མདུན་ངོས། » གསར་རྩོམ། » གསར་རྩོམ། » ཡུལ་ཁམས་གངས་ཀྱིས་བསྐོར་བའི་ཕ་ས་ནས།

ཡུལ་ཁམས་གངས་ཀྱིས་བསྐོར་བའི་ཕ་ས་ནས།

 

ཡུལ་ཁམས་གངས་ཀྱིས་བསྐོར་བའི་ཕ་ས་ནས།

གང་བསམ་ལྷུན་འགྲུབ། འཚོ་སྔོན་བོད་ཡིག་ཟིན་བྲིས་ནས་བདམས།

 

ཡུལ་ཁམས་གངས་ཀྱིས་བསྐོར་བའི་ཕ་ས་ནས། །

ལོ་ངོ་བཅུ་ཕྲག་བསྡད་པའི་མཐོང་ཐོས་ལས། །
མྱོང་ཚོར་སེམས་ཀྱི་རི་མོའི་ན་ཟུག་ཅིག།
དམར་པོ་སྙིང་གི་བར་ནས་ཧར་གྱིས་ཤོར། །

 

རིགས་ཞེན་སྟག་ཤར་ཕར་ཆེར་རང་དབང་གླེང་། །
མཁས་དབང་དཔྱོད་ལྡན་མང་པོས་གནས་ལུགས་འཚོལ།།
སྨྱུག་ཐོགས་སྙན་ངག་པ་ཚོས་སྐྱིད་སྡུག་འབྲི། །
བོད་ཀྱི་ཡུལ་ན་བྲེལ་ཟིང་འཚུབ་ཆ་ལངས། །

 

ཤེལ་ཁང་གྲུ་བཞི་དཔོན་པོའི་སྡོད་ས་དང་། །
འབོལ་གདན་སོ་མ་བླ་མའི་བཞུགས་གྲལ་དེར། །
རོ་མཆོག་ཟས་རིགས་དཔོན་པོས་བཞེས་རྒྱུ་དང་། །
ཟས་གཙང་བཅུད་ལྡན་བླ་མའི་གསོལ་ཆས་ཡིན། །

 

བོད་ཀྱི་ཡུལ་ནས་དཔོན་པོ་ཕ་ལྟར་བཀུར། །
བླ་མ་སྤྲུལ་སྐུ་མགོ་ཐོག་ཞྭ་བཞིན་འདེགས། །
མི་སེར་ཡོད་དགུའི་དབང་ཐང་དཔོན་པོས་ཡིན། །
ཉམ་ཐག་འགྲོ་བའི་རྣམ་ཤེས་སྤྲུལ་སྐུར་དབང༌།།

 

བོད་ཀྱི་དཔོན་པོས་བོད་ཀྱི་སྐད་མི་ཤེས། །
དཔོན་པོའི་སློབ་གསོ་བོད་མིས་ཚོར་མ་མྱོང་། །
ཨུ་ཚུགས་བཙན་གྱིས་བོད་ལ་རྒྱ་སྐད་བསླབས། །
བོད་པ་ཕར་ཆེར་ར་མ་ལུག་ཏུ་གྱུར། །

 

བོད་ཀྱི་ཡུལ་ན་སྤྲུལ་སྐུ་ཇེ་མང་རེད། །
རྒྱུ་དང་ནོམ་པའི་འབུལ་རྟེན་མེད་པས་ན། །
མར་ཆར་རྩམ་པས་ཐུགས་དགོངས་མ་ཚིམ་ནས། །
སྨད་ཀྱི་ཕྱུག་པོ་རྒྱ་ཡི་ཕྱོགས་ལ་ཕེབས། །

 

གྲུབ་ཐོབ་མཁའ་འགྲོའི་མངོན་ཤེས་ཇེ་གསལ་རེད། །
ཤི་བོ་ཚེ་འདས་སྡིག་ཆེན་དག་དག་རེད།།
ནོམ་ཆེན་རྒྱུ་ཡི་དགེ་རྩ་མ་ཕུལ་ན། །
ཤི་བོ་ལས་ངན་ཡར་ཐར་མེད་ཀི་གསུངས། །

 

བླ་མ་ཆེན་པོའི་ཁྲི་ལས་ཆོས་ལུང་གསུངས། །
དགེ་བསྐོས་མང་པོ་ཆོས་ལ་ངེས་འབྱུང་སྐྱེས། །
མི་སེར་མི་དམངས་ཆོས་ཀྱི་ལམ་ལ་བཀོད། །
མདོར་ན་ཡོད་ཚད་དག་ཞིང་འགྲོ་ལ་བྲེལ། །

 

