བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་དག་རྗེས་སུ་དྲན་པ།
བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་དག་རྗེས་སུ་དྲན་པ།
རང་ལ་གཅེས་པའི་སྣོད་བཅུད་ཀྱིས། །
ཡོངས་སུ་བཏང་བའི་ནོར་འཛིན་གཞིར། །
ཞི་བའི་རོལ་མཚོའི་བས་མཐའ་རུ། །
ངལ་བ་དུ་མས་གདུང་བའི་སྐབས། །
དམ་པའི་དྲན་སྐུལ་ཚིགས་བཅད་ཅིག །
བརྡ་འཕྲིན་རླུང་བུའི་ཕོ་ཉ་ཡིས། །
ཐོས་འཛིན་བུ་གར་སིམ་མོད་ཀྱང་། །
སྒོ་གསུམ་བྲེལ་བ་རླུང་དང་འདྲ། །
བརྩེ་ཆེན་གཏིང་མཐའ་བྲལ་བ་ཡི། །
ཆོས་རིག་རྒྱ་མཚོས་རབ་བསྐྱངས་པའི། །
ཆབ་དང་བྲལ་བའི་ཉལ་འགྲོ་བཞིན། །
གླིང་ཆེན་འདི་ན་སྨྲེ་ངག་འདོན། །
གཟི་བྱིན་ལམ་མེ་གང་གི་སྐུ། །
ཕན་མཛད་ཁོ་ན་དམ་པའི་གསུང་།
ཆོས་རིག་གཏེར་མཛོད་ཁྱེད་ཀྱི་ཐུགས། །
ཡོན་ཏན་ཕུང་པོ་དེ་ལ་འདུད། །
ངེས་འབྱུང་མི་ཤིགས་རྩ་བ་བརྟན། །
སྙིང་རྗེའི་ཡལ་འདབ་འབུམ་རྒྱས་ཤིང་། །
ཡང་དག་ལྟ་བའི་འབྲས་བཟང་ཅན། །
བཤེས་གཉེན་ལྗོན་པའི་དབང་པོ་གང་། །
དམ་པའི་མཚན་རྟགས་ཟླ་བའི་འོད། །
ཡིད་བཞིན་མཚོ་ལས་ཆུ་ཟླ་བཞིན། །
ཡོན་ཏན་རྫོགས་པའི་བྱང་འཕགས་ཀྱིས། །
གསལ་བར་སྟོན་པ་ལན་གཅིག་མིན། །
དྲི་བྲལ་ཚུལ་ཁྲིམས་ས་གཞི་རུ། །
ཏིང་འཛིན་ལོ་འདབ་སྣ་མང་ཅན། །
ཤེས་རབ་དྲི་བསུང་ཕྱོགས་འགྱེད་པ། །
དམ་པའི་ཨུཏྤལ་ཁྱེད་མིན་སུ། །
ཐོས་པའི་ནམ་མཁའ་ཕྱོགས་མཐའ་བྲལ། །
བསམ་པའི་རིག་ལམ་ཚད་མ་མཐུན། །
སྒོམ་པའི་གནས་ལུགས་ཡང་རྩེར་ཆིབས། །
འདི་གསུམ་རྫོགས་པའི་སྐྱེས་བུ་གང་། །
རྒྱལ་བསྟན་དར་བའི་དུས་བཟང་དུ། །
ངེས་དོན་བཤེས་ལས་བློ་སྦྱངས་པ། །
དེང་དུས་ལེ་ལོས་དུས་གྲོན་པའི། །
སྙན་མོའི་མིང་དང་ཁྱད་པར་ཆེ། །
རླབས་ཆེན་ཐུགས་བསྐྱེད་རླུང་ཤུགས་ཀྱིས། །
དྲངས་པའི་བྱ་བྲལ་གོ་ལ་ཁྱེད། །
ངེས་མེད་གནས་སུ་རྩེ་གཅིག་གིས། །
བསྒྲུབ་ལ་བརྩོན་པའི་རྣམ་ཐར་བཟང་། །
མདོ་ལམ་བདེན་གཉིས་ཁོང་དུ་ཆུད། །
སྔགས་ཀྱི་རིག་འཛིན་ཐུགས་ལ་རྫོགས། །
རྫོགས་པ་ཆེན་པོའི་ཉམས་ལེན་ཟབ། །
འདི་དག་ཁྱེད་ལ་སྔར་ནས་རྫོགས། །
འོན་ཀྱང་དུས་ཀྱི་སྙིགས་མ་འདིར། །
རྨོངས་པ་དག་ལ་མིག་འབྱེད་ཕྱིར། །
བྱིས་པ་རྣམས་དང་ལྷན་ཅིག་ཏུ། །
མཚན་ཉིད་རིག་ལམ་འབད་པ་ཟབ། །
ཕྱོགས་སུ་སྐྱོད་པའི་དེད་དཔོན་ཞིག །
བཤེས་གཉེན་དུ་མའི་གཟིངས་བརྟེན་ནས། །
ཤེས་རིག་ནོར་བུ་ལོན་པ་དེ། །
