མདུན་ངོས། » གསར་རྩོམ། » རིག་གཞུང་གཞན། » ཉི་ཧོང་དུ་བསྐྱོད་པའི་སྣང་ཚུལ།

ཉི་ཧོང་དུ་བསྐྱོད་པའི་སྣང་ཚུལ།

 

 

ཉི་ཧོང་དུ་བསྐྱོད་པའི་སྣང་ཚུལ།
ཟིན་བདག་རང་གི་རྩོམ།

བདེ་བར་གཤེགས་པའི་ཞལ་ཆེམས་ནི། །
དང་དུ་ལེན་པའི་སྟོབས་ཞན་ཡང་། །
དེ་ཡི་ཕྱོགས་སུ་མོས་པ་ཙམ། །
སྐལ་པ་བཟང་ཞེས་རྣ་བར་ལྷུང་། །

 

དེས་ན་སྣ་ཚོགས་འདུ་འཛི་དང་། །

ལྷན་ཅིག་སྟོན་པའི་གཞུང་ལུགས་ལ། །
འབད་པའི་ཁུལ་གྱིས་གཡར་པོའི་ཡུལ། །
ལེ་ལོའི་མལ་དུ་གནས་པའི་ཚེ། །

 

སེམས་བཟང་དགེ་བའི་གྲོགས་ཤིག་གིས། །
རིག་གཞུང་བགྲོ་གླེང་སྟེགས་བུ་རུ། །
གློག་དང་འདྲ་བའི་མྱུར་འཕྲིན་གྱིས། །
མགྲོན་བརྡའི་བྱ་མ་རྟ་འབྱོར་དུས། །

 

ལྷོ་ཕྱོགས་རྒྱ་བལ་ཡུལ་གྲུ་ནས། །

འཕུར་གྲུར་བསྐྱོད་པའི་བར་ཐག་ཏུ། །
གངས་རིའི་ཞིང་དང་ནག་པོའི་རྒྱ། །
འབབ་སྟེགས་འོག་ནས་རིང་དུ་བརྒལ། །

 

སྟོབས་དང་འབྱོར་བའི་ཤེ་མོང་གིས། །
རིང་ནས་ལང་ཚོ་སྨིན་པའི་ཡུལ། །
ཇར་པན་ཞེས་པའི་གྲགས་སྙན་ནི། །
ཕྱོགས་ཀྱི་འཁོར་ལོར་འཕུར་བ་དེར། །

 

འགྲོ་ཕྱོགས་བསླད་པའི་དམུས་ལོང་ཞིག །

མྱ་ངམ་ཐང་དུ་འཁྱམས་ན་ཡང་། །
མཛའ་བརྕེས་ཕྱུག་པའི་ཉི་ཧོང་བས། །
བདེ་བར་སྐྱོབ་ལ་སོམ་ཉི་བྲལ། །

 

མཁའ་ལ་ལྡིང་བའི་འཕུར་གྲུ་དང་། །
དོག་ལ་བགྲོད་པའི་སྣུམ་འཁོར་ཏེ། །
མྱུར་མགྱོགས་ལྡན་པའི་མེ་འཁོར་སོགས། །
ཡུལ་གྲུ་གཞན་གྱིས་དོ་ཟླ་མིན། །

 

གྲོང་དང་གྲོང་ཁྱེར་བཀོད་པ་ནི། །

ཚངས་པའི་འཇིག་རྟེན་དག་ལ་འཁུ། །
སྲ་བརྟན་ཁང་བརྩེགས་མཐོན་པོའི་དཔེ། །
རི་བོ་མཆོག་རབ་ལས་གཞན་མིན། །

 

ཐེག་པ་ཆེན་པོའི་ལྷ་ཁང་དང་། །
གནའ་བོའི་དགོན་སྡེ་ངོ་མཚར་བ། །
གཅིག་མིན་དུ་མས་བརྒྱན་པས་ན། །
ནང་པའི་རྒྱལ་ཁབ་བརྗོད་པར་འོས། །

 

ཉན་ཐོས་ཉུང་ངུ་འདུས་པ་ཡི། །

འཕགས་ཡུལ་ཉི་མའི་གཉེན་དེ་ལ། །
གོ་ལའི་ཁྱོན་དུ་མཆེད་ཐུབ་པའི། །
གཟི་བྱིན་མེ་ལྕེའི་རླབས་འདི་ཅི། །

 

འཕགས་པ་ཐུགས་རྗེ་ཆེན་པོ་ཡི། །
འོད་སྟོང་འབར་བའི་སྟོང་སྐུ་ནི། །
ལྷམ་མེར་བཞུགས་པའི་གཟི་བྱིན་དེ། །
ནོར་འཛིན་སྒེག་མོས་ཐེག་པ་མཚར། །

