མདུན་ངོས། » གསར་རྩོམ། » ཆོས་ལུགསམི་སྣ » མཁན་ཆེན་འཇིགས་མེད་ཕུན་ཚོགས།

མཁན་ཆེན་འཇིགས་མེད་ཕུན་ཚོགས།

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

 

ཟིན་བདག་རང་ཉིད་ཀྱི་རྩོམ།

    ང་ཚོ་མི་རིགས་གང་ཞིག་ལྷན་ཅིག་ཏུ་གནས་ཀྱང༌། བསམ་སྤྱོད་དང༌། ལྟ་བ༑ དེ་མིན་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རྣམ་པ་འདྲ་བ་དང་མི་འདྲ་བ་གང་ཡིན་ཡང༌། ཕན་ཚུན་ཞིབ་འཇུག་དང༌། དོ་སྣང་བྱས་པ་ལས་རྟོགས་དགོས་པ་ལས། གཞན་གྱི་ཕྱོགས་རེ་བའི་ཁ་སྐད་སོགས་ལས་དངོས་ཡོད་ཀྱི་གནས་ཚུལ་དེ་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་པ་མ་ཟད་དེ་ལྟར་འཆད་པའང༌། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས། གཞན་ཟེར་ཟློས་ནས་འཆད་པ་ལ། །བླུན་པོ་མགུ་ཡི་མཁས་རྣམས་མིན། །ཞེས་གསུངས་པ་ལྟར་ཡིན། དེར་བརྟེན་ཁོ་བོས་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་སྐོར་རྣ་ཐོས་འགའ་ཞིག་སྔ་མོ་ནས་ཡོད་ཀྱང་ཡིད་རྟོན་རུང་བ་ཞིག་བྱུང་མེད་པ་ནི་ཁོང་གི་རྣམ་ཐར་དངོས་མཇལ་ཚེ་གཞི་ནས་ཤེས་རྟོགས་ནུས།
    ང་ཚོས་གནས་ཚུལ་གང་ཡིན་ཡང་ཞིབ་འཇུག་བྱེད་པའི་ཐོབ་ཐང་ཡོད་པར་བརྟེན་རང་ཉིད་ཁོ་ནས་དངོས་སུ་ཞིབ་འཇུག་བྱས་ཏེ་རང་ལ་གདེང་ཐོབ་པའི་ངེས་ཤེས་རྙེད་པ་ཞིག་བྱུང་ན་ངག་དཔལ་དུ་འགྲེམས་དགོས་པས། ཞིབ་འཇུག་གང་ཡིན་པའམ་བརྗོད་བྱ་གང་ཡིན་པ་དེའམ་དེའི་ཁོར་ཡུག་དངོས་ལ་འགྲོ་བསྐྱོད་བྱེད་དེ་རྒྱུས་ལོན་དང༌། ཉམས་མྱོང་དུ་མ་ཞིག་དུས་ཐུང་ཞིག་དང༌། ཉི་ཚེ་བ་ཙམ་མིན་པར་འཇུག་དགོས་མོད། ད་ཆར་ཕྲན་ནས་དེ་ལྟ་བུའི་གོ་སྐབས་མ་བྱུང་ནའང༌། མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་རྣམ་ཐར་ཞིག་རྣ་བའི་རྒྱན་དུ་ཐོབ་པ་འདིའི་ནང་ཇི་ལྟར་གསལ་བ་གཙོ་བོར་བཟུང་སྟེ་བརྗོད་བྱ་རགས་ཙམ་ཞིག་ལྷུག་རྩོམ་དུ་སྤེལ་རྒྱུ་ལགས།