སྨད་ཀྱི་རྒྱ་གྲོང་མི་རིགས་འདུ་ས་ན། །
ཤཱཀྱའི་ན་བཟའ་འཆིང་བའི་བླ་རྫུན་ཚོའི། །
རྗེས་ན་ཁྱི་བཞིན་འདེད་པའི་རྒྱ་མོ་དག།
གཅེར་བུར་འབུད་ལ་ཁད་ཀྱིས་ཆགས་པས་རྒྱུ། །

 

ཆོས་སྡེ་དགེ་འདུན་འཛོམས་པའི་གྲལ་སྣེ་ན། །
བན་ཆུང་གཞོན་ནུའི་དབུ་མགོ་བྱ་ལས་མགྱོགས། །
མི་སྐྱ་ཕོ་མོ་འདུས་པའི་ཁྲོམ་ར་ན། །
སྨན་ཆུང་བུ་མོས་སྤྱན་ཟུང་གློག་ལས་མྱུར། །

 

བཙུན་ཆུང་དབྱར་གྱི་མེ་ཏོག་ལས་ཀྱང་མཛེས། །
ཡོན་བདག་ཁྱིམ་གྱི་ཀླད་ན་ཆོ་ག་བསྒྲུབ། །
ཁོམ་ལོང་བར་ན་གྲོང་སྟོད་གྲོང་སྨད་དུ། །
དེང་རབས་འཕྲུལ་རྟའི་སྟེང་དུ་བྱ་བཞིན་འཕུར། །

 

དགུང་ཁའི་ཉི་མ་ནུབ་རིར་བརྒལ་ཁོམ་མེད། །
བན་ཆུང་གཞོན་ནུ་སྐྱ་ཆས་གཡར་ལ་བྲེལ། །
ས་སྲོད་མཚམས་ནས་བྲེལ་དང་དངངས་འཚུབ་ཀྱིས། །
སྟོན་པའི་ན་བཟའ་འབུ་ཤུན་བཞིན་དུ་ཕུད། །

 

བླ་མ་ཆེན་པོའི་ཆོས་ཁྲིམས་བཟང་པོ་ཡིས། །
འབྲོག་པའི་སྒོ་ཕྱུགས་ཕར་ཆེར་ཚེ་ཐར་བྱས། །
རོང་བའི་འཚོ་རྫས་ས་རྐོ་རྡོ་སློག་དང་། །
ཤ་མོང་ལ་སོགས་དགེ་བཅུ་ཁྲིམས་ཀྱིས་བཅད། །

 

གྲོང་ཆོག་བན་དེས་སྡེར་ཁ་ཆེ་ཆུང་གླེང་། །
བླ་སྤྲུལ་ལ་ལས་འདོན་ཡོན་ཆུང་འདུག་གསུངས། །
བོད་ཀྱི་ཡོན་བདག་འབྱོར་བ་ཆུང་དྲགས་པས། །
ལག་པ་ཁ་རུ་བཅུག་ནས་སྐྱེངས་དགོས་བྱུང་། །

 

རིགས་དྲུག་ཆེད་དུ་བླ་མས་འགྲོ་དོན་གསུངས། །
འགྲོ་བའི་ནོར་རྫས་བླ་མས་ཡོན་ལ་བཞེས། །
འགྲོ་བའི་ཐར་ལམ་བླ་མས་སྟོན་ནུས་ན། །
ཐར་ལམ་ཐར་ཡོན་ཅུང་ཙམ་དགོས་ན་ཐང་། །

 

བླ་མ་སྤྲུལ་སྐུ་རྒྱ་ལ་ཞོར་ལས་ཕེབས། །
ཐུགས་དགོངས་ཟབ་མོས་བོད་ལ་སློབ་གྲྭ་བཙུགས། །
གྲགས་པར་དགྱེས་པས་བོད་ལ་རྟེན་བཞེངས་བྱས། །
བླ་མ་སོ་སོའི་དགོངས་བཞེད་ཁ་ཁ་སྟེ། །

 

འདོད་པས་མྱོས་པའི་སྤྲུལ་སྐུ་ཁ་ཤས་ཀྱིས། །
ཡུམ་ནི་བཞེས་ཤིང་ཕྲུ་གུ་བཙས་གྱུར་ཀྱང་། །
དགོས་པ་ཡོད་པས་ལས་བསྒྲུབ་ཅི་ཡོད་ཅེས། །
དད་པའི་སྨོན་ལམ་མཁུར་མགོར་འཁྱིལ་གྱིན་འདུག།

 

འབྲོག་པའི་ཡོང་འབབ་མར་དང་ཆུར་བ་ཡིན། །
མི་ཆུང་ཙམ་ཞིག་དགེ་བའི་ཕྱོགས་ལ་ཕུལ། །
དེ་མིན་མེད་མུག་ཁྲོད་ནས་བསགས་པ་ཀུན། །
ཡོད་དགུ་བཙོང་ནས་བུ་མོར་རྒྱན་ཆ་ཉོས། །

