མདུན་ངོས། » གསར་རྩོམ། » རིག་གཞུང་གཞན། » མཚོ་གླིང་གི་ཐེ་ཝན།

མཚོ་གླིང་གི་ཐེ་ཝན།

 

མཚོ་གླིང་གི་ཐེ་ཝན།
བསོད་ནམས་ཚུལ་ཁྲིམས།

 

འཛམ་བུ་དཔག་བསམ་ལྗོན་པའི་རྒྱན་ཕྱུག་ཅིང་། །
མཐིང་མདོག་ལྷ་ལམ་ས་ལ་ཞུན་འདྲ་བ། །
ཡངས་ཤིང་ཟབ་པའི་ལྷོ་གླིང་རྒྱ་མཚོའི་ལྟོར། །
ལུགས་གཉིས་གཞུང་ལུགས་དྲང་བའི་ཐེ་ཝན་གླིང་། །

 

 

བགྲང་བྱ་དུ་མར་འདས་པའི་ཐེ་པེའི་གྲོང་། །
སྙན་གྲགས་མཆོད་རྟེན་དབྱིབས་བརྩེགས་རྒྱ་གཅིག་ཁང་། །
གོ་ལའི་ཁྱོན་སོགས་རིན་ཚད་དཔག་དཀའ་བའི། །
ཆོས་སྲིད་རྒྱལ་པོའི་ཕྱག་ནོར་འདི་རུ་ཕྱུག །

 

སེར་སྣའི་རྟོག་ཚོགས་སྔོན་ཚེ་ཡོངས་བྲལ་བའི། །
འཛད་མེད་རོ་བརྒྱ་ལྡན་པའི་ཟས་རིགས་སོགས། །
ཟ་ཁང་གཅིག་ལ་རྣམ་གྲངས་བརྒྱ་ཕྲག་ལས། །
བརྒལ་བའི་དམར་ཟས་དབེན་པའི་ངོ་མཚར་ཅན། །

 

 

གཙང་ཞིང་ཡིད་བསུ་ཕུན་ཚོགས་གང་འོས་ནོར། །
འབྱོར་ལྡན་བསོད་ནམས་བྱེད་པོས་བསྐྲུན་པའི་ཆོས། །
དུས་མཐའི་སྐད་ཅིག་མ་ལ་མྱུར་འགྲན་པའི། །
ཉེར་གཅིག་དུས་རྟ་ཀོག་ཐེ་མེ་འཁོར་ཞུགས། །

 

བཅུ་ཕྲག་དགུ་ཡི་སྐར་ཆ་ཙམ་ཉིད་ནས། །
གླིང་འདིའི་རྒྱལ་ས་གཉིས་པ་ཀོག་ཤོང་འབྱོར། །
ལོ་རབས་དུ་མར་གྲགས་ཟིན་མཚན་སྙན་ཅན། །
བརྒྱད་ཅུའི་བརྩེགས་ཅན་ཁང་སོགས་མཁའ་ལ་འཕགས། །

 

 

ལུས་སེམས་རྒྱ་ཆུང་རེ་དོགས་ཀུན་བྲལ་བའི། །
དེང་རབས་འཕྲུལ་འཁོར་སྣ་ཚོགས་རྒྱུ་བའི་ལམ། །
ཡངས་ཤིང་གཙང་བའི་ཚད་མཐར་ཕྱིན་པ་འདི། །
ཡར་ཐོན་གྲོང་ཁྱེར་དག་གི་འདི་ལྟོས་མཆོག །

 

ཤར་གླིང་རྒྱལ་ཕྲན་དབུས་ནས་སྔོན་ཐོན་པའི། །
སྲིད་ཀྱི་དངོས་རྫས་རྣམ་མང་གཅིག་བསྡུས་འདྲ། །
ཞོགས་པ་ནས་རྒྱུ་དགོངས་མོར་མ་འཁོར་ཞེས། །
བརྩེགས་ཆེན་ཚོང་ཁང་ཆེན་མོ་འདི་རུ་མངའ། །

 

 

ནུབ་གླིང་འབྱོར་ལྡན་སྤྲོ་སྐྱིད་གཉེར་བ་དག །
སྐར་མ་ལྔ་ཅན་མགྲོན་ཁང་ཆེར་ལྷག་པའི། །
གསལ་ཐོན་དབྱིབས་ལེགས་འབར་བའི་མཚོ་ཆེན་གྲུ། །
བདུན་ཕྲག་རེ་འགའ་གླིང་འདིའི་མཚོ་ངོགས་གནས། །

 