    སྤྱིར་ན་དེང་གི་དུས་སུུ་དངོས་ཡོད་རང་བཞིན་དང༌། ཚན་རིག་རང་བཞིན་སོགས་ལ་བསྙད་ནས་སློབ་མས་བརྩམས་པའི་བླ་མའི་རྣམ་ཐར་རིགས་ཕྱི་ནང་གསང་བ་སོགས་ཀྱི་རྣམ་དབྱེའི་ཐོག་ཐུན་མོང་བའི་སྣང་ངོར་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ལྐོག་གྱུར་གྱི་རང་བཞིན་དང་ལྡན་པའི་གནས་མང་པོ་ཞིག་སྟོན་བཞིན་ཡོད་པས་རྗོད་བྱེད་ཀྱི་ཆ་མཐའ་དག་ལ་ཡིད་རྟོན་ཆེ་ཙམ་བྱེད་མཁན་དཀོན་པར་སྣང་བ་མ་ཟད་སྔ་མོའི་དུས་ནས་ཀྱང༌། གཡུང་སྟོན་རྡོ་རྗེ་དཔལ་བས། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །ཆེ་བརྗོད་དྲགས་པས་བླ་མ་ཟོག་པོར་བཏང༌། །ཞེས་པ་སོགས་བཤད་ཡོད་ནའང༌། སྐབས་འདིར་བརྗོད་པར་བྱ་བ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་སྲིད་དོན་གྱི་གཡོ་འཕྲུལ་སོགས་ལ་བརྟེན་པ་མ་ཡིན་པར་རིས་མེད་ཀྱི་སློབ་ཚོགས་རྣམས་བུང་བ་སྐྱེད་ཚལ་དུ་རོལ་བ་ལྟར་བཅོས་མིན་དད་པས་འདུས་པའི་དགེ་འདུན་འདུས་པ་རྒྱ་མཚོ་ཁྲི་ཁྲག་ལྷག་ཙམ་ལ་རང་རང་གང་འདོད་ཀྱི་མདོ་སྔགས་གསུང་རབ་ལ་ཚུལ་གནས་ཐོས་བསམ་དང༌། སྤོང་བ་བསམ་གཏན་ལ་རོལ་ཆོག་གི་བཀའ་དྲིན་བསྩལ་བའི་ཚུལ་སོགས་རྣམ་ཐར་ནས་འབྱུང་བ་ལྟར་དོན་ལ་གནས་པར་ཅུང་ཟད་རྗེས་སུ་དཔོགས་ཐུབ་པར་བརྟེན་ད་ལམ་བརྗོད་བྱ་འདི་ལྷུག་རྩོམ་དུ་སྤེལ་རྒྱུ་ཡིན།
    དེ་ཡང་གཏེར་ལུང་སྣ་ཚོགས་ནས་སྔོན་གྱི་སངས་རྒྱས་དང༌། བྱང་སེམས་དུ་མའི་རྣམ་སྤྲུལ་དུ་གསུངས་པ་དང་མཐུན་པར། ཡབ་ཡུམ་དང༌། རིགས་རུས། འཁྲུངས་ཡུལ་གྱི་གནས་བབས་སོགས་ཀྱི་མིང་གི་ལྡོག་པ་སོགས་ནས་གསལ་སྟོན་ར་སྤྲོད་ཡིད་ལ་འཐད་པ་དུ་མ་ཞིག་འདུག་པ་ནི་ངོ་མཚར་ཆེ་བའི་གནས་ཤིག་ཏུ་གོ དེ་ལས་ཀྱང་ཤིན་ཏུ་ནས་ངོ་མཚར་བ་ཞིག་ལ་འགྲོ་བ་རང་མཐུན་དང་མི་འདྲ་བར་འཁྲུངས་པའི་ཚེ་ན་དབུ་གྱེན་དུ་ཕྱོགས་ཏེ་སྐུ་བལྟམས་པ་དང་ཞལ་ནས། ཨ་ར་པ་ཙའི་སྔགས་ཕྲེང་བདུན་བརྒྱད་ཙམ་གསལ་པོར་གསུངས་པ་དེ་ཤིན་ཏུ་ངོ་མཚར་བར་མི་མཐོང་ངམ།    