 

རོང་པས་ས་ལས་རྡོ་སློག་ལྡུམ་འདོག་དང་། །
ཤ་མོང་ལ་སོགས་ཡོང་འབབ་གཙོ་བོ་ཡིན། །
སྒོ་ཁའི་གྲུ་བཞི་ཞིང་ནི་ཕུགས་ཀྱི་ནོར། །
ཡོད་ཚད་སྡེབས་ནས་འཚོ་བ་འཁྱོལ་ཙམ་བྱས། །

 

འབྲོག་པའི་ཕུགས་ནོར་རྟ་ནོར་ལུག་གསུམ་ཡིན། །
འཚོ་བཅུད་ཤ་མར་ཐུད་ལས་གཞན་མེད་ཅིང་། །
རྟ་ནོར་བཀོལ་སྤྱོད་འཚོ་རྫས་མ་བྱས་ན། །
འབྲོག་པའི་འཚོ་བ་གང་ནས་གང་དུ་འཁྱོལ། །

 

ཡུལ་སྡེ་འབངས་ལ་བློ་བབ་མེད་པས་ན། །
གོང་གི་བླ་མའི་ཆོས་ཁྲིམས་དགེ་བཅུ་བོར། །
འོག་གི་མི་སེར་མི་འདོད་མ་གུས་ན། །
ཡི་རངས་མེད་པའི་ཆོས་ལ་དགེ་བ་ཅི། །

 

ལས་དང་རྒྱུ་འབྲས་འགྲོ་བ་ཀུན་ལ་གལ། །
འོན་ཀྱང་རྒྱུགས་མ་འདུར་གྱིས་ཉིན་མཚན་དུ། །
སྒོ་ཕྱི་ཀུན་ལ་བསགས་པའི་ལོངས་སྤྱོད་ལ། །
འཇིག་རྟེན་འདི་ནས་མི་སྤྱོད་ནམ་ཞིག་སྤྱོད། །

 

ལས་ངན་བསགས་པའི་འབྲས་བུ་སྨིན་སྲིད་ཅིང་། །
རྣམ་ཤེས་བར་དོའི་ཕྲེང་ལ་སྐྲག་ཆེ་ནས། །
འཇིག་རྟེན་འཚོ་བར་ལས་འབྲས་གཙོ་གལ་ན། །
བྲག་ཕུག་འགྲིམ་ནས་ཏིང་འཛིན་བསྒོམ་པ་ལེགས། །

 

ཐེག་ཆེན་བླ་མའི་གསུང་ལ་འཁྲུལ་མེད་ཀྱང་། །
འཇིག་རྟེན་ད་ངོགས་འཁོར་བའི་མེ་འོབས་སུ། །
དམ་ཆོས་དག་མའི་ལྷ་ཆོས་གང་ནས་འགྲུབ། །
དེ་ཕྱིར་དངོས་ཡོད་འཚོ་བར་རོལ་ཐབས་བྱེད།

 

བླ་མ་ཁྲི་ལ་བཞུགས་ན་ཁྲི་སྟོན་དགོས། །
ཕྱུག་པོའི་ཁང་བ་བཞེངས་ན་ཁང་སྟོན་དགོས། །
མེད་པོའི་གཉེན་བསྒྲིག་བྱེད་ཀྱང་གཉེན་སྟོན་དགོས། །
བོད་ཀྱིས་ལོངས་སྤྱོད་དོན་མེད་བརླག་ས་མང་། །

 

བླ་མ་ཀུན་ཀྱིས་མགོན་ཡིན་ལོངས་སྤྱོད་དཔལ། །
དཔོན་པོ་གོ་ས་མཐོ་བས་རྒྱུ་ནོར་བྲིན།།
མི་སེར་དགེ་སྡིག་ཀུན་ལ་འཛེམ་དགོས་ན། །
འཇིག་རྟེན་འཚོ་བ་ཇི་ལྟར་འཁྱོལ་ལམ་ཀྱེ། །

 

ལྷ་དང་སངས་རྒྱས་ཁྱད་པར་མི་ཤེས་ནས། །
དད་པའི་སྨོན་ལམ་འཇིག་རྟེན་ལྷ་ལ་བཏབས། །
མི་མཐོང་ལྷ་ཡིས་གང་ཞིག་བསྐྱབས་པ་མེད། །
སངས་རྒྱས་དང་ནི་ལྷ་ལ་བསྡུར་རྒྱུ་མེད། །

 

ཐེར་གཟན་སྨྲིག་པོས་མགུལ་ལ་སྐྱིས་ཤིག་བརྒྱབ། །
སྟེགས་གདན་སྤོ་ལོག་སྟེང་ན་ང་རྒྱལ་གྱིས། །
དཀོན་མཆོག་དཔང་ནས་སྒོར་མོ་རྩོད་པ་ལ། །
མཐོང་ཐེངས་རེ་ཡིས་ཡིད་སེམས་བརྣག་པར་བྱས། །

 

བོན་གྱི་ཆོས་ལ་བན་གྱིས་བཙོག་བལྟ་བ། །
བན་གྱི་སྟོན་པར་བོན་གྱིས་སྐུར་འདེབས་པ། །
བན་བོན་བར་གྱི་འདུ་ཤེས་གཡག་གི་རྭ། །
ཞིབ་མོར་དཔྱད་ན་རང་རང་ཕོངས་བའི་རྒྱུ། །

 

བཅོམ་ལྡན་ཐུབ་པར་དད་པ་སྙིང་ནས་ཁོལ། །
དམ་པའི་ཆོས་ལ་ཡིད་ཆེས་གཏིང་ནས་ཟབ། །
འོན་ཀྱང་སྤྲུལ་རྫུན་བླ་རྫུན་མང་ཆེ་བས། །
ཐམས་ཅད་ཀུན་ལ་དོགས་པ་ངང་གིས་འཕེལ། །

 

གཞན་གྱི་བྲིས་པའི་རྩོམ་ཆོས་མ་བཀླག་ཀྱང་། །
དེ་ཡིས་ལྟ་བར་དགག་བཞག་བཤད་མཁན་མོད། །
འོལ་ཚོད་སེམས་ཀྱིས་རྟོགས་བཏགས་མ་མང་ལགས། །
རྒྱབ་རྩ་མེད་པའི་ཨུ་ཚུགས་འཁྱོངས་ཐབས་མེད། །

 

བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིས། །
བོད་ཡུལ་གོང་བུ་གཅིག་ཏུ་དྲིལ་ཐུབ་པ། །
ཆོས་ལུང་གསུང་པས་འབངས་སུ་འདུས་པ་མིན། །
སྲིད་ལ་མཁས་པས་དབང་དུ་བསྡུས་པ་ཡིན། །

 

སངས་རྒྱས་ཆོས་ཀྱིས་སུ་ཡང་མི་བསླུ་མོད། །
རུལ་སུངས་ཆོས་པ་རྒྱལ་སྲིད་མཉམ་བསྡེབས་ཀྱིས། །
ལྷ་ལུང་དཔལ་རྡོལ་ཉག་ཕྲན་གཅིག་གི་སྣེར། །
ཐུ་བྷོད་བཙན་པོའི་རྒྱལ་རབས་རྦད་ཀྱིས་བཅད། །

 

ཆོས་ལུགས་ཕྱོགས་ཞེན་ལོ་རྒྱུས་སྨྲ་བ་པོས། །
ལྷ་ཐོ་ཐོ་རི་ནམ་མཁའི་སྙིང་པོ་དང་། །
སྲོང་བཙན་སྤྱན་གཟིགས་ཁྲི་སྲོང་འཇམ་དཔལ་སོགས། །
ཆེན་པོ་བོད་རྒྱལ་ལྷ་སྒྲུང་ཞིག་ཏུ་སྦྲུམ། །

 

གཉའ་ཁྲི་བཙན་པོ་བྱ་ཡི་ལག་པ་ཅན། །
ཁྲི་ལྡེ་གཙུག་བཙན་རལ་བས་ཁྲི་བྱེད་པ། །
འུ་དུམ་དར་མ་གླང་གི་རྭ་ཅོ་ཅན། །
མི་སྦྱར་དགུ་སྦྱར་བཙན་པོ་དག་ལ་སྦྱར། །

 

འགྲོགས་དུས་གློ་མཆིན་ཡིན་ཡང་ཕན་ཚུན་བརྗེས། །
འགལ་ཉིན་སྡང་མིག་མཆུ་སྐོར་བྱེད་བཞིན་འགྲོ། །
དགའ་དུས་ཤ་དང་ཁྲག་དང་ཟུངས་ཀྱང་བསྒྲེས། །
སྡུག་སྐབས་ཁྱི་དང་ར་འཕྲད་བྱེད་པ་མཚར། །

 

རྒྱ་ལི་སྐྱི་གྱོང་བོད་མོར་ཁོ་དགའ་ཟེར། །
བོད་ཀྱི་གསར་བུས་རྒྱ་མོ་ང་དུངས་ཟེར། །
རྒྱ་བོད་བར་ན་མོ་སྨན་ལེན་རེས་ཤིག།
གནའ་ནས་ད་ཡི་བར་དུ་རྒྱུན་མ་ཆད། །

 

