མདུན་ངོས། » གསར་རྩོམ། » གསར་རྩོམ། » དུས་རབས་ཀྱི་ར་བཟི་བ་ཁྱུ་ཞིག

དུས་རབས་ཀྱི་ར་བཟི་བ་ཁྱུ་ཞིག

དུས་རབས་ཀྱི་ར་བཟི་བ་ཁྱུ་ཞིག
ཟིན་བདག་རང་གི་དེབ་༼གངས་རིའི་བརྩེ་དུང་ལས་བཏུས༽

 

གོ་ལའི་ཤར་ཕྱོགས་ཀྱི་གྲུ་ཟུར་ཞིག་ན། དྲན་པ་དང་བསམ་བློའི་འཕེལ་འགྱུར་ལ་བརྒྱུད་མ་མྱོང་བའི་མི་རིགས་སྐོར་ཞིག ཁྱོད་ཀྱི་བསམ་བློ་ལ་སྐུལ་འདེད་གཏོང་མཁན་མ་བྱུང་བ་ཞིག་མ་ཡིན་ལ། ཁྱོད་ཀྱི་མདུན་ལམ་ལ་གྱོང་གུན་ཐེབས་མ་མྱོང་བ་ཞིག་དེ་བས་ཀྱང་ག་ལ། ཁྱོད་ཀྱི་ཚེ་སྲོག་ལ་ཉམ་ཉེས་མ་ཤོར་བ་ཞིག་དང༌། ཁྱོད་ནི་གཞན་འོག་ཏུ་དཀའ་སྡུག་མ་མྱོང་བ་ཞིག་གཏན་ནས་མིན་མོད།