    དགུང་གྲངས་དྲུག་བདུན་ནས་ཡི་གེའི་ཕྱི་མོ་ཙམ་རེ་བསླབས་ཀྱང་ཀློག་ལེགས་པོ་མི་མཁྱེན་ཡང་རྗེས་སུ་འཇམ་དཔལ་བསྒྲུབས་པ་གནང་ཚེ་མཁྱེན་པ་ཐམས་ཅད་རང་བརྡོལ་དུ་བྱུང་བའི་ཚུལ་བསྟན་པ་ནི་བླ་མ་གང་ཞིག་གི་སྤྲུལ་པ་ཡིན་ཡང་འབད་རྩོལ་ལ་ལྟོས་དགོས་པ་གོ་བའི་ཆེད་ཨེ་ཡིན་སྙམ།
    ཁོང་དགུང་ལོ་བཅུ་བཞི་པར་ངེས་འབྱུང་གིས་བསྐུལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་སྐུ་ཚེའི་ནང་གི་བདེ་ལེགས་ཀྱི་སྒོ་འཕར་ཐོག་མར་ཕྱེ་བ་ཞིག་ཏུ་གོར་མ་ཆག དེ་ནས་ཕྱི་ནང་གི་ཡོངས་འཛིན་དུ་མ་དང༌། ལྷག་པའི་ལྷ་ལ་བརྟེན་ནས་ཟབ་ལམ་རྫོགས་པ་ཆེན་པོའི་གཉུག་མའི་གནས་ལུགས་ལ་མཁས་པ་བརྒྱ་དང་གྲུབ་པ་སྟོང་བྱོན་ཀྱང་དེ་ལས་གཞན་དུ་མ་དམིགས་པའི་ངེས་ཤེས་དང་ཁོ་ཐག་ནང་ནས་ཆོད་དེ་རྟོགས་པའི་གོ་འཕང་མཆོག་ཏུ་གཤེགས་པ་ནི་ཁོང་གི་སྒྲུབ་པ་སྟོང་གི་སྙིང་པོ་དེ་ཨེ་ཡིན་སྙམ།
    དེ་ནས་ཁོང་གིས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་དང༌། ཐུན་མོང་རིག་གནས་སོགས་ལ་གསན་བསམ་ཕྱོགས་མེད་དུ་གནང་བ་ནི་ཁོང་གི་རྣམ་དཔྱོད་ཀྱི་ལྷ་ལམ་དུ་འཇིག་རྟེན་ཐམས་ཅད་མ་ཤོང་བ་མེད་པར་མཛད་པའི་སྙིང་སྟོབས་ཀྱི་སྲོག་ཅིག་ཐུགས་ལ་འཁྲུངས་ཡོད་པར་ནེམ་ནུར་ག་ལ་དགོས།
    སློབ་མ་རྣམས་ཀྱིས་ཁོང་ལ་རྣམ་ཐར་རྩོམ་པར་ཞུས་ཚེ། ང་ལ་འབྲི་འོས་ཀྱི་རྣམ་ཐར་གཞན་མེད། བླ་མ་རྣམས་ཀྱི་ཐུགས་ཟིན་པ་དེ་ངའི་མི་ཚེ་གང་པོའི་རྣམ་ཐར་ཆེ་ཤོས་ཡིན། ཞེས་གསུངས་པ་འདིས་ཁོང་གིས་རང་གི་བླ་མ་ལ་ཇི་ལྟར་གཉན་པར་བཟུང་ཡོད་པ་དཔོགས་ཐུབ་ལ། ཁོང་གིས་བཤེས་གཉེན་བསྟེན་ཚུལ་ལ་ངོས་འཛིན་ཇི་ལྟར་གནང་ཡོད་པའི་ཚུལ་ནི། སམྦྷུ་ཊིའི་རྒྱུད་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་བསོད་ནམས་བས། །སློབ་དཔོན་བ་སྤུའི་ཁུངས་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་འབྱུང་བ་སྒྲ་བཞིན་དུ་ཁས་ལེན་ཞིང་དེ་དོན་ཉམས་ལེན་གནང་མཁན་ཞིག་ཨེ་ཡིན་སྙམ། །