མི་རྟག་འཇིག་རྟེན་འདི་ནས་མི་རྟག་བསྒྲུབས། །
རྟག་མེད་ཨུ་ཚུགས་བཙན་གྱིས་འཛིན་ཐབས་བྱེད། །
མི་ཆགས་སེམས་ཉིད་ཕན་ཚུན་ཆགས་གྱུར་ན། །
འཁྲེང་ཞེན་ཟབ་མོ་དུམ་བར་གཅོད་དོན་ཅི། །

 

རུ་སྡེ་འཁོན་ཁ་ཚ་བའི་མར་གཤམས་སུ། །
ན་ཆུང་བུ་མོས་སེམས་གཏན་སྟག་ཤར་དེ། །
ཕ་ཡིས་ངན་རབ་ཨ་མས་མོ་མི་འཐད། །
ཤ་ཆད་བུ་མོའི་སྙིང་ཆུང་ཚར་དུ་གཤགས། །

 

དྲིན་ཆེན་ཕ་མ་རྒྱུ་ལ་ཞེན་དྲགས་པས། །
རང་གི་བུ་མོ་ཕྱུག་པོའི་བུ་ལ་བརྫངས། །
ཉམ་ཆུང་བུ་མོ་གཞན་གྱི་སྒྱེད་འགྲམ་ན། །
བཏགས་མགོའི་ཁྱི་ལས་གཉོམ་ཡང་མི་ཚེ་སྐྱེལ།

 

གསར་བུ་གཞོན་ནུའི་ཁྱིམ་གསར་འཛིན་འདོད་ཀྱང་། །
ཕ་ཡིས་མི་ལྕོགས་མ་ཡི་མི་ནུས་པས། །
ཁྱིམ་ལ་བཙན་གྱིས་སྲུ་མོ་ལེན་དུ་བཅུག།
མཐའ་མར་རང་གཞན་གཉིས་ཀར་ནད་ཅིག་བསླང་། །

 

དྲིན་ཆེན་ཨ་མའི་རྔུལ་ཁྲག་རི་ནས་ཟད། །
ཕ་ལོའི་མི་ཚེ་ཧྲིལ་བོ་ཚགས་ཀྱིས་བརྐུམས། །
ལངས་ཤོར་བུ་ངན་རྒྱ་གྲོང་དབུས་ན་ཉུལ། །
མདོ་མེད་དེ་ཚོ་ཕ་མའི་སྲོག་གཅོད་ཡིན། །

 

བོད་ཀྱི་རིག་གནས་རྗེས་ལུས་བོད་ཀྱིས་བཤད། །
བོད་ཀྱི་གོམས་སྲོལ་རྙིང་ཞེན་བོད་ཀྱིས་གོ།
བོད་ཀྱི་སྐད་ལ་ལྷད་སྐྱོན་བོད་ཀྱིས་བསྲེས། །
མདོར་ན་ཐམས་ཅད་རང་གིས་བྱས་པའི་འབྲས། །

 

ཕུ་ནུ་ནང་མཆེད་རང་གིས་དགྲ་བོར་བཟུང་། །
གཅེས་པའི་ཚེ་སྲོག་སྔོན་མོའི་མཚོན་ལ་དྲངས། །
ཞེ་འཁོན་ཤ་ལན་མི་རབས་མི་རྒྱུད་དུ། །
ལག་དམར་དམུ་རྒོད་དཔའ་བོ་ཡིན་པར་རློམ། །

 

བོད་ཡུལ་དམ་ཆོས་སྒྲུབ་རྒྱུད་ཤིང་རྟ་བརྒྱད། །
སྟོན་པ་གཅིག་གིས་བསྟན་པའི་ཆོས་ཡིན་ཡང་། །
གྲུབ་མཐའ་བརྩད་ཏེ་མཆེད་གྲོགས་སྲོག་ཀྱང་འགུམ། །
རབ་བྱུང་འདི་དག་ཐུབ་པའི་ཞབས་འདྲེན་ནོ། །

 

ས་དང་རྡོ་ཡི་བར་ལ་རིན་ཞིག་བརྩིས། །
ལམ་དང་ཆུ་ཡི་མཚམས་སུ་ཆོད་ཅིག་བརྒྱབ། །
རྩྭ་དང་ལྡུམ་བའི་ཆེད་དུ་སྲོག་ཀྱང་བཏང་། །
ཕ་ས་ཕ་ཡུལ་འདི་ལ་དངངས་ཤིང་སྐྲག།

 

འབྲོག་ཕྲུག་རྣལ་མ་རྒྱ་ཡིག་སློབ་པར་མངགས། །
རྒྱ་ཡིག་མ་ཤེས་རྒྱ་རིགས་བུ་མོ་ཞིག།
ཁྲིད་དེ་ཨ་མའི་མདུན་ན་སྤྲེའུ་གར་འཁྲབ། །
ཚུལ་ཏེ་མཐོང་ནས་ངུ་མ་དགོད་ཅིག་བྱས། །

