མདུན་ངོས། » གསར་རྩོམ། » སྔགས་ཕྱོགས། » མ་རྒྱུད་ཡེ་ཤེས་ཐེག་ལེའི་རྩ་ཚིག་ངག་འཛིན་ཟུར་བཀོལ་བཞུགས།

མ་རྒྱུད་ཡེ་ཤེས་ཐེག་ལེའི་རྩ་ཚིག་ངག་འཛིན་ཟུར་བཀོལ་བཞུགས།

 

 

མ་རྒྱུད་ཡེ་ཤེས་ཐེག་ལེའི་རྩ་ཚིག་ངག་འཛིན་ཟུར་བཀོལ་བཞུགས།

སྒོམ་གྲྭ་མཁན་པོ་ཚུལ་ཁྲིམས་བསྟན་འཛིན།

༄༅།། ཞང་ཞུང་སྐད་དུ། ཨུ་ཡེ་ཐ་ཙོན་མ་ཏྲ་ཤེ་རྐྱ་ཉི་རི་ཀུ་ཤུ་ཧ་སངས་ཀྱིན་ཏན་ཏྲ། བོད་སྐད་དུ།གསང་ཆེན་མཐར་ཐུག་མ་རྒྱུད་ཐུགས་རྗེ་ཉི་མ། གཞི་ཡེ་སངས་རྒྱས་པའི་རྒྱུད། སྟོན་པ་ཀུན་ཏུ་བཟང་པོ་མཁའ་འགྱིང་དཀར་པོ་གསང་བ་གསང་ཆེན་གསང་མཆོག་མཐར་ཐུག་ལ་ཕྱག་འཚལ་ལོ། དེ་ནས་ཡུམ་བཟང་ཟ་རིང་བཙུན་ལས་སོགས་ཏེ། ལྷ་མོ་སུམ་བརྒྱ་དྲུག་ཅུ། ཀླུ་མོ་བརྒྱད་ཁྲི་བཞི་སྟོང༌། སྨན་མོ་དགུ་ཁྲི་དགུ་འབུམ། མཁའ་འགྲོ་བྱེ་བ་ས་ཡ་ཡི་ཚོགས་ཀྱིས། ཨུ་དུ་འབར་བའི་མེ་ཏོག་ལས་སོགས་ཏེ། བླ་ན་མེད་པའི་མཆོད་པར་སྤྲིན་གྱི་རྒྱན་ཆེན་པོ་བཤམས་ནས། ཞུས་སམ་གསོལ་པ། སྟོན་པའི་ཐུགས་རྗེ་ཉི་མ་ལྟ་བུ་ཡིས། གདུལ་བྱ་ཚེ་གཅིག་སངས་རྒྱས་སྒྲུབ་རྣམས་ལ། གཞིའི་གྲུབ་མཐའ་བརླིང་པས་ལྟ་བ་མཐོ། ལམ་གྱི་སྒྲུབ་ཐབས་ཟབ་པས་སྒོམ་པ་གསལ། འབྲས་བུ་ད་ལྟ་ཐོབ་པས་བླ་མེད་དོན། གསང་སྔགས་རྒྱལ་པོ་མ་རྒྱུད་བཤད་དུ་གསོལ། དེ་ལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཀྱེ་མ་འདུས་པའི་འཁོར་རྣམས་ཞུས་པ་ལེགས། གཞི་དྲུག་ལྷུན་གྱིས་གྲུབ་པས་ཡེ་སངས་རྒྱས། ལམ་དྲུག་དངོས་སུ་གྲུབ་པས་མངོན་སངས་རྒྱས། དོན་དྲུག་དབྱིངས་སུ་གྲུབ་པས་རྫོགས་སངས་རྒྱས། སངས་རྒྱས་རྒྱུད་གསུམ་གསང་སྔགས་རྒྱལ་པོ་མཆོག རྩ་བ་འདི་ལས་ལྷག་ལུས་གཞན་མེད་དོ། ཀུན་གཞི་ཡེ་ཤེས་ལྷུན་གྲུབ་གཞི་ཉིད་ཡིན། སྣང་གཞི་སྐུ་གསུམ་ལྷུན་གྲུབ་རྩལ་དུ་ཤར། སྟོང་གཞི་སྐུ་བཞི་ལྷུན་གྲུབ་ཡོན་ཏན་འབྱུང༌། ལུང་གཞི་དབང་བཞི་ལྷུན་གྲུབ་གསལ་འདེབས་སོ། དོན་གཞི་ལྟ་སྤྱོད་ལྷུན་གྲུབ་གོམས་ཞིང་བརྟན། ལས་གཞི་འཕྲིན་ལས་ལྷུན་གྲུབ་རྟུལ་ཤུགས་དབལ། ཚོགས་ལམ་དངོས་སུ་གྲུབ་པས་གཞི་རྨིང་བརྟན། སྦྱོར་ལམ་དངོས་སུ་གྲུབ་པས་བསྐྱེད་རིམ་གསལ། མཐོང་ལམ་དངོས་སུ་གྲུབ་པས་དོན་ལ་བསྔགས། སྒོམ་ལམ་དངོས་སུ་གྲུབ་པས་ལམ་དྲུག་ཟབ། ཐར་ལམ་དངོས་སུ་གྲུབ་པས་གོ་ཆ་བརྩན། སྨིན་གྲོལ་དངོས་སུ་གྲུབ་པས་བདེ་ཆེན་མྱོང་། མཆོག་འབྲས་དབྱིངས་གྲུབ་སད་སྟོར་འབྱམས་འཕྲང་བསྒྲལ། དོན་འབྲས་དབྱིངས་གྲུབ་དཔེ་དོན་རྟགས་ངོ་འཕྲོད། ཐུན་འབྲས་དབྱིངས་གྲུབ་རྩེ་གཅིག་རང་ས་ཟིན། ངང་འབྲས་དབྱིངས་གྲུབ་མཁྱེན་བརྩེའི་བདག་ཉིད་ཐོབ། ཀློང་འབྲས་དབྱིངས་གྲུབ་དུ་མ་གཅིག་པུའི་སྐུ། མེད་འབྲས་དབྱིངས་གྲུབ་བདེ་ཆེན་ངོ་བོ་ཉིད། དྲུག་གསུམ་བཅོ་བརྒྱད་རྣམ་གྲོལ་ཟབ་མོའི་བོན། ༧ དབྱེ་བའི་ཡེ་ཤེས་ཐིག་ལེ་ཞེ་ལྔ་ནི། ཡེ་ཤེས་ཐིག་ལེ་ཡང་དག་གསལ་བའི་མཆོག སྣང་སྲིད་ཐིག་ལེ་གསལ་བའི་མཁའ་ལ་ཤར། བོན་ཉིད་ཐིག་ལེ་ཡེ་ཤེས་དབྱིངས་ལ་རྫོགས། མི་ནུབ་ཐིག་ལེ་ཡེ་ཤེས་གསལ་བར་སྟོན། མི་འགྱུར་ཐིག་ལེ་ཡེ་ཤེས་གཡུང་དྲུང་སྟོན། སྐྱེ་མེད་ཐིག་ལེ་ཡེ་ཤེས་དབྱིངས་ལ་རྫོགས། སྟོན་པའི་ཐིག་ལེ་ཡེ་ཤེས་ཀུན་བཟང་འོད། ལུང་གི་ཐིག་ལེ་ཡེ་ཤེས་ཀུན་འབྱུང་གསལ། རྒྱུད་ཀྱི་ཐིག་ལེ་རིག་པ་ཐབས་ཆེན་མཆོག མན་ངག་ཐིག་ལེ་ཡང་དག་ངེས་པར་གསལ། ལྟ་བའི་ཐིག་ལེ་རྟོགས་པའི་རྡིང་དུ་གྱུར། སྤྱོད་པའི་ཐིག་ལེ་མ་ཆགས་རྣམ་པར་དག འཕྲིན་ལས་ཐིག་ལེ་བརྩལ་མེད་ལྷུན་གྱིས་གྲུབ། ལམ་གྱི་ཐིག་ལེ་ཡེ་ཤེས་བསྒྲོད་དུ་མེད། དགོངས་པའི་ཐིག་ལེ་ཡེ་ཤེས་མི་གཡོ་གསལ། ཏིང་འཛིན་ཐིག་ལེ་ཡེ་ཤེས་མི་འགྱུར་གསལ། ཐུགས་རྗེའི་ཐིག་ལེ་ཡེ་ཤེས་ཀུན་ལ་སྙོམས། ཤེས་རབ་ཐིག་ལེ་མཚན་མའི་ཡུལ་ལས་འདས། རྫུ་འཕྲུལ་ཐིག་ལེ་ཡེ་ཤེས་ཅིར་ཡང་གསལ། འབྱུང་བའི་ཐིག་ལེ་ཡེ་ཤེས་ནམ་མཁའི་ངོགས། བདག་ཉིད་ཐིག་ལེ་ཡེ་ཤེས་གསལ་བའི་མཆོག །ཚོགས་ཀྱི་ཐིག་ལེ་ཡེ་ཤེས་གྲུབ་ལ་རྫོགས། སྒྲུབ་པའི་ཐིག་ལེ་ཡེ་ཤེས་བྱང་ཆུབ་རྟོགས། གནས་ཀྱི་ཐིག་ལེ་དམིགས་མེད་དེ་བཞིན་གསལ། གསལ་བའི་ཐིག་ལེ་མཚོན་པ་ཡོངས་དང་བྲལ། བྱམས་པའི་ཐིག་ལེ་ཡེ་ཤེས་བསྙོམ་པའི་མཆོག སྟོབས་ཀྱི་ཐིག་ལེ་འོད་ཟིལ་རིག་པའི་མཆོག །བཟོད་པའི་ཐིག་ལེ་ཡེ་ཤེས་བྱུང་ཚོར་མེད། སྦྱིན་པའི་ཐིག་ལེ་མ་གོད་ཡོངས་ལ་ཁྱབ། སྨོན་ལམ་ཐིག་ལེ་ཡེ་ཤེས་རེ་དོག་མེད། དམ་ཚིག་ཐིག་ལེ་གཟུང་འཛིན་ཀུན་ཕྱོགས་དང་བྲལ། དངོས་པོའི་ཐིག་ལེ་རང་དབང་མངོན་དུ་གྱུར། རང་བཞིན་ཐིག་ལེ་ཡེ་ཤེས་འདུས་མ་བྱས། བདེན་པའི་ཐིག་ལེ་ཡེ་ཤེས་མི་ནོར་གསལ། རྒྱུན་གྱི་ཐིག་ལེ་ཡེ་ཤེས་མི་འགག་གསལ། འབྲས་བུའི་ཐིག་ལེ་ཡེ་ཤེས་འགྱུར་མེད་སྐུ། གཉིས་མེད་ཐིག་ལེ་མཉམ་པ་ཉིད་དུ་རྫོགས། ཡབ་ཡུམ་ཐིག་ལེ་མཉམ་པ་ཉིད་དུ་འབྲེལ། དཔེའི་ཐིག་ལེ་སྟོང་ལ་རྒྱ་མ་ཆད། དོན་གྱི་ཐིག་ལེ་དམིགས་མེད་ཡུལ་ལས་འདས། རྟགས་ཀྱི་ཐིག་ལེ་མཚོན་པ་མྱ་ངན་འདས། རིག་པའི་ཐིག་ལེ་གསལ་ལ་རང་བཞིན་མེད། བསམ་གཏན་ཐིག་ལེ་བདེ་བའི་ངང་ལ་གནས། ཡེ་ཉིད་ཐིག་ལེ་གསལ་བ་དེ་བཞིན་ཉིད། སེམས་ཉིད་ཐིག་ལེ་ཅིར་ཡང་མ་བཅོས་པའོ། ༼དེ་ཡན་གྱིས་གཞི་དྲུག་དང་། ལམ་དྲུག །འབྲས་བུ་དྲུག །དེ་དག་གི་བསྡུས་དོན་ཐིག་ལེ་ཞེ་ལྔ་བསྟན་པའོ།༽

༧ ༼ཡེ་ཤེས་ཐིག་ལེ་རྒྱས་པར་བཤད་པ་ལ་ས་བཅད་ལྔ།༽ ཡེ་ཤེས་ཐིག་ལེ་ཡང་དག་གསལ་བའི་མཆོག ཡེ་ཤེས་གཏན་དབབ་ངོས་བཟུང་ལ་ཤན་དབྱེ། གསལ་བ་དམིགས་མྱོང་མཆོག་གི་རང་གཞུང་འཆད།། ༼དང་པོ་གཞི་རང་འབྱུང་ཡེ་ཤེས་གཏན་ལ་དབབ་པ།༽ ༧ གཞིའི་ཡེ་ཤེས་དོན་དམ་དངོས་མེད་དེ། རང་འབྱུང་དྲི་མེད་ཐོག་མ་ཉིད་ནས་གནས། གློ་བུར་གླན་ཀ་ཀུན་བྲལ་མཚན་མ་མེད། ལྷུན་གྱིས་གྲུབ་པས་འདུས་བྱས་སྐྱོན་ལས་གྲོལ། སངས་རྒྱས་སྒམ་པོས་མ་མཛད་ཡེ་ནས་སྲིད། སེམས་ཅན་སྒྲིན་པོས་མ་བཅོས་རང་བཞིན་མེད། བོན་ཉིད་དབྱིངས་དང་སེམས་ཉིད་རིག་པ་ཡང༌། ཆ་ཤས་མ་ཕྱེད་ངང་དང་འདུ་འབྲལ་མེད། མཁྱེན་བརྩེའི་སྟོབས་ཀྱི་རྒྱལ་པོ་ཀུན་འདུལ་འདི། ཀུན་བཟང་ངས་ཀྱང་བཤིག་ཅིང་གཞོམ་གཞིག་དཀའ། འདི་ཉིད་ཀུན་གཞི་ཡེ་ཤེས་ལྷུན་གྲུབ་ཡིན།། ༼གཉིས་པ་དོན་ཐིག་ལེ་ཉག་གཅིག་ཏུ་ངོས་བཟུང་བ།༽ ༧ དེ་ཉིད་ཐིག་ལེ་ཉག་གཅིག་ངོས་བཟུང་ན། ཀུན་ཁྱབ་ཀུན་ཏུ་བཟང་པོ་རང་ཆས་ལ། ཡ་ཐ་དུས་གསུམ་སངས་རྒྱས་ངན་སོང་དང༌། ཕྱི་ནང་གྲུབ་མཐའ་འཛིན་པ་ཐམས་ཅད་ཀྱིས། འབད་རྩོལ་དུ་མས་བརྒལ་ཞིང་བརྟགས་བྱས་ཀྱང༌། གཡོ་བར་ཁམས་གསུམ་ལོག་ཀྱང་མི་ནུས་ལ། འཕགས་པར་སྐུ་གསུམ་འབད་ཀྱང་དེ་མ་བརྒལ། བཤིགས་པར་མུ་སྟེགས་བྱད་ཀྱིས་ག་ལ་ཐུབ། ཕྲལ་བར་མངའ་བརྙེས་གཤིན་རྗེས་ཐུབ་མི་སྲིད། དུས་གསུམ་འདུ་འབྲལ་མེད་པའི་ངང་ལ་གནས། གཏིང་དཔག་མཐའ་བྲལ་བོན་ཉིད་དེ་ཀའོ།། ༼གསུམ་པ་ཡང་དག་ཁྱད་པར་གྱི་རུ་ཤན་དབྱེ་བ།༽ ༧ ཡང་དག་དེ་ལ་མ་དག་གནས་གསུམ་གྱིས། མ་རྟོགས་དབང་གིས་འཁྲུལ་སྒྲིབ་གོལ་གསུམ་བྱུང༌། འཇུག་སྒོ་ཉེས་པས་ཕྱི་རོལ་གྲུབ་མཐར་འཁྲུལ། ཡང་དག་མ་རྟོགས་ཐེག་དམན་སྤྱད་པས་བསྒྲིབ། འདྲ་བར་སྣང་ཡང་ལོག་པར་བསྒོམ་པས་གོལ། ༼མ་རྒྱུད་ཀྱི་ལྟ་བ་ཡེ་ཤེས་ཐིག་ལེ་དེ་གྲུབ་མཐའི་གསང་བ་དགུ་ལས་འཕགས་པར་གསུང་པས་དང་པོ་ཕྱི་རོལ་མུ་སྟེགས་ལས་ཁྱད་པར་འཕགས་ཚུལ།༽ (འཁྲུལ་བའི་གྲུབ་མཐའ།) ༧ འཁྲུལ་པའི་གྲུབ་མཐའ་དབང་ཕྱུག་ཆེན་པོ་དེ། གཅིག་པུ་ཀུན་ལ་ཁྱབ་ཅིང་གཏན་དུ་རྟག །མྱ་ངན་འདས་ཞིང་འཆི་བ་མེད་པར་གནས། འདུས་མ་བྱས་པའི་དངོས་པོ་ཡིན་ནོ་ལོ། ནམ་མཁའ་རལ་གྲིར་འཁྲུལ་ཕྱིར་ཕྱམ་ལ་ཡར། མྱ་ངན་འདས་དང་ཁམས་གསུམ་བྱེད་པོར་འགལ། ཐོ་ཡོར་དགྲ་རུ་འཁྲུལ་པས་ངལ་བ་ཡིན། གཅིག་པུ་རྟག་ཀྱང་འབྲས་བུ་དུ་མ་བསྐྱེད། སྨྲིག་རྒྱུ་ཆུ་རུ་འཁྲུལ་བས་འབྲས་བུ་མེད། གཞི་འདི་ཉག་གཅིག་ཡིན་ཀྱང་བེམ་པོ་མིན། ཀུན་ལ་ཁྱབ་ཀྱང་འབྲས་བུ་གཞན་མི་བསྐྱེད། གཏན་དུ་རྟག་ཀྱང་གློ་བུར་སྒྲིབ་མ་འགག །སྐྱེ་འཆི་མེད་ཀྱང་རིག་བཅས་ངོ་བོར་ཡོད། མྱ་ངན་འདས་དང་མ་འདས་དབྱེ་བ་བྲལ།  (སྒྲིབ་པའི་གྲུབ་མཐའ།)  སྒྲིབ་པའི་གྲུབ་མཐའ་རྒྱུ་འབྲས་རྣམ་གཉིས་ཏེ། ༼གཉིས་པ་རྒྱུ་ཐེག་ལས་ཁྱད་པར་འཕགས་ཚུལ།༽ རྒྱུ་ཡི་ཕྱ་སྣང་སྲིད་གཤེན་གསུམ་པོ་དེས། འགྲོ་བ་མི་ཤེས་རྨོངས་པ་ལྟ་བའི་སྤྱན། སྣང་བཞིན་མི་བསླུ་ངེས་པའི་ཀུན་རྫོབ་ཀྱིས། བདེན་པ་དུ་མས་མ་ཆོད་བདག་མི་གྲོལ། གཞན་གསལ་རང་མ་མཐོང་པས་དམན་པའི་ལམ། སྣང་བ་བརྡའ་ན་ཆོད་བྱེད་སུ་ལ་སྲིད། གཅོལ་མེད་གཞའ་ཚོན་དེད་པས་ངལ་ཚི་ཆད། མན་ངག་མཛུབ་ཚུགས་སྣང་བ་རྦད་ཆོད་བྱ། རིང་བའི་རྒྱུ་ལ་ལྟོས་མེད་ཐོག་བབ་བསྐྱེད། ཡེ་ཤེས་ཏོལ་སྐྱེས་རྟོགས་ཐོབ་དུས་འདིར་འགྲུབ། རང་རྟོགས་འཕྲུལ་གཤེན་ཐེག་པའི་གྲུབ་མཐའ་དེ། བསྟན་པ་སྲུང་ཞིང་སེམས་ཅན་དོན་གྱི་ཕྱིར། དྲག་པོའི་ལྷ་རྣམས་དགྲ་བགེགས་འདུལ་ཕྱིར་སྦད། གེགས་དང་བྲལ་ནས་བདག་ཉིད་ཞི་བར་རེག །བསྟན་པ་སྲུང་ན་རང་སྨོད་སངས་རྒྱས་རིང༌། མེ་ལོང་གཟུགས་བརྙན་དགྲ་ལ་ཟད་མཐའ་མེད། རང་གིས་རང་གདོས་བགེགས་དང་ཅི་ལྟར་འབྲལ། རང་སེམས་རྟོགས་པས་སངས་རྒྱས་བསྟན་པ་བཤད། བྱམས་སེམས་ལྡན་ན་བདུད་ཀྱང་གྲོགས་སུ་འདུ། སྒྲིབ་པས་མ་གོས་གདོས་དང་བྲལ་བ་ཡིན། ༼གསུམ་པ་འབྲས་ཐེག་ལས་འཕགས་ཚུལ།༽ ༧ སྤྱོད་པ་ལ་དོར་འཕན་ཡུལ་དགེ་དྲང་དག །རྒྱུ་ལས་མ་བྱུང་འབྲས་བུ་མི་སྲིད་པས། བསྐལ་པ་དུ་མར་སྒྲིབ་སྦྱང་ཚོགས་རྫོགས་ནས། རིམ་གྱི་བསྒྲུབ་པའི་སངས་རྒྱས་ཉེས་པ་ཟད། ལོ་ཟླ་མང་པོ་བསྐལ་པ་རིང་པས་བསླུ། སྦྱང་དཀའི་ཆུ་གཉེར་བསལ་ཞིང་མང་བ་བས། སྐད་གཅིག་གཅིག་གིས་ཆ་རྐ་བཅད་ན་གྲོལ། གྲོ་སྲན་ས་བོན་ནས་སུ་མི་སྲིད་བཞིན། གང་གི་སེམས་ཀྱི་གསང་མཆོག་མི་ཤེས་ན། བདེ་ཐོབ་ཉོན་མོངས་བསལ་འདོད་ངལ་བ་ཡིན། (གོལ་བའི་གྲུབ་མཐའ།) ༧ ཐེག་ཆེན་ཡིན་ཀྱང་སེམས་དང་ཀུན་གཞི་དང༌། སྟོང་ཕྱལ་གྲུབ་མཐའ་འདོད་པའི་ལོག་(གོལ་བ་)པ་གསུམ། ༼བཞི་པ་གྲུབ་མཐའ་སེམས་ཙམ་དུ་སྨྲ་བ་ཡེ་གཤེན་པ་དང་འགྲེལ་ལྟར་ན་ཆེ་བ་དཔོན་གསས་པ་ལས་འཕགས་ཚུལ།༽ ཡེ་གཤེན་འདི་ལྟར་སྣང་བ་སེམས་ཙམ་སྟེ། དག་པའི་སེམས་ནི་སངས་རྒྱས་ཉིད་དུ་འགྱུར། གསང་སྔགས་འདིའི་བཞེད་ཀྱི་སེམས་འདི་ནི། ཉོན་མོངས་སྐྱེ་སྡུད་ཀུན་གྱི་རུ་མ་སྟེ། ངོ་བོ་སྟོང་པར་གནས་ཀྱང་སངས་མི་རྒྱ། ལས་ཀྱི་བརྟེན་བྱེད་བྱ་སྒྲོ་རླུང་ཁྱེར་འདྲ། ཡེ་ཤེས་སེམས་གཉིས་མ་ཕྱེད་ཝ་དང་གལ། གཅིག་བཞིན་ཐ་དད་དབྱེ་བ་དཀའ་བའི་གནས། སེམས་ཀྱི་གཞི་གྲོལ་ཡེ་ཤེས་ངང་གནས་པ། འགྱུར་མེད་དེ་ལོག་གཡོ་ཞིང་རླུང་བཞིན་འགྲིམ། གཉིས་པོ་མ་ཕྱེད་མཚོ་གཏིང་གསེར་ལུས་འདྲ། སེམས་ཀྱི་རང་བཞིན་ཡེ་ཤེས་འབྲས་བུ་ནི། དབྱེ་ན་ངོ་བོ་གནས་རྟགས་རྩལ་ཡོན་ཏན། འཕྲིན་ལས་རྒྱུ་འབྲས་སྒོ་ནས་སོ་སོར་ཡོད། སེམས་ནི་རྟོག་བཅས་ཡེ་ཤེས་རྟོག་མེད་ཡིན། སེམས་གནས་སྙིང་ཡིན་ཡེ་ཤེས་དབུ་མར་གནས། སེམས་རྟགས་གཟུང་འཛིན་ཡེ་ཤེས་འོད་གསལ་སྐྱེ། སེམས་རྩལ་རྒྱུད་ལྔ་ཡེ་རྩལ་རིགས་ལྔ་འབྱུང༌། སེམས་ནི་འགྱུ་བྱེད་ཡེ་ཤེས་འགྱུ་བ་བྲལ། སེམས་ལ་སེམས་ཁྲལ་ཡེ་ཤེས་སྤྲུལ་སྐུར་འབྱུང༌། དེ་ལ་རྒྱུ་དང་འབྲས་བུ་སྤྱོད་མེད་ན། ཡེ་ཤེས་ཐོག་མ་ཉིད་ནས་ལྷུན་གྱི་གྲུབ། སེམས་ནི་གློ་བུར་བྱུང་སྟེ་རེས་འགའ་སྣང༌། ནམ་མཁའ་གློ་བུར་སྤྲིན་དང་ཁུ་རླང་འདྲ། སེམས་ནི་སྐྱེ་འགག་དུ་མས་གཙེས་པའི་རྒྱུ། འབྲས་བུ་ཡེ་ཤེས་ཐོབ་ན་སྐྱེ་འགག་མེད། མེ་རྒྱུ་ཐོག་མ་ཉིད་ནས་ཡོད་པའི་མཐུས། རྡོ་ལྕགས་རྩུབ་ལས་བྱུང་ནས་ཉེས་ཀུན་བསྲེགས། རྐོང་བུ་རས་མར་རྩོལ་བས་འཕྲལ་བྱས་ཀྱང༌། མེ་ནི་བྱས་མིན་ཡེ་ཤེས་དེ་དང་འདྲ། ༼ལྔ་པ་ཀུན་གཞི་གྲུབ་མཐར་འདོད་པ་ལས་འཕགས་ཚུལ།༽ ཀུན་གཞི་ཐེག་ཆེན་བཟུང་པའི་གྲུབ་མཐའ་འགས། ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དག །ཀུན་གཞི་རྟོགས་པས་གྲོལ་བ་ཁོ་ནར་ཟད། དེ་ལ་གསུམ་སྟེ་ཀུན་རྫོབ་རྟེན་དང་ལམ། དོན་དམ་གནས་ལུགས་གཞིའི་དཔེའ་བསྟན་པ། ཀུན་གཞིའི་བང་མཛོད་གང་པར་འདོད་པའི་ཕྱིར། རང་རིག་ཁྱོས་གཅོད་དབང་པོའི་བྲན་གྱིས་བསྡུས། ཉོན་ཡིད་བུད་མེད་ལ་གཏད་ཐམས་ཅད་བསོགས། ཀུན་གཞིའི་རྒྱ་མཚོའ་འཁྱིལ་ནས་ཡོད་པའི་ཕྱིར། རང་རིག་གཏིང་འཁྲུལ་ཡིད་ཀྱི་རྦ་རླབས་གཡོའ། ཚོགས་དྲུག་འབབ་ཆུ་རྒྱས་པས་ཀུན་ནས་བསྡུད། ཀུན་གཞི་ནམ་མཁའ་དྭངས་ནས་ཡངས་པའི་ཕྱིར། རང་རིག་ཉི་ཤར་ཡིད་ཀྱི་རླུང་ཡང་རྒྱུག དབང་པོའི་འཇའ་ཤར་རང་སྣང་དག་པ་ཡིན། ཀུན་གཞིའི་རང་བཞིན་གཅིག་གི་ངོ་བོ་ལ། ཁམས་གསུམ་གཞི་དང་རྟོགས་ལྡན་ལམ་གྱི་དུས། དག་པ་དབྱིངས་དང་གསུམ་དེ་རིམ་པ་བཞིན། བཞི་བཞིར་བསྟན་ཏེ་ཅི་ལྟ་ཡིན་ཀྱང་རུང༌། ཉ་འཕར་ཉེར་རྒྱུག་ཆུ་ལས་མི་འདའ་བཞིན། ཀུན་གཞིའི་ལྟ་ཕུགས་ཡེ་ཤེས་དབྱིངས་སུ་སྟོར། འབྲས་བུ་རྒྱུར་ལོག་བུ་སྐྱེས་མ་རུ་བརྒྱུད། སངས་རྒྱས་ཕྱིར་འཁྲུལ་དོན་དམ་ཀུན་རྫོབ་འཆོར། གཞི་ལྟ་ཡིན་སྟེ་རྣམ་དག་གཞི་མིན་ནོ། གཞི་ལས་འདས་པའི་ལྟ་བ་ཡེ་ཤེས་ཆེ། གཞི་ལས་བཀོག་པའི་སྒོམ་པ་ཡེ་ཤེས་གསལ། གཞི་ལས་གྲོལ་བའི་འབྲས་བུ་ཡེ་ཤེས་སྐུ། གཞིའི་ཡེ་ཤེས་ཐིག་ལེ་མའི་ལུགས། ༼དྲུག་པ་གྲུབ་མཐའ་སྟོང་པར་འདོད་པ་ལས་འཕགས་ཚུལ༽ གྲུབ་མཐའ་སྟོང་པ་ཕྱལ་ཆད་འདོད་པ་དག དེ་བཞིན་ཉིད་མེད་དེ་གྲུབ་སངས་རྒྱས་མེད། ལྟར་སྣང་འགྲོ་བའི་སྣང་ངོར་གཟུགས་བརྙན་ཡིན། སྟོང་པ་མཐའ་བྲལ་འདི་དང་མཐུན་མོད་ཀྱང༌། ཟད་ཤོར་ཕྱལ་ཆད་སྐྱོན་བཞིས་གོས་པར་འདོད། སྣང་བཅས་སྐུ་དང་ཡེ་ཤེས་བྲལ་བ་ཡི། སྟོང་པ་ཟད་པའི་སར་གོལ་མེད་འཁམས་འདྲ། ཤེས་བྱ་ཐམས་ཅད་སྟོང་པར་འདོད་པའི། གཤིས་ལ་ཤོར་བའི་སར་གོལ་མིང་བཞི་འདྲ། གྲུབ་མཐའ་སྐུ་དང་ཡེཤེས་མེད་པའི། སྟོང་པ་ཕྱལ་ཆད་སོར་གོལ་ནམ་མཁའ་འདྲ། ལས་དང་འབྲས་བུ་ངོས་བཟུང་མཐའ་མེད་པས། ཕྱི་རོལ་ཆད་པའི་སར་གོལ་རྒྱུན་ཆད་འདྲ། ཡེ་ཤེས་རང་གདངས་སྐུ་དང་མཁྱེན་གཟིགས་ཅན། རིག་པའི་ཡེ་ཤེས་ངར་བཅས་རང་གདངས་གསལ། གཟུགས་སྐུའི་བཀོད་པ་འཁོར་བ་སྟོང་པར་འབྱུང༌། རིགས་རྒྱུད་མ་ཆད་སངས་རྒྱས་ངོ་བོ་ཡོད། ༼བདུན་པ་གསང་སྔགས་ཨ་དཀར་དང་ཆ་་མཐུན་པའི་གསང་སྔགས་སྡེ་པ་ལས་འཕགས་ཚུལ།༽ འདི་དང་ཆ་མཐུན་གསང་སྔགས་སྡེ་པ་ཡང༌། དབྱིངས་ན་བཞུགས་པའི་ཡེ་ཤེས་འདྲེན་བྱེད་ལྷ། རང་གིས་བསྒྲུབས་པས་སངས་རྒྱས་ཐོབ་པར་ལྟ། རང་ལ་ཡེ་ནས་ཡོད་པར་མ་ཤེས་ན། གཞན་ནས་བྱོན་དང་གཉིས་ལ་གཅིག་མི་ཉན། རང་རིག་གསང་བའི་གསང་མཆོག་ཡེ་ཤེས་དེ། གསལ་གདབ་བརྗེད་པ་དྲན་པའི་ཚུལ་ཡིན་ནོ། དེ་ལྟར་གཞི་གཞན་འཁྲུལ་སྒྲིབ་གོལ་བས་ན། རང་འབྱུང་དྲི་མེད་ཡེ་སངས་རྒྱས་པའི་གཞིའ། སྐྱོན་མེད་ཀུན་ཏུ་བཟང་པོའི་ཐུགས་དགོངས་ཡིན། ༼བཞི་པ་གསལ་བ་རང་རིག་གིས་མྱོང་བ་བསྟན་པ།༽ ༧ གཞིའི་ཡེ་ཤེས་དེ་ལྟར་གསལ་བ་ལ། དམིགས་མྱོང་མངོན་གསུམ་འདོད་ན་ཚད་མ་དགོས། ལོང་བས་མི་མཐོང་འོན་པས་དོན་མི་ཐོས། ལྐུགས་པས་གཏམ་མི་གོ་བའི་དཔེ་བཞིན་དུ། མ་རྟོགས་པ་ཡིས་ཡང་དག་ཅི་ལ་རྟོགས། ལོག་པར་རྟོག་པས་སྐྱོན་ཡོན་གོ་བཟློགས་འགྱུར། ཐེ་ཚོམ་ཅན་ལ་ཡིད་ཆེས་ཐག་ཆོད་མེད། དེ་ཕྱིར་གོ་ལམ་ཚད་མ་འཁྲུལ་སྐྱོན་བྲལ། གོ་ལམ་བདེན་གཉིས་གཞལ་བྱར་མི་བྱེད་ན། འབེན་མེད་མདའ་ལ་ཉེ་འཇལ་སུ་ཡིས་ཤེས། བདེན་གཉིས་སྒོ་མཛོད་གཉིས་ལ་མ་ཐུག་པར། འཁོར་འདས་གཉིས་ནས་གཞལ་འབྲས་ག་ལ་རྙེད། འཇལ་བྱེད་རང་རིག་དངོས་ལ་མ་གསལ་ན། དམུ་ལོང་ནམ་མཁའི་མཐའ་ཚོལ་ཅི་བཞིན་ཡིན། མངོན་གསུམ་གོ་ལམ་བོན་གྱི་སྒོ་མོ་བཞི། དབང་པོའི་མངོན་གསུམ་ཆབ་ནག་འཇིག་རྟེན་པ། ལས་ཀྱི་འཁོར་བའི་ལུས་ནི་དབང་པོ་ཅན། ཀུན་རྫོབ་དབང་པོ་ལེགས་ཉེས་འཕྲལ་སྤྱོད་ལྟ། ཡིད་ཀྱི་མངོན་གསུམ་འཕན་ཡུལ་ལམ་བསྒྲུབ་སྟེ། ཡིད་ལས་སྐྱེས་པའི་སྣ་ཚོགས་གཟུགས་འཆང་པ། རིག་བྱེད་མ་ཡིན་གཟུགས་སོགས་ཚད་མར་འཛིན། རང་རིག་མངོན་གསུམ་ཟབ་དཀར་དོན་ཞུགས་པས། འཇིག་རྟེན་ལུས་མིན་ལུས་འཆོག་རང་རིག་ལུས། འོག་མའི་བློ་ཡུལ་བདེན་ལ་རང་མི་འཛིན།   །།སེམས་ཉིད་མངོན་གསུམ་དཔོན་གསས་རྟོགས་པ་ཅན། ལུས་ཀྱི་མཐར་ཐུག་རྟོགས་པའི་ཡེ་ཤེས་སྐྱེ། བསྒོམ་པའི་སྟོབས་ཀྱིས་གསལ་ལ་ཚད་མར་བྱེད། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན།  ཞུག་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། ཞུག་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང༌། འཇུག་པ་དཔེ་ལ་གོམ་པས་རྗེས་སུ་ངེས། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། མངོན་རྗེས་གཞན་བཞི་དགོས་ནུས་འདིར་ཆུང་ཡང༌། ཟབ་དཀར་གྲུབ་མཐའ་རང་རིག་མེད་ཐབས་མེད། ཡེ་ཤེས་གཞི་མ་རང་རིག་བུ་གཉིས་ནི། རྒྱང་རིང་སྐྱོ་ངས་མ་མཇལ་སྟོར་བ་ལ། མ་པང་བུ་རྒྱུག་འདྲེས་པའི་ཡོན་ཏན་གསུམ། གཡང་ཟས་མི་ཚུགས་མའི་བུ་སྐྱོང་འདྲ། རིག་པ་མ་འཁྱམ་བུས་ཁུག་བོན་ཉིད་ཟིན། རང་རིག་ངོ་ཤེས་བུ་སྟོར་རྒྱལ་སྲས་རྙེད། མངོན་སུམ་ཚད་མའི་ཡོན་ཏན་དོན་ཆེན་འགྱུར། བསྐྱེད་ན་བསྐྱེད་བྱེད་རང་རིག་སངས་རྒྱས་འབྱུང༌། རྟོགས་ན་རྟོགས་མྱོངས་རང་རིག་ཡེ་ཤེས་འཐོབ། འཁྲུལ་ན་འཁྲུལ་མྱོང་རང་རིག་རང་ངོ་ཤེས། ངོས་བཟུང་འདི་ནི་སྐད་གཅིག་སངས་རྒྱས་མཆོག །ཤེས་པ་ཉིད་ཀྱི་དོན་ཆེན་དམ་པ་གྲུབ། གྲུབ་མཐའི་གསང་བ་བསམ་གྱིས་མི་ཁྱབ་པ། རྩ་བ་ཟབ་དཀར་རྒྱ་མཚོ་ཉག་མར་སྦས། མ་རིག་རིག་པའི་སངས་རྒྱས་ཐོབ་ཆོག་ཡིན། ཚད་མས་ལྟ་ས་ལྟ་བྱེད་མན་ངག་འདི། གྲུབ་མཐའ་གཞན་ལུགས་བཤད་པས་སྤྲོས་པ་ཆོད། ལྟ་ཐབས་ཚད་མར་བསྟན་པས་སྒྲོས་འདོག་མེད། རྟོག་འཁྲུལ་བློ་རྐྱེན་བསལ་བས་འཁྲུལ་གཞི་མེད། གཟིགས་ཚད་ཐད་ཀམ་སྦྱར་བས་གོ་མི་ནོར། ཡེ་ཤེས་ཙིར་བཟུང་བྱ་པས་རང་རིག་རྙེད། ༼ལྔ་པ་མཆོག་གི་གྲུབ་མཐའི་རང་གཞུང་འཆད་པ།༽ ༧ མཆོག་ཆེན་མཆོག་གི་གྲུབ་མཐའ་གསང་མཆོག་ཡིན། སྣང་བ་རང་སྣང་ཡེ་ཤེས་རྫོགས་སྐུར་སྣང༌། ཤར་བ་རང་རིག་ཡེ་ཤེས་སྤྲུལ་སྐུར་ཤར། ལོག་དམན་འཁྱར་གསུམ་ལམ་སྐྱོན་མ་གོས་པས། ཟབ་མྱུར་མཐོ་གསུམ་ཐུགས་རྗེ་ཉི་མའི་ལམ། ཟབ་པ་མ་རྒྱུད་གསང་སྔགས་གདམས་པའི་མཆོག །མྱུར་བ་ཨ་དཀར་ཐེག་པ་ཆེན་པོའི་རྩེ། མཐོ་བ་བསྒྲོད་པ་ཀུན་གྱི་ཡང་ཕུགས་ཡིན། སད་སྟོར་འབྱམ་གསུམ་འབྲས་སྐྱོན་ཡོངས་གྲོལ་བ། གསང་མཆོག་མཐར་ཐུག་འབྲས་བུ་བླ་ན་མེད། གསང་བས་བོན་རྣམས་ཀུན་གྱི་ཉིང་ཞུན་འདུས། མཆོག་གི་ཡེ་སངས་རྒྱས་པའི་ངོ་བོ་ཐོབ། མཐར་ཐུག་བླ་མེད་འདྲེན་པ་ཟད་ཀྱི་རྩེ། གཞི་ཡེ་སངས་རྒྱས་པ་གསང་ཆེན་མ་རྒྱུད་ཀུན་གཞི་ཡེ་ཤེས་ལྷུན་གྲུབ་ཀྱི་དོན་བསྟན་པའོ།། ༼འདི་ནི་སྒོམ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་བདག་གིས་གསས་མཁར་མཆོག་ལྔའི་ཡང་བཅུད་གསང་ཆེན་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས་གཞི་ཡེ་སངས་རྒྱས་པའི་རྒྱུད་ཀྱི་རྩ་ཚིག་ས་བཅད་དང་སྦྲག་ཏེ་བློ་འཛིན་ཆེད་དུ་ཟུར་དུ་ཕྱུང་བའོ།༽