་སྐབས་རིང་མོ་ཞིག་ནས་ཡུ་རོབ་དང༌། ཨེ་ཤ་ཡ་སོགས་གཙོ་བོར་གྱུར་པའི་ཡུལ་ཁམས་ཀུན་ཏུ་ཚོགས་ཁག་དང་མངའ་སྡེ་ཕན་ཚུན་དབར་ཚབས་ཆེ་བའི་གཡུལ་གྱི་ལས་ལ་ཤིན་ཏུ་ཞུགས་སྟེ་ཕན་ཚུན་དབང་བསྒྱུར་དང༌། གཉའ་གནོན་བྱེད་པའི་ལུགས་སྲོལ་རྒྱུན་མར་བྱུང་ཡོད་ཅིང༌། དེ་དག་གི་དུས་སུ་ཆེས་ཡ་ཐོག་རྡོ་ཆས་གསར་རྙིང་གི་དུས་རབས་དག་ཏུ་མི་རྣམས་སྦར་འཛིང་དང་རྡོ་ཟོར། དེ་བཞིན་རྡོ་ཆས་དང༌། རུས་ཆས་ཀྱི་གྲི་མདུང་སྟ་རེ་སྟེའུ་སོགས་དང༌། གཞན་ཡང་དབྱུགས་པ། དུད་འགྲོའི་རྭ་ཅོ་སོགས་དུས་རབས་ཀྱི་འཁོས་ཀ་དང་འཚམས་པའི་སྟབས་བདེའི་ལག་ཆར་བེད་སྤྱོད་བྱས་ཡོད་ལ། དེ་དག་དུས་ནམ་ཞིག་ན་ཡར་རྒྱས་ཕྱིན་སྟེ་ས་འོག་ནས་ལྕགས་རིགས་དང་ལི་ཆས་སོགས་ཀྱི་དངོས་པོ་རྙེད་ཅིང་རྩོལ་སྒྲུབ་ཤེས་པའི་སྐབས་སུ་ད་ལྟ་དངོས་མཐོང་དུ་ཡོད་པའི་མདའ་གཞུ་དང་གྲི་མདུང་སོགས་ཡིན་མོད། ཕྱིས་སུ་ཚན་རིག་ཡར་རྒྱས་ཕྱིན་པའི་སྐབས་སུ། ༡༩༣༩ལོ་ནས་༡༩༤༥ལོ་བར་དུ་འཛམ་གླིང་གཡུལ་ཆེན་གཉིས་པའི་སྐབས། རྒྱལ་ཁབ་དང་ཡུལ་གྲུ་དྲུག་ཅུ་ལྷག་ཅིག་གཡུལ་དུ་ཞུགས་པས་མཐར་མི་བྱེ་བ་བདུན་ཙམ་སྲོག་དང་བྲལ། ༡༩༤༥ཟླ་༨ཚེས་༦ཉིན་གྱི་སྔ་དྲོ་འཇར་པན་གྱི་ཀོང་ཏོ་གྲོང་ཁྱེར་ནང་མི་འབུམ་གསུམ་ལྷག་ཅིག་ཡོད་པ་ལ། ཨ་མེ་རི་ཀས་རྡུལ་ཕྲན་འབར་མདེལ་འཕངས་ཏེ་སྐར་མ་གཉིས་ཀྱི་རིང་ལ་མི་ཁྲི་ཕྲག་དྲུག་ལྷག་སྐད་ཅིག་སྲོག་དང་ཕྲལ་ཅིང༌། ཡང་དེའི་ཉིན་གསུམ་པར་གྲོང་ཁྱེར་ཤིས་ཁྲང་ཆིའུ་ལ་རྡུལ་ཕྲན་འབར་མདེལ་འཕངས་ཏེ་ཁྲག་གི་རྒྱ་མཚོ་བསྐྱིལ་བ་སོགས་ཡིན།

ང་ཚོ་མིའི་རིགས་སྤྱི་ལ་ངེས་པར་དུ་བསམ་གཞིགས་དང་དོ་སྣང་བྱེད་དགོས་པའི་ལོ་རྒྱུས་ཀྱི་བསླབ་བྱ་གང་ཕྲག་ཏུ་བབས་པ་ཡིན་ཞེ་ན། སྔ་མོའི་དུས་ཏེ་འུར་རྡོ་དང་དབྱུགས་པ་ཁྱེར་བའི་སྐབས་ནས་རིམ་བཞིན་ད་ལྟའི་གོ་ལ་ཧྲིལ་པོ་འདི་སྐར་ཆ་གཅིག་གིས་རྨིང་མེད་དུ་གཏོང་ནུས་ཀྱི་འབར་རྫས་བཟོས་ཟིན་པའི་བར་དུས་སྐབས་སོ་སོར་ནུས་སྟོབས་དང་ཐབས་རྩལ་མཆོག་དམན་ཙམ་ལས་དོན་དུ་དམིགས་ཡུལ་གཅིག་གྱུར་དུ་ཆགས་ཡོད་པས། ད་དུང་ཡང་བྱ་འགུལ་འདི་རྒྱུན་འཛིན་བྱས་ན་ཆེ་ས་ནས་འཛམ་བུ་གླིང་སྤྱི་ཡི་དབང་དུ་བྱས་ཚེ་ང་ཚོས་མཐོང་བཞིན་པའི་གོ་ལ་རིལ་པོ་འདི་སྐད་ཅིག་གིས་བརླགས་པ་ལ་ཐག་ཤིན་ཏུ་ཉེ་བ་མ་ཟད། ཆུང་ས་ནས་ལུང་ཚན་དང༌། མངའ་སྡེ། དེ་བཞིན་མི་དང་མི་ཕན་ཚུན་དབར་བདེ་བླག་ཏུ་འཇོམ་ཆོག་གི་འཕྲུལ་རྩལ་དང་ལྡན་པས་སྤྱི་ཚོགས་ཀྱི་བདེ་སྐྱིད་ལ་ཉམས་ཉེས་བྱུང་སྟེ་མིར་སྐྱེས་ཀྱང་རྐྱེན་ངན་གྱི་འོག་ནས་མིའི་བདེ་སྐྱིད་ལ་ལོངས་སུ་སྤྱོད་རྒྱུ་མི་ཡོང་བའི་གྱོང་གུན་ཚབས་ཆེན་འབྱུང་བ་ཤོད་མི་དགོས་པ་དང༌། སྔ་མོ་ནས་ད་ལྟའི་བར་དུ་རྒྱལ་ཁབ་དང་ཡུལ་ལུང་ཚོ་ཁག་མི་སྒེར་སོགས་ཀྱིས་ཕན་ཚུན་དབང་བསྒྱུར་དང་གཉའ་གནོན་བྲན་བཀོལ་སོགས་བྱས་པ་དེ་དག་ལ་ཕྱི་མིག་བལྟས་དུས་སྐྱུག་བྲོ་བའམ་ཞེ་མེར་བ་སྟེ་མདོར་ན་བསམ་ཤེས་མེད་པའི་དུས་སྐབས་ཡ་ང་བ་ཞིག་ཡིན་པར་དུས་རབས་རིམ་པའི་ཉམས་མྱོང་གི་བསླབ་བྱའི་ཐོག་ནས་ཁུངས་འཕེར་ངེས་ཀྱི་ར་སྤྲོད་དང༌། ངོས་འཛིན་བྱུང་སྟེ་དེང་ནས་བཟུང་སྟེ་དེ་དག་ལ་ཁ་གཏད་གཅོག་དགོས་པ་དང༌། འགྲོ་བ་མི་ཐམས་ཅད་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་ཞིང་མིར་སྐྱེ་བ་བླངས་པའང་གཅིག་མཚུངས་ཡིན་པས་མིའི་བདེ་སྐྱིད་ལ་ལོངས་སུ་སྤྱོད་དགོས་པའང་གཅིག་མཚུངས་ཡིན་པར་བརྟེན། འགྲོ་བ་མི་ཡི་ཐོབ་ཐང་ཞེས་པ་དེ་གཞན་སུ་ལས་གལ་ཆེ་བ་ཞིག་ཡིན་པ་དང༌། གཅིག་གིས་གཅིག་ལ་གཉའ་གནོན་དང་བརྡུང་བརྡེག་གམ་བྲན་གཡོག་བྱེད་མི་ཆོག་པར་འགྲོ་བ་མིའི་རིགས་ཚང་མའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་དང༌། འགྲོ་བ་མིའི་རིགས་ཀྱི་སྒོ་གསུམ་རང་དབང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་པའི་གཏམ་བཟང་བསྒྲགས་ཏེ། ཤར་ནུབ་རྒྱལ་ཁབ་དུ་མ་བསམ་གྲོས་གཅིག་མཐུན་གྱིས་ལྷན་གཅིག་ཏུ་འཚོགས་ཏེ་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་རྩ་ཁྲིམས་ཡིག་ཆ་དེ་༡༩༤༥ནས་གྲོས་བསྡུར་འགོ་ཚུགས་ཏེ་༡༩༤༨ལོར་གཏན་འབེབས་བྱུང་ཐུབ་ཡོད་པ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་དེང་སང་ཤར་ནུབ་ཡུལ་གྲུ་ཀུན་ཏུ་བསམ་པའི་གོ་རྟོགས་དང་དཔལ་ཡོན་སྔར་དང་མི་འདྲ་བར་ཆེས་ཆེར་འཕེལ་རྒྱས་སོང་སྟེ་གཅིག་གིས་གཅིག་ལ་གྲི་མཚོན་བེད་སྤྱོད་བྱེད་རྒྱུའི་ས་བཅད་དེ་ཧ་ལམ་སྟོང་བཞིན་ཡོད་པ་ནི། སློབ་གསོའི་ཆུ་ཚད་ཡོད་པའི་ཡུལ་གྲུར་ཕན་ཚུན་གྲི་འཛིང་བྱས་པའི་མཐོང་ཐོས་གཅིག་ཀྱང་མེད་པ་མ་ཟད། སྦར་འཛིང་དྲག་པོ་བྱེད་མཁན་ཞིག་ཀྱང་གཏན་ནས་མཐོང་མྱོང་མེད་པ་འདི་ལྟ་བུས་མཚོན་ཡོད།

འོན་ཀྱང་ང་ཚོ་གངས་རིའི་ལྗོངས་སུ་དེང་གི་དུས་ནའང་གོམས་སྲོལ་འདིའི་རྒྱུན་འཛིན་མི་ཉུང་བ་ཞིག་མངོན་ལྐོག་ཅི་རིགས་ཀྱི་ཚུལ་དུ་ཡོད་ཚོད་འདུག་པས་རྣམ་པ་གཅིག་ཏུ་ན། གླིང་རྗེ་སེང་ཆེན་རྒྱལ་པོའི་སྒྲུང་རྒྱུན་དམངས་ཁྲོད་དུ་དར་ཆ་ཆེ་བས་ཀྱང་རམ་འདེགས་ཅུང་ཞིག་བྱེད་ཀྱིན་མེད་དམ་སྙམ། གང་ལྟར་ཡང་རང་རེ་བོད་ཀྱི་མིའི་རིགས་བརྒྱུད་ལ་སྔར་ལས་འགྱུར་བ་བྱུང་མེད་ནའང་སྤྱི་ཚོགས་ལ་འཕེལ་འགྱུར་རིམ་གྱིས་འགྲོ་བཞིན་པའི་དབང་གིས་དེང་གི་དུས་སུ་དཔའ་བོའི་ཆོ་ལོ་སྟེར་མཁན་མེད་པ་མ་ཟད། འཛམ་གླིང་གང་སར་གཡུལ་འཁྲུག་གི་བྱ་བ་ཆེ་ཕྲ་གང་ལའང་སྐྱོན་དུ་བརྩི་བའི་ལམ་སྲོལ་དར་བཞིན་པ་འདི་ཐུགས་ལ་འདོགས་ཤིང༌། འཛམ་གླིང་སྤྱི་ཡི་འགྱུར་འགྲོས་དང༌། མི་རིགས་གཞན་གྱི་ཀུན་སྤྱོད་དང༌། དེ་བཞིན་ཤེས་ཡོན་ལ་བསླབ་བྱ་ལེན་རྒྱུར་ཐུགས་སྣང་གནང་རོགས་ཞེས་མཐའ་མའི་རེ་སྐུལ་ཞུ་རྒྱུ་ལས། རང་གི་ཚེ་སྲོག་ལ་རིན་ཐང་ནི་ས་འོག་གི་བྱི་བ་དང༌། ནགས་ཀྱི་གཅན་གཟན་ཚུན་གྱིས་ཀྱང་འཇོག་ཤེས་པས་དེའི་ཚུལ་ལ་འབོད་སྐུལ་ཞུ་དགོས་ག་ལ་མཆིས། ཞེས་རང་གི་མི་རིགས་ལ་མཐའ་མའི་རེ་སྐུལ་དང་བཅས་རེ་ཞིག་མཇུག་རྫོགས་སོ།། །།ཕྱི་ལོ་༢༠༠༤ལོའི་ཟླ་༡༡པར་བྲིས་པ་བོད་མི་རིགས་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་དུ་འགྲོ་བའི་རྒྱུར་གྱུར་ཅིག  །།