 

ལོངས་སྤྱོད་འཛོམས་པའི་ཕ་དང་མ་རྒན་གྱིས། །
གཅེས་ཕྲུག་བུ་ཁེར་སློབ་གྲྭའི་གླིང་ལ་མངགས། །
ཁྱིམ་གྱི་ནོམ་པ་ཕྱེད་ཡོལ་སློབ་ཡོན་བཏངས། །
ཁོག་རུལ་བུ་སྡུག་འཁྱམས་འཁྱམས་ཕྱིར་ལ་ལོག།

 

དག་མའི་སྐྲ་ལ་བཅོས་མའི་ཚོན་སྣ་བསྐུལ། །
དམར་བའི་གདོང་ལ་དཀར་བའི་ཕྱེ་སྐྱ་བྱུག།
སྟོད་སྨད་གོས་ལ་དགོས་མེད་ལྷན་པོ་གླན། །
ཞིབ་འདང་རྒྱབ་ན་དོན་སྙིང་ཅི་ཞིག་རྙེད། །

 

བོད་སྐད་བཤད་ན་བར་ན་རྒྱ་སྐད་ཅིག།
རྒྱ་སྐད་བཤད་ན་རྗེས་ན་དབྱིན་སྐད་ཅིག།
དོན་ལ་གཏུག་ན་གཅིག་ཀྱང་མི་ཤེས་པའི། །
མགོ་སྟོང་བོད་པ་ཇེ་མང་ཇེ་མང་རེད། །

 

དགེ་རྒན་ཀུན་ཀྱིས་ཕ་སྐད་གཙང་དགོས་ཟེར། །
བསྲེ་སླད་གཏོང་བར་དགེ་རྒན་གཞན་ལས་ཐུ། །
སློབ་གྲོགས་མང་པོའི་རིགས་ཞེན་ཡོད་ཁུལ་བྱེད། །
བླ་བཙོང་ཕར་ཆེར་སློབ་གྲྭའི་ཚལ་ན་རྒྱུ། །

 

བྱ་བ་བཟང་པོར་འཇུག་ན་ངན་པ་དོགས། །
ངན་པའི་བརྟུལ་ཞུགས་བཟུང་ན་བཟང་པོ་སྐྲག།
འཇིག་རྟེན་མི་ཡི་ཟློས་གར་འཁྲབ་རྒྱུ་དཀའ། །
ཚུལ་འཆོས་སྤྱོད་པ་འདི་ལ་རོ་དྲུག་འདུས། །

 

ཁམས་པ་ཨ་མདོར་སོང་ན་མི་གསོད་རློམ། །
ཨ་མདོ་ཁམས་པར་འོང་ན་རྐུན་མར་དོགས། །
དབུས་གཙང་གང་དུ་སོང་ཡང་གསང་ཉུལ་སེམས། །
འདི་དག་བོད་པས་བོད་ལ་བྱས་པའི་འབྲས། །

 

ཨ་མདོའི་ཤེས་ལྡན་གནས་ལུགས་བཤད་པར་མཁས།།
ཁམས་པའི་བཙུན་པ་གཏན་ཚིགས་དྲངས་པར་བཟང་། །
རྩོལ་སྒྲུབ་གཞི་མ་མཐོང་སྣེའི་འདུ་ཤེས་ལགས། །
མདོར་ན་མདུན་ནས་མདུན་དུ་སྐྱོད་པའི་རྟགས། །

 

རིག་གནས་གསར་རྙིང་མཚམས་སུ་འགལ་འདུ་ཞིག།
གྲུབ་མཐའ་སོ་སོའི་བར་ན་ལྟ་བ་རེ། །
མི་རེ་བསམ་བློའི་ལྟ་བ་མཁྲེགས་པོ་ཡང་། །
གསར་དུ་རྙེད་ན་རང་ཚུགས་བརྟན་པར་སྙམ། །

 

བོད་ཀྱི་ཡུལ་ན་ཤེས་ཡོན་པ་ཡིས་གང་།།
ཕན་ཚུན་ནང་ཁུལ་ཚིག་མཚོན་སྣུན་པར་མཁས། །
གནད་ལ་ཐུག་དུས་གཅིག་ཀྱང་རིག་རྒྱུ་མེད། །
ཁ་མཁས་ཁོག་སྟོང་དེ་ཚོ་གང་ན་བཞུགས། །

 

རང་མགོ་རང་གིས་བཅད་པའི་ཕམ་ཁ་ཡོད། །
ནང་མི་གཞན་ལ་བཙོང་བའི་ནག་ཉེས་ཡོད། །
ཕྱི་ནང་མཉམ་དུ་བསྡུངས་བའི་གཤེད་མ་ཡོད། །
ང་ཚོས་མ་བྱས་ལས་ཤིག་གང་ནས་འཚོལ། །