    ཁོང་གིས་གསར་རྙིང་དང་རིས་མེད་ཀྱི་བླ་མ་མང་པོ་བསྟེན་ནས་གཞུང་ཆེན་མོ་སྤྱི་དང༌། གྲུབ་མཐའ་སོ་སོའི་རྣམ་པར་འཇོག་ཚུལ། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་སེམས་ཀློང་མན་ངག་གི་སྡེ་གསུམ་སོགས་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་རྩལ་གྱིས་གཏན་ལ་འབེབས་ནུས་པ་ནི་གཞན་གྱིས་བསྒྲུན་པར་ག་ལ་ནུས་ཏེ། དེང་དུས་གཞུང་ཆེན་ལ་མཁས་པར་བརྩི་བ་དག་རང་ལུགས་ཡིག་ཆ་ཙམ་ཡང་ཁུངས་འཁྱོལ་བ་ཤིན་ཏུ་དཀའ་བའི་ཕྱིར་རོ།
    པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཆོས་བཤད་ཀྱིས་གཞན་སེམས་བསྒྱུར་མཁན་ཡང༌། །རང་རྒྱུད་ཀྱི་ཀོ་སྐམ་གྱོང་པོར་ལུས། །གླུ་མཁན་དང་ནེ་ཙོའི་ཆོས་བཤད་བཞིན། །ཆོས་རྒྱུས་མཁན་ཆོས་ཀྱིས་ཕོངས་ཉེན་གདའ། །ཞེས་ཐོས་བསམ་གྱི་སྙིང་པོ་ཉམས་ལེན་དུ་བསྒྲིལ་དགོས་པ་ཇི་ལྟར་གདམས་པ་བཞིན། མཁན་འཇིགས་མེད་ཕུན་ཚོགས་མཆོག་ནས་ཀྱང༌། ཁོང་གི་གསུང་རྩོམ་དུ་གཞན་ལ་མེད་པའི་ཁྱད་ཆོས་འབུར་ཐོན་མང་དུ་ཡོད་པར་མངོན་ཡང༌། མདོ་དོན། ཆོས་ཉམས་སུ་ལེན་པས་ཕོངས་པ་ལས། ཆོས་ཀྱིས་ཕོངས་པ་སུ་ལའང་མི་འདུག ཅེས་བཀའ་སློབ་བསྩལ་འདུག་པ་ནི་ང་ཚོ་གངས་ཅན་པའི་ཆོས་བྱེད་ཡོངས་ལ་རྗེས་སུ་བཞག་པའི་གདམས་ངག་རིན་ཐང་བླ་ན་མེད་པ་ཞིག་ཏུ་ཁོ་བོས་གོའོ།
    ཁོང་གི་ལྗགས་རྩོམ་གནང་བའི་ཚེ་ན་དཔེ་ལ་གཟིགས་མི་དགོས་ཤིང༌། ཚིག་དང་སྡེབས་སྦྱོར་གྱི་ལྷུ་འགྲིགས་མིན་ལ་འབད་རྩོལ་བྱེད་མི་དགོས་པར་གཞན་དང་གསུང་གླེང་མཛད་བཞིན་ཐོལ་བྱུང་དུ་འབྲི་གནང་གིན་ཡོད་པ་ནི། རྣལ་འབྱོར་བ་ཞབས་དཀར་བས། མགྲིན་པ་ལོངས་སྤྱོད་རྩ་ཁ་བྱེ། །རྡོ་རྗེའི་གླུ་ལ་ཐོགས་པ་མེད། །ཅེས་གསུངས་པ་ལྟར། ཁོང་ཉིད་རྩ་རླུང་ཐིག་གསུམ་ལ་དབང་འབྱོར་ཏེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་ཁ་བྱེ་བའི་རྟགས་མཚན་ཐུན་མོང་མ་ཡིན་པ་ཞིག་ཏུ་གོ་ནའང་མི་ཆོག་པ་མེད། །
    དུས་འགྱུར་གྱི་གོད་ཆག་སྐབས་མི་བསྲུན་སྐྱེ་བོས་གླགས་མི་རྙེད་པའི་རྟགས་མཚན་ཁྱད་པར་བ་དུ་མ་ལ་བརྟེན་ནས་ཁོང་གི་དགེ་སྦྱོར་སྤྱི་དང་འཆད་ཉན་གྱི་རྒྱུན་ཡང་མ་ཆད་པ་ནི་ཁོང་གིས་སྐུ་ཚེ་མང་པོས་བསགས་ཟིན་པའི་ཚོགས་གཉིས་རླབས་པོ་ཆེ་དག་ལས་བྱུང་བ་གོར་མ་ཆག