ཡིད་བཞིན་ནོར་གྱིས་དོ་ཟླ་བྲལ། །
ཕྱུག་པོའི་ནོར་གྱིས་བསླུས་པ་མེད། །
མཐོན་པོའི་མིང་ལ་ལྟོས་པ་མེད། །
ཉེ་རིང་ཆགས་སྡང་གཞི་ན་མེད། །
འདི་དག་དམ་པའི་རྟགས་སུ་འཇོག །
འཇིག་རྟེན་ལྷ་ལ་མ་བསྟེན་ཀྱང་། །
ཉམས་དང་རྟོགས་པའི་མངོན་རྟགས་སུ། །
ཕལ་ལ་རིང་དུ་བསྐལ་གྱུར་པའི། །
ལུང་བསྟན་མངོན་ཤེས་བསམ་མི་ཁྱབ། །
དཀའ་བ་བརྒྱ་ཕྲག་བཟོད་པ་ཆེ། །
འཁོར་ལོ་གསུམ་ལ་བརྩོན་པ་ཆེ། །
སྔར་མེད་གསར་སྐྲུན་སྙིང་སྟོབས་ཆེ། །
ཕྱི་མིག་བལྟས་ན་མཛད་རྗེས་ཆེ། །
ཀ་ཁའི་མགོ་མཇུག་རྨོངས་པ་ཡི། །
དུས་ཀྱི་རྒུད་པ་ཤར་བའི་ཚེ། །
རིག་གནས་དབུ་ཁྱུད་དགོད་པ་པོ། །
དུས་ཀྱི་ཤིང་རྟའི་སྲོལ་འབྱེད་ཉིད། །
རྣམ་ཤེས་རྨོངས་པའི་མུན་ཁུང་དུ། །
རིག་པའི་འོད་སྣང་སྤར་བའི་བཤེས། །
ཡང་ཡང་དཔྱད་པ་བྱས་པ་ན། །
ཨ་མའི་དྲིན་གྱིས་གཞལ་ནུས་མིན། །
བསམ་མེད་གོག་འགྲོས་བྱིས་པ་ཞིག །
རིག་པའི་སེང་སྐད་སྒྲོགས་པའི་སྒོ། །
དང་པོའི་ལྡེ་མིག་ཕྱེ་བའི་བཤེས། །
དགེ་རྒན་ཕལ་གྱིས་དོ་ཟླ་མིན། །
ཚིག་ལ་གཙོ་བོར་མི་རྟོན་ཡང་། །
དོན་ཐོག་རྒྱུད་ལ་བཤར་སྒོམ་གྱིས། །
བཀའ་ལུང་རྒྱ་མཚོ་ལོ་མང་དུ། །
གདམས་པའི་སྲོལ་དེ་རྨད་དུ་བྱུང་། །
བསྡུས་གྲྭའི་རིགས་ལམ་ཆུབ་པར་མཛད། །
ཚད་མའི་དེ་ཉིད་མངོན་པར་བསྟན། །
གཏན་ཚིགས་རིགས་པའི་དགག་སྒྲུབ་བསླབས། །
བརྒྱད་ཁྲིའི་བཀའ་ལ་རིག་སྒོ་ཕྱེས། །
ཕྱག་རྒྱ་ཆེན་པོ་སྔགས་ལམ་བསྟན། །
རྫོགས་པ་ཆེན་པོའི་ངོ་སྤྲོད་གནང་། །
མཐའ་བྲལ་དབུ་མའི་ལྡེ་མིག་བསྟན། །
གཞུང་ལུགས་བློ་མིག་སྦྱིན་མཛད་ཁྱེད། །
དམུས་ལོང་དག་ལ་བློ་མིག་བྱིན། །
དབུལ་པོའི་ལག་ཏུ་ནོར་བུ་སྤྲད། །
འཐིང་པོ་དག་ལ་རྐང་མགྱོགས་བསླབས། །
མུན་ལ་སྒྲོན་མེས་བྱས་པ་བཞིན། །
ཆོས་ལྡན་ཞིང་ནས་ཐོན་པའི་ཉིན། །
རིན་བྲལ་བཀའ་སློབ་རྣ་བའི་བཅུད། །
སྐྱེས་ཀྱིས་སྐྱེལ་མ་གནང་བ་ནི། །
བདག་གི་ཡིད་ཀྱི་གསོས་སུ་གྱུར། །
མདོ་སྔགས་གཞུང་ལུགས་ལྟ་བ་ཡི། །
ཤེས་རབ་ཆ་ཙམ་ཐོབ་པ་དེ། །
དམ་པའི་བཀའ་དྲིན་ཁོ་ན་ལས། །
རྡུལ་གྱི་ཆ་ཙམ་དམིགས་སུ་མེད། །
དེས་ན་དུས་ཀྱི་མཐར་གཏུག་དབར། །
དམ་པའི་ཡོན་ཏན་བརྗོད་པ་ལ། །
ནམ་ཡང་ངལ་བ་མི་འཛིན་པའི། །
སྙིང་སྟོབས་ཞུམས་པ་མེད་པར་ཤོག། །།
ནུབ་ཕྱོགས་ཨ་རིའི་ས་ཡི་ཆ་ཁེ་ལི་ཧྥོར་ནི་ཡ་ཞི་བའི་རྒྱ་མཚོའི་བས་མཐའ་རུ་༢༠༡༦ཟླ་༡༠ཚེས་༡༥ཉིན་བྲིས། །