 

གཤིན་རྗེའི་ཞགས་པར་དོགས་ནས་སུན་རྒྱུ་མེད། །
རུས་ཡོད་དཔའ་བོའི་ཚེ་སྲོག་དགྲ་ལ་ཤོར། །
སྡར་མའི་གོང་མཛུབ་དམར་པོ་ཚོན་གྱིས་བསྒྱུར། །
སྙན་ངག་པ་ཡིས་ན་ཟུག་སྨྱུག་རྩེར་ལུད། །
བླ་བཙོང་ཀུན་ཀྱིས་འཕོངས་སྟེགས་ཇེ་མཐོར་སོང་། །

 

གནས་ལུགས་ཡོད་ཀྱང་ཞུ་ས་དཔོན་ལ་མེད། །
སྒོར་མོ་མོད་ན་དཔོན་པོར་རྫོང་ས་ཡོད། །
དཔོན་པོའི་བཅའ་ཁྲིམས་སྒོར་མོས་བསླུས་ན་ཐུབ། །
སྒོར་མོ་མང་ན་དེ་ལ་རྒྱལ་ཁ་ཐོབ། །


 

ཆོས་པས་ཆོས་པའི་རང་ཚུགས་བཟུང་ན་ལེགས། །
དཔོན་གྱིས་ལུགས་མཐུན་སྲིད་དེ་བསྐྱང་ན་བཟང་། །
ཆབ་སྲིད་མིག་གིས་ཆོས་པའི་ལམ་མི་མཐོང་། །
ཆོས་པའི་ལམ་གྱིས་ཆབ་སྲིད་དོན་མི་འཁྱོལ། །

 

རིན་ཆེན་མི་ལུས་རྙེད་པའི་རིན་ཐང་དུ། །
མི་ཡུལ་འཇིག་རྟེན་འགྲིམ་པའི་དན་རྟགས་སུ། །
ལས་དང་རྒྱུ་འབྲས་མིག་ལྟར་འཛེམ་བཞིན་དུ། །
དངོས་ཡོད་འཚོ་བའི་ཆེད་དུ་སྒེར་ཚུགས་འཛིན། །

 

བློ་མིག་སུ་ལ་ལྡན་ཡང་ཞྭ་ལྟར་བཀུར། །
རུལ་དྲི་གང་ལ་འཐུལ་ཡང་རྡོག་པས་རྫི། །
བརླ་འཚོང་རིགས་ཀྱི་དཀྱིལ་ནས་རྒྱང་ཕུད་གཏོང་། །
སྐྱོན་ཡོན་འབྱེད་པའི་སྤྱན་དེ་རྣོ་ན་ལེགས། །

 

མི་ལ་མི་ལྟར་འཚོ་བའི་སྟེགས་བུ་དང་། །
རིགས་ལ་རིགས་དང་མཚུངས་པའི་དབྱེ་བ་གཉིས། །
ཐུན་མིན་ཁྱད་ཆོས་རེ་རེའི་སྲོལ་རྒྱུན་སོགས། །
རང་ཉིད་འགན་དུ་སེམས་ནས་འབད་པར་རིགས། །

 

རྩེད་རྩེད་དགོད་དགོད་བྱིས་པའི་དུས་དེ་ཡལ། །
དཔེ་ཁུག་རྒྱབ་ཏུ་ཁུར་བའི་སློབ་ཆུང་འདས། །
རིག་གཞུང་རྩ་བ་བཙུགས་སའི་སློབ་འབྲིང་འདས། །
དེ་རིང་འབྲིང་རིམ་ཤོར་ཁར་སེམས་པ་སྐྱོ། །

 

དེ་རིང་མ་གཏོགས་བསམ་བློ་གཏོང་མ་ཤེས། །
བསམ་ཤེས་དུས་ན་ཡོད་ཚད་ཤོར་ཟིན་ཞིང་། །
ད་ལྟ་མ་གཏོགས་དགྲ་གཉེན་དབྱེ་མ་ཤེས། །
དབྱེ་འབྱེད་ཤེས་དུས་སྤུན་ཡང་དགྲ་བོར་ལངས། །

 

མར་ཁེ་སི་ཡི་རང་ལུགས་ཡིན་ཡང་རུང་། །
རྒྱང་འཕེན་པ་ཡི་ལྟ་བར་འབོད་ཀྱང་ཆོག།
མི་གཞིའི་སྒེར་ཚུགས་སྲ་ཞིང་བརྟན་པ་དང་། །
དྲང་བདེན་གནས་ལུགས་འབེན་དུ་འཇོག་ནི་ཞིག།

 