    ཁོང་གིས་གསེར་ལྗོངས་བླ་མ་རུང་དུུ་བཤད་སྒྲུབ་ཀྱི་རྒྱལ་མཚན་ཆེས་ཆེར་བསྒྲེངས་ཏེ་རིས་སུ་མ་ཆད་པའི་དགེ་འདུན་ཁྲི་ཁྲག་གི་ཆོས་སྡེ་བཙུགས་གནང་བ་ནི་སྤྱིར་འཛམ་བུ་གླིང་དང༌། བྱེ་བྲག་གངས་ཅན་བོད་དུ་ཁོང་ཉིད་ཁོ་ནའོ་ཞེས་བརྗོད་ན་དོན་ལ་གནས་པར་འཁུམས། དེར་མ་ཟད། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། དུས་དེང་སང་སངས་རྒྱས་བསྟན་པ་འདི། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་སྙམ་ཡང༌། །ཕྱིའི་དགོན་ལྷག་རྒྱས་པ་མ་གཏོགས་པ། །དོན་རྒྱུད་ལ་རྒྱས་པ་དཀའ་མོར་གདའ། །ཞེས་ཐུགས་སྐྱོ་གནང་བའི་ཚུལ་དང་མི་འདྲ་ཞིང༌། དགེ་འདུན་རྣམ་གྲངས་མང་བ་ཙམ་མ་ཡིན་པར་དེ་རྣམས་ཐོས་པའི་སྙིང་པོ་བསྒྲུབ་པ་གཙོ་བོར་བྱ་དགོས་པར་མཆོག་ཉིད་ཀྱིས་ཇི་ལྟར་གདམས་པ་ལྟར་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་ཐོས་དོན་རྒྱུད་ལ་འབྱོར་བའི་ཉམས་ལེན་ལ་གཙོ་བོར་གཞོལ་བ་མ་ཟད། ཉེ་འཁོར་ན་གནས་པའི་དུད་འགྲོ་དང༌། གཅན་གཟན་ཡང་ཞི་དུལ་བག་ཕེབས་སུ་གནས་པ་སོགས་རྣ་བའི་རྒྱན་དུ་སོན་པ་རྣམས་ནི་འབྲས་རྟགས་སྨ་མེད་པ་ཞིག་གོ །
    སྐབས་འདིར་ཁོང་གིས། བདག་གིས་བསྟན་པ་ལ་དག་ཐེར་འདི་མ་བྱས་པའི་སྔ་རོལ་ན་སེར་སྐྱ་ཀུན་གྱི་ཁྲོད་དུ་མི་དགའ་མཁན་གཅིག་ཀྱང་མེད། ཅེས་གསུངས་འདུག་པ་ལྟར་ན་ཁོང་གིས་ཐུན་མོང་མ་ཡིན་པའི་ལྟ་སྤྱོད་གང་ཞིག་རྩལ་དུ་བཏོན་ནས་བགྱི་སྒོ་རྒྱ་ཆེན་པོ་ཞིག་བགྱིས་ཕྱིན་ཆད། ཁོང་ལ་མ་དགའ་བའམ། ངན་སྨྲས་བྱེད་མཁན་རིགས་ཤིག་བྱུང་ཡོད་པ་སྨྲོས་མེད་དུ་འདུག་པས། དོན་དངོས་དང་མཐུན་ཞིང་གཟུར་གནས་ཀྱི་བློས། ཡུལ་དུས་གནས་སྐབས་གང་ཞིག་ཏུ་ལེགས་པའི་ལམ་སྟོན་པ་ལ་མི་དགའ་བའི་སྐྱེ་བོའི་ཚོགས་ཇི་ཙམ་བྱུང་ནའང་སྐྱོན་མེད་པ་ཡིན་ཏེ། གང་ཟག་ཕལ་མོ་ཆེ་ནི་དེ་ལས་ལྡོག་སྟེ་ལམ་ལོག་པར་ཞུགས་པའི་ཕྱིར་རོ། དེ་ལྟར་ཡང་ཡིན་ཏེ། པན་ཆེན་མི་ཕམ་ཟླ་བས། འོན་ཀྱང་ཀུན་ཡིད་འཚམས་པ་སུས་ཀྱང་དཀའ། །བླུན་པོའི་ཡིད་ལ་མ་བབས་སྐྱོན་དུ་ཆུང༌། །མཁས་པས་ཁྲེལ་ན་གསོན་པོ་སྲོག་བྲལ་དང༌། །མཚུངས། ཞེས་དང༌། བཞི་བརྒྱ་པ་ལས། ཕལ་མོ་ཆེ་ཡི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོ། །ཞེས་ཇི་ལྟར་གསུངས་པ་ལྟར་ལགས།
    གཞན་ཡང་ཁོང་གིས་གཞན་དང་མི་མཉམ་པའི་མཛད་པ་གཅིག་ནི། ཁོང་གི་རྟེན་གསུམ་མ་ཡིན་པའི་ཕྱག་རྫས་ཅི་ཡོད་སློབ་ཚོགས་རྣམས་ལ་ལན་གསུམ་གྱི་བར་དུ་སྤོང་དག་མཛད་འདུག་པ་འདི་ནི། དེང་དུས་དཔལ་འབྱོར་འདུ་འགོད་ཀྱི་ཡོ་ལང་ལ་མགོ་བོ་མགལ་མེ་ལྟར་འཁོར་བའི་ཆེན་པོ་གཞན་དང་བསྡུར་ཐབས་མེད་པ་མ་ཟད། གཞན་དག་ལ་དཔེ་ལྟོས་བཟང་པོ་ཞིག་ཀྱང་བཞག་པ་རེད་སྙམ།
    ཁོང་གི་བཀའ་ལས། གངས་ཅན་འདིར་དར་བའི་གྲུབ་མཐའ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གདུལ་བྱ་སོ་སོའི་དབང་དུ་བྱས་ཏེ་མཛད་པའི་ཆོས་རྣམ་དག་ཤ་སྟག་ཡིན་པར་བདག་གཅིག་པུས་ལུང་དང་རིགས་པས་བསྒྲུབ་དགོས་ནའང་ནུས་ལ། ཆོས་དེ་དག་གདུལ་བྱ་སོ་སོར་མི་ཕན་པ་ཚིག་གཅིག་ཀྱང་མེད། དེ་ལ་སྡང་ཞུགས་བྱས་ན་རང་ཉིད་ཀྱིས་ཆོས་སྤངས་ཏེ་རང་བརླག་པ་ལས་ཅི་ཡང་མེད། ཁྱད་པར་བསྟན་པ་ཉམས་དམའ་བའི་དུས་ན་ཕྱོགས་ཞེན་དེ་ལྟ་བུས་དགོས་པ་གཏན་ནས་མེད། ཅེས་ལན་གཅིག་མིན་པར་རྟག་ཏུ་྄གསུངས་པར་མཛད་པ་ལྟར་ཁོང་གི་ཆོས་སྡེ་ཆེན་པོར་ཡང༌། གངས་རིའི་ལྗོངས་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་དང༌། གཡུང་དྲུང་བོན་དང་དགུའི་གཞུང་ལུགས་ལ་གསན་བསམ་དང༌། སྒྲུབ་པ་ཉམས་ལེན་བྱེད་ཆོག་ཏུ་ཡོད་འདུག་པ་སོགས་ནི་བོད་ཀྱི་ཆེན་པོར་རློམ་པ་ཕལ་གྱིས་བགྱི་བར་མི་ནུས་པའི་རླབས་ཆེན་གྱི་ལས་དོན་སྨ་མེད་པ་ཡིན་ཏེ། ཇིསྐད་དུ། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཞེས་དང༌། རྒྱུད་བླ་མ་ལས། ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་བ་དང༌། །དེ་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །ཞེས་དང༌། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། ཆོས་ལ་ཕྱོགས་རིས་བྱེད་མཁན་རྣམས། །དམྱལ་བར་སྐྱེ་བའི་ལུང་བསྟན་འབྱུང༌། །ཞེས་ཇི་ལྟར་གསུངས་པའི་གནད་ལ་དཔྱད་པ་མཐིལ་ཕྱིན་གནང་ཡོད་པར་གོར་མ་ཆག་ལ། ཁོང་གི་མཛད་པ་འདི་ལྟ་བུའི་ཐོག་ནས་ཁོང་ལ་གཞན་དང་མཉམ་པ་མེད་པའི་ལོ་རྒྱུས་ཀྱི་གདེང་འཇོག་ཅིག་ཐོབ་ཡོད་པ་ཡིན་ཏེ། ཇི་སྐད་དུ། ལོ་རྒྱུས་ཐོག་གི་མཛད་རྗེས་ལ་གདེང་འཇོག་བྱེད་དགོས་ན། ལོ་རྒྱུས་འགུལ་སྐྱོད་མཁན་གྱིས་ད་ལྟའི་དགོས་མཁོའི་ཚད་གཞི་ལྟར་འདོན་སྤྲོད་གསར་པ་བྱས་ཡོད་མེད་ལ་མི་བལྟ་བར། ཁོ་ཚོ་རང་ལས་སྔ་བའི་དུས་སྐབས་ཀྱི་མེས་པོ་དག་དང་བསྡུར་ན་འདོན་སྤྲོད་གསར་པ་བྱས་ཡོད་མེད་ལ་བལྟ་དགོས། ཞེས་པ་ལྟར་རོ།
    གཞན་ཡང་ཁོང་གིས་ཟབ་གཏེར་ཅི་རིགས་ཤིག་བཞེས་ཡོད་པའི་ཚུལ་རྣམ་ཐར་དུ་གསལ་བའང་ཤིན་ཏུ་རུང་སྟེ། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང༌། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས། །ཡང་ན་ས་ཡི་སྙིང་པོར་བྱས། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་གྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་དང༌། ཏིང་ངེ་འཛིན་གྱི་མདོ་ལས། བཟང་སྐྱོང་ལ་སོགས་པ་རྒྱལ་སྲས་དུ་མས། མདོ་དེ་དག་སངས་རྒྱས་དངོས་ལས་བླངས་ཏེ། སླར་བྲིས་ཤིང་སྒྲོམ་དུ་བཅུག་སྟེ་མཆོད་རྟེན་དང༌། རི་བྲག་སོགས་ལ་བརྟེན་པའི་ལྷ་དང༌། ཀླུའི་ལག་ཏུ་བཞག་ནས་རང་ཉིད་དག་པའི་གནས་སུ་འགྲོ་ཞིང༌། ཡང་ཕྱི་མའི་དུས་སུ་འདིར་འོངས་ཏེ་མདོ་སྡེ་རྒྱས་པར་བྱེད་ཚུལ་གསལ་ཡོད་པས་སོ། །
    རྣམ་ཐར་གྱི་སྟོད་སྨད་ཀུན་ཏུ་གདུལ་བྱ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ཏེ་ཐུན་མོང་བའི་སྣང་ཚོད་ལ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་གྲུབ་པའི་རྟགས་མཚན་སྣ་ཚོགས་ཤིག་མངའ་བའི་ཚུལ་འཁོད་འདུག་པ་འདི་དག