འོན་ཀྱང༌། དེ་ནི། ཁྱོད་ཀྱིས་སྔ་མོ་ནས་མིད་ཚར་བ་མ་ཡིན་ནམ། དེ་ནི། དྲན་པ་སོས་མི་ཐུབ་ཅིང༌། དེ་ནི། རྨི་ལམ་དུའང་འཆར་མི་ཐུབ་ལ། དེ་ནི། དྲན་དགོས་པ་ཞིག་ཀྱང་མ་ཡིན་པ་འདྲ།
ཡིན་ན་ཡང༌། ཁྱོད་ལ་ཁག་མེད་པ་ཞིག་ཡོད་པ་ནི། ཁྱོད་ཀྱི་ལག་ཏུ་མྱོས་ཆུ་ཕྱེད་ཀ་ཙམ་མཆིས་པའི་དམ་བི་ཞིག་འཆང་ཡོད་ལ། ཁྱོད་ཀྱི་གོམ་འགྲོས་ནི་འཁྱར་འཁྱོར་བྱེད་ཅིང་རྒྱུ་བཞིན་འདུག་མོད།
ད་དུང་དེ་བས་ཀྱང་ག་ལ་ཚད། ཁྱོད་ཀྱི་ཉེ་སྐོར་ནས་མྱོས་བྱེད་ཀྱི་དྲི་མ་ཤུར་ཤུར་དུ་དྲི་འཛིན་དང་ལྷན་དུ་འགྲོགས་བཞིན་འདུག་ལ། ཁྱོད་ཀྱི་ཞལ་སྒོ་ནས་སྐད་ཆའི་མཐའ་མཇུག་ལྡབ་ལྡིབ་ཏུ་སྨྲ་ཞིང་བརྗོད་དོན་ཅི་ཡང་མི་གསལ་བར་འདུག་མོད།
ཁྱོད་ཀྱི་ཕུང་པོ་ནི། སྐབས་འགར་ལམ་འོག་ཏུ་སྡོང་རྒན་བཞིན་འགྱེལ་ཞིང་ཡོད་ལ། སྐབས་འགར་གད་སྙིགས་ཀྱི་ཕུང་པོའི་ནང་དུའང་འགྲེ་ལྡོག་བྱེད་ཅིང་ཡོད་མོད།
དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི། ཁྱོད་ཉིད་བགྲོད་པའི་ལམ་ཟུར་ན་མཆིས་པའི་བཙོག་ཆུའི་གཡང་ས་ཆེན་པོ་དེ་ཉིད་བདེ་མོར་ཉལ་སའི་ཁང་བཟང་དུའང་མི་མཐོང་བའི་ངེས་པ་ག་ལ་ཡོད།
ཁྱོད་ཀྱི་དམ་བི་ནང་གི་བཏུང་བ་དེའི་རོ་ནི་སྣ་ཚོགས་ཡོད་ཚོད་འདྲ་ལ། ནུས་པ་ནི་ཤིན་ཏུ་ལྐོག་གྱུར་ཡིན་མོད། འོན་ཀྱང་མི་རྣམས་ཀྱིས་བཤད་པ་ལྟར་ན་ཁྱོད་ལ་ཇི་ལྟར་མངོན་པ་ལས་ལྷག་པ་གང་ཡང་མེད་པ་འདྲ།
འོན་ཀྱང་ཁྱོད་ལ་འཕྲལ་གྱི་བདེ་བ་ཞིག་ཡོད་པ་ནི། ཁྱོད་ཉིད་ཀྱིས་ཁྱོད་ཉིད་དེ་ལྟར་གྱུར་པ་ཤེས་མེད་མོད།
དེར་མ་ཟད། ཁྱོད་རང་གི་ངོར་དགའ་འོས་པའི་སྣང་ཚུལ་གཞན་ཞིག་ཡོད་པ་ནི། ཁྱོད་ཀྱི་ལག་ཏུ་དམ་པོར་འཆང་བཞིན་པའི་བཏུང་བ་དེ་བདུད་རྩི་རུ་རློམ་ཡོད་པ་དང༌། ཁྱོད་དང་ལྷན་ཅིག་ཏུ་མཆིས་པའི་གྲོགས་པོ་རྣམས་ཀྱང་ཤེས་པ་རྣལ་དུ་གནས་པ་རྐྱང་རྐྱང་དུ་བསམ་ཡོད་པ་དེ་རེད།
གལ་སྲིད་དེ་ལྟར་མ་ཡིན་ན། ཁྱོད་ཀྱིས་རིན་ཐང་ཆེ་བའི་ཁྱིམ་གྱི་ཅ་དངོས་འགའ་ཞིག་གོར་མ་ལ་གཞུ་དོན་མེད་ལ། ཁྱོད་ཀྱིས་པ་ཕ་དང་ཨ་མ། གཞན་ཡང་དོན་མེད་ཀྱི་མི་རྣམས་ལ་བརྙས་བཅོས་དང་བརྡོལ་གཏམ་སྨྲ་དོན་ག་ལ།
ད་གཟོད། ཁྱོད་ཉིད་ཀྱིས་ཁྱོད་ཀྱི་གནས་ཚུལ་ཇི་བཞིན་ཤེས་ཚེ། ཁྱོད་ཉིད་རྒྱུ་རྐྱེན་གང་གིས་དེ་ལྟར་གྱུར་པའི་ཁུངས་འཚོལ་སྲིད་ལ། དེའི་ཚེ། ཁྱོད་ཀྱིས་སྔར་མྱོང་བའི་གྱོང་གུན་དེ་དག་ཀྱང་ར་འཕྲོད་འབྱུང་ངེས་རེད།
དེར་མ་ཟད། ཁྱོད་རང་གཏན་དུ་ཤེས་པ་རང་བཞིན་དུ་གནས་ངེས་རེད་ལ། ཁྱོད་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་མདུན་ལམ་དང་འཚོ་ཐབས་ནི། མི་གཞན་རྣམས་ཀྱི་གྲལ་དུའང་སླེབས་ཐུབ་ངེས་རེད།། །།༢༠༠༣ཕྱི་ཟླ་༡༢ཚེས་༡༡ལ། །