རི་བོང་རྭ་ལ་རྒྱན་ཆ་སྤྲས་པ་མེད།།
རུས་སྦུལ་སྤུ་ཡང་བཏོག་པའི་སྒྲུང་གཏམ་མེད། །
ཁོ་བོ་འཇིག་རྟེན་འགྲིམ་པའི་མཐོང་ཐོས་དང་། །
ལྷག་པར་སེམས་ཀྱི་སྡུག་ཡུས་ཤོར་ནས་ཐལ། །

 

བོད་ལ་ཤེས་ཡོན་པ་ཡི་དབུལ་བ་མིན།།
ཤེས་ཡོན་པ་ཡིས་འགན་ཁྲི་ཁུར་མཁན་དཀོན། །
གཅེས་སྲོག་གཏའ་མར་བཞག་ཏེ་འཁུར་མཁན་ནི། །
རིག་གསར་ལྟ་ལོག་པ་ཡིས་ངན་མཚང་བཏགས། །

 

སུ་ལ་ན་ཡང་དེ་ལ་བརྒྱབ་པ་ཡིན། །
གང་ལ་གཟེར་ཡང་དེ་ལ་བསྣུན་པ་ཡིན། །
ཐོབ་དང་གོ་སའི་ངོ་སོ་ངས་མི་བལྟ། །
འཇིག་རྟེན་འདི་ནས་ཐམས་ཅད་འདྲ་མཉམ་ཡིན། །

 

རྩམ་པ་བཟས་ནས་རྩམ་པས་ནར་སོན་པའི། །
རྩམ་པའི་བུ་ཆུང་རྩམ་པའི་རྒྱལ་ཁམས་སུ། །
རྩམ་དྲི་འཐུལ་བའི་རྩམ་ཁུག་མི་འདོར་བར། །
རྩམ་པ་བསྲུང་དེ་རྩམ་པའི་རིན་ཐང་ལོངས།།

 

བོད་དུ་སྐྱེས་པས་བོད་ཀྱི་རིག་གནས་སློབ།
བོད་ལ་བལྟས་ཏེ་བོད་ཀྱི་གནས་བབ་གླེང་། །
བོད་སྐད་བཤད་ནས་བོད་ཆས་རྣལ་མ་སྤྲོས། །
བོད་པའི་བརྟུལ་ཞུགས་བོད་པ་རང་གིས་འཛིན། །

 

བདག་ནི་རིགས་ལ་དུངས་པས་བདེན་དོན་འཚོལ། །
བདག་ནི་ཆོས་ལ་དད་པས་རྒྱུ་འབྲས་སྲུང་། །
བདག་ནི་རང་གཤིས་གྱོང་པས་སྒེར་ཚུགས་འཛིན། །
བདག་ནི་བདག་ལ་དགའ་བས་བདག་འཛིན་ཆེ། །

 

སྐྱིད་ན་སྐྱིད་པའི་གླུ་ཆུང་མཉམ་དུ་ལེན། །
སྡུག་ན་སྡུག་པའི་མཆི་མ་གཅིག་ཏུ་འདོན། །
འགྲོ་ན་འགྲོ་སའི་ལམ་དེ་མ་ནོར་སོང་། །
འདུག་ན་འདུག་པའི་རྒྱུ་མཚན་ཡོད་པར་གྱིས། །

 

ལུས་ལ་བརྣག་དཀའི་ན་ཟུག་བར་མེད་རྒྱུ། །
སེམས་སུ་འཁོན་འགྲེས་ཞེ་སྡང་མེ་ལྟར་མཆེད། །
བརྟག་ན་མངོན་ལྐོགས་གཉིས་ནས་ཚུར་ལ་གཅུན། །
དེ་ཕྱིར་འདི་ལྟར་མ་བྲིས་སྡོད་མ་ཚུགས། །

 

ཀུན་ལ་ཕོག་ཐུག་གཏོང་ཆེད་བྲིས་པ་མིན། །
ཀུ་རེའི་ཚུལ་ཏུ་དགོད་ནས་བྲིས་པ་ཡོད། །
ཁོང་དུ་ཅི་དྲན་ཐམས་ཅད་བྲིས་པ་མིན། །
སྐྱོ་བའི་ཤུགས་ཀྱིས་ངུས་ནས་ཕབ་པ་ཡོད།།

 

བརྗོད་འདོད་མཚོ་མོ་འཁྱིལ་བའི་རླབས་ངོགས་ནས། །
ཟེགས་ཐིགས་ཙམ་ཞིག་བཏུས་པའི་གཏམ་གླེང་འདི། །
གོ་དོན་ཡོངས་སུ་རྟོགས་མིན་ཀློག་པོས་མིག། །
ཁམས་པའི་བུ་ངས་ཨམ་སྐད་ལམ་ལ་བརྒྱུས། །