དེང་དུས་ཕལ་ཆེར་དངོས་གཙོ་སྨྲ་བའི་རྗེས་སུ་འབྲངས་པའམ། མིན་ཀྱང་སྙིགས་མའི་མུན་པས་ནོན་པའི་དུས་སྐབས་ཡ་ང་བ་འདིར་ཆོས་ཉིད་བདེན་པ་སྙིང་ལ་ཞུགས་ཏེ་ཆོས་ཀྱི་ཉམས་ལེན་གནད་སྨིན་བྱེད་མཁན་ཉུང་བས་གྲུབ་པའི་རྟགས་མཚན་གང་ཡང་བརྙེས་རྒྱུ་མེད་པའི་གང་ཟག་དག་གི་བློ་ངོར། ཨ་ཁུ་སྟོན་པའི་རྫུན་རླབས་དང་གཉིས་སུ་མ་མཆིས་པ་ཞིག་ལས་གོ་རྒྱུ་རྙེད་པ་ལྟ་ཞོག དེ་ལས་ལྡོག་སྟེ་སྐུར་འདེབས་ཀྱི་རྒྱུར་འགྱུར་མོད་ཀྱང༌། དམ་པའི་དོན་དུ་ན་ཁ་ཕྱི་བལྟས་སུ་མ་སོང་བར་ཐོས་དོན་ཚུལ་བཞིན་བསྒྲུབ་པའི་གང་ཟག་དག་ལ་འོས་པའི་གནས་སུ་ཅིའི་ཕྱིར་མི་མཐོང༌། སྤྱིར་ན་བསམ་གྱིས་མི་ཁྱབ་པའི་གནས་ཁས་མི་ལེན་ན། ཆོས་ཁས་མི་ལེན་པའི་གྲལ་དུ་བཞུགས་མེད་དམ་སྙམ་སྟེ། དགེ་ཆོས་ཀྱིས་ཀྱང༌། ཐེག་པ་ཆེན་པོ་ལ་མོས་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་གནས་ལའང་མོས་དགོས་པ་ཡིན། ཞེས་གསུངས།
    ད་ལྟའི་ཆར་མཁན་ཆེན་ཉིད་ཆོས་ཀྱི་དབང་དུ་བྱས་ཚེ་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་པའམ། དེ་མིན་གངས་ཅན་པ་སྤྱི་དང༌། བྱེ་བྲག་ཁོང་ལ་རེ་ལྟོས་ཆེས་ཆེར་འཆའ་བ་རྣམས་ལ་བཟོད་དུ་མེད་པའི་གྱོང་གུན་བླ་ན་མེད་པ་ཞིག་ནི། ཁོང་སྐུ་ཡི་འཕེན་པ་རྫོགས་པ་དེ་ཡིན་པ་སྨྲོས་མེད་ལགས་ཤིང༌། དེའང་འབྲེལ་ཡོད་རྣམས་ཀྱིས་སྔ་མའི་རླབས་ཆེན་གྱི་མཛད་པའི་ལས་ཀྱི་འཕྲོ་སྡུད་གནང་མཁན་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུའི་ཉི་གཞོན་མྱུར་དུ་འཆར་བར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་བཞིན་མེད་དམ་སྙམ་པ་ནི་རྩོམ་ཐུང་འདི་མཇུག་བསྡུ་བའི་ཡན་ལག་ཡིན་ནོ།། །།
    ཞེས་པ་འདི་ནི་མཁན་ཆེན་གང་གི་དངོས་ཀྱི་སློབ་མ་དགེ་སློང་ཚུལ་ཁྲིམས་ཉི་མ་ནས་བསྐུལ་མ་གནང་བ་ལྟར་མཁན་ཆེན་མཆོག་སྐུ་གཤེགས་ནས་བགྲང་བྱ་གཅིག་འཁོར་བའི་རྗེས་དྲན་གྱི་ཚུལ་དུ་ཕྲན་དྲང་སྲོང་རྣམ་རྒྱལ་མིང་པས་ཕྱི་ལོ་༢༠༠༤ཟླ་༨ཚེས་༢༢ལ་བྲིས། །