བ་གམ་ཤིན་མཐོའི་ཁང་ཚོགས་ཆེར་དབེན་ཡང་། །
དོག་མོར་རྒྱུ་བའི་ལམ་དག་ཡངས་ཤིང་རབ། །
རིག་བྱེད་ལུས་ངག་ཞི་ཆོས་ཆེར་འཕགས་པ། །
ཐེ་ཙང་གྲོང་ཁྱེར་འདི་ནི་ཆེད་དུ་རྨད། །

 

 

ཤེས་རབ་ནོར་བུའི་སློབ་གླིང་ཁོར་ཡུག་ཀུན། །
འཁོར་རྒྱལ་རྗེ་ཡི་ཆ་ལ་འཁུ་ནུས་ཤིང་། །
རིན་ཐང་ཁྱད་འཕགས་རྐང་འཐུང་པད་མའི་ཚོགས། །
ཐུན་མིན་ཁྱད་ཆོས་མངའ་བའི་ཙང་ཧྭ་གླིང་། །

 

རིན་ཆེན་གཡུ་ཡི་དཔལ་དང་ཆོས་མཚུངས་པ། །
ཕྱི་དབྱིབས་སྤང་རི་བརྒྱ་ཕྲག་གྲངས་བརྒལ་བ། །
ཕག་ཏུ་དེང་གི་གྲགས་ཅན་གནམ་དམག་གྲུ། །
རྣམ་གཟུགས་བློ་འདས་ཁེངས་པའི་ཐེ་ནང་གྲོང་། །

 

 

དཀར་ནག་རྒྱ་སོགས་གོ་ལ་ཧྲིལ་པོའི་མི། །
ཕ་མཐའི་རྒྱ་མཚོའི་གྲུ་ལམ་བཟང་བ་དང་། །
ལུགས་གཉིས་རྒྱལ་ཁྲིམས་བཟང་པོའི་རྣམ་པ་ལས། །
གླིང་འདིར་ཐུན་མིན་མི་རིགས་མགྲོན་པོ་མང་། །

 

རྒྱལ་སྲིད་འཛིན་ནས་ལམ་གྱི་གཙང་བཟོ་ཡན། །
རོ་བརྒྱ་ཟ་འཐུང་རྒྱན་གོས་གང་མོས་ཚོགས། །
རྒྱལ་ཕྲན་གཞན་ལས་ཐུན་མིན་ཁྱད་པར་ཅན། །
མི་རིགས་འདི་ཡི་ལག་རྗེས་བཟང་ལས་དཔོག །

 

 

ས་སྟོད་གྱོས་ཧྭ་རི་བོའི་རྩེ་བརྒྱུད་ནས། །
ཀན་ཏིང་ཡུ་རུབ་ཀྲུང་གོ་ཨ་རི་སོགས། །
མཐའ་ཡི་རྒྱ་མཚོའི་བར་གྱི་འགྲིམས་འགྲུལ་ལམ། །
ཡངས་ཤིང་ཆེ་བའི་སྔོ་བསངས་འཕོས་པ་བཞིན། །

 

གང་གིས་བསྔགས་ན་འོས་པའི་ཐེ་ཝན་གླིང་། །
སུ་ཡིས་སྨད་ན་མི་འཚམས་ཁོ་ན་ཉིད། །
འདོད་པའི་ཞེན་ཆགས་རིང་དུ་བྲལ་བའི་ལམ། །
ཤེས་རབ་མིག་འདི་གཟུ་དཔང་བཞག་པས་རྟོགས། །

 

 

སུམ་རྩེན་ལྷ་དབང་རྗེ་ཡི་ཕོ་བྲང་ལས། །
ཁྱད་དུ་འཕགས་པའི་རྒྱལ་འདིའི་གཙུག་ལག་ཁང་། །
ཕྱི་ནང་ཁོར་ཡུག་ཤེས་རིག་སྦྱོང་བརྩོན་སོགས། །
འབྱུང་འགྱུར་དོན་གཉེར་རྣམ་པས་འདིར་གཟིགས་ཤིག །

 

ནང་དུ་ཐེག་ཆེན་ས་ལམ་དབྱེ་དཀའ་ཡང་། །
ཕྱི་ཡི་ལུས་ངག་རིག་བྱེད་སྐྱེས་ཆེན་བཞིན། །
ཀུན་ལ་བློ་ཐུབ་གྲོགས་བཞིན་གླིང་འདིའི་མི། །
ཕྱོགས་ལ་གཉིས་འཛིན་དབེན་པའི་ལམ་ནས་ཕུལ། །