 

སྐད་ཅིག་སྙིང་རྗེ་མ་ལྷོད་པའི། །

བདེར་གཤེགས་མིག་མི་འཛུམ་པ་ནི། །
བོད་ཀྱི་ལྷ་གཅིག་ཅེས་གྲགས་ཀྱང་། །
མ་ཡིན་ཡུལ་འདིའི་སྐྱབས་ཀྱི་གཙོ། །

 

རྩེ་མོ་རྣོ་ལ་རིང་བ་ཡི། །
བདེར་གཤེགས་ཐུགས་རྟེན་མཆོད་སྡོང་གི །
ཁྱད་ཆོས་གཞན་དང་མི་མཉམ་པ། །
ཇར་པན་ཡུལ་གྱི་བཟོ་བཀོད་ལགས། །

 

 

རིན་ཆེན་དང་པོས་བསྐྲུན་པ་ཡི། །
གཙུག་ལག་ཁང་གི་གསེར་འོད་ཀྱིས། །
གསེར་རིས་སྤྲས་པའི་ལྷ་ཁང་ནི། །
དམར་སེར་ཅན་གྱི་ཟློས་གར་བཞིན། །

 

སྙིགས་མས་ནོན་པའི་དུས་རབས་འདིར། །
རབ་བྱུང་ཨུཏྤལ་ལྟར་དཀོན་པས། །
གནའ་བོའི་བསམ་གཏན་ཁང་པ་ནི། །
དེང་དུས་བཤམས་སྟོན་ཁང་དུ་གྱུར། །

 

འཁོར་བ་འདུ་འཛིའི་ཆུ་གཏེར་དུ། །

གཏན་དུ་ནུབ་པའི་མི་རིགས་འདི། །
མི་སྨྲ་ནགས་སུ་བརྩོན་པ་ཡི། །
དགེ་སྦྱོང་ཉིན་མོའི་སྐར་མ་ཙམ། །

 

དེ་ཕྱིར་བསྒྲུབ་ལ་གཞོལ་བ་ན། །
ཟང་ཟིང་སྟོབས་དང་ཁ་དྲག་གིས། །
ཡང་དག་ལམ་མཆོག་འགོག་པའི་ཚུལ། །
འགལ་རྐྱེན་གཞན་གྱིས་དོ་ཟླ་མིན། །

 

ཡར་ཐོན་ཅན་གྱི་ཡུལ་གྲུ་འདིར། །

ཤེས་ལྡན་བེམ་པོས་བཀོལ་བའི་ཕྱིར།
འཕྲུལ་ཆས་བྱ་བ་འབེལ་བ་ཡིས། །
ཡལ་ག་ལྔ་པའི་རྩོལ་བ་ཉུང་། །

 

འཁོར་བ་སྐྱོན་གྱི་གོང་བུ་ལ། །
ཡོན་ཏན་མཐའ་མ་ཐུག་པའི་ཕྱིར། །
འགའ་ཞིག་ལས་ཀ་མ་རེག་པས། །
འཁོས་ཀ་ཞན་པའང་ཡོད་དོ་ཟེར། །

 

འབྱོར་བ་ལྡན་པའི་ཡུལ་གྲུ་འདིར། །

མི་ཁོམས་པ་ཡི་ལས་རླུང་གིས། །
ལན་ཅིག་སོས་དལ་དཀའ་བ་འདིས། །
འགྲོ་བའི་སྡུག་བསྔལ་ཅི་ཡང་མཚོན། །

 

མདོར་ན་དྲག་ཞན་མཐོ་དམན་ཀུན། །
ཡུན་ཐུང་མི་ཚེའི་བདེ་སྐྱིད་དུ། །
ཡུན་རིང་དཀའ་བ་བསྒྲུབས་པ་ནི། །
གནད་ཀྱི་འགག་མདོ་ཐ་མི་དད། །

 

མི་ཚེའི་ཕྲེང་ཐག་ཕྲ་མོ་དེ། །

སྐར་ཆ་རེ་རེར་ཕྲ་བས་ན། །
མི་བརྟན་འགྱུར་པའི་དོན་གོ་ནས། །
ཆོག་ཤེས་ཅུང་ཟད་འབྱུང་བར་སྨོན། །
ཕྱི་ལོ་༢༠༡༢ལོའི་ཟླ་བ་༩ཚེས་༡༢ཉིན་ཇར་པན་གྱི་གནའ་བོའི་རྒྱལ་ས་ཀྱོ་ཏོ་གྲོང་ཁྱེར་གྱི་མཐོ་སློབ་ཏུ་བྲིས་པ་དགེ། །།