མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » ལེགས་བཤད་མཇུག་སྒྲིལ་བའི་དུས་རབས།

ལེགས་བཤད་མཇུག་སྒྲིལ་བའི་དུས་རབས།

 

ལེགས་བཤད་མཇུག་སྒྲིལ་བའི་དུས་རབས།

 

བོད་ཀྱི་སྐད་དང་རིག་གནས་ཀྱིས། །

དབེན་པའི་ལྷིང་འཇགས་ཡུལ་གྲུ་ན། །

བོད་ཕྲུག་ཅིག་གིས་བོད་ཡིག་གི །

ཕྱོགས་སུ་བསམ་ནས་གཏམ་འདི་ཐལ། །

 

གནའ་དུས་བོད་ན་མཁས་པ་མང་། །

དེ་ཡིས་བྱས་པའི་ལེགས་བཤད་མང་། །

དེ་དག་རྣམས་ལ་བཀུར་མཁན་མང་། །

ཕྱི་མིག་བལྟས་ན་ཤེས་རྒྱུ་མང་། །

 

དེང་དུས་ལག་རྩལ་འཕེལ་ཚད་མགྱོགས། །

སྐད་ཡིག་ཉམ་རྒུད་བང་རྩལ་མགྱོགས། །

རྒྱལ་ཁབ་ཕྱི་ནང་དྲྭ་ལམ་མགྱོགས། །

ཅོལ་ཆུང་ཁ་ལག་དེ་བས་མགྱོགས། །

 

དྲྭ་བའི་མུན་པར་གནས་བཅས་ནས། །

ལེགས་བཤད་ཉི་འོད་ལ་སྡང་བའི། །

མཁས་རློམ་སྲིན་བྱའི་ཀུ་ཅོ་ཡིས། །

རྐང་གཉིས་མལ་དུ་རྣ་བ་གཟན། །

 

མི་རེའི་ལག་ན་རྩེད་ཆས་རེ། །

དེ་ན་བྲིས་པའི་ངག་འཁྱལ་རེ། །

ཚད་གཞི་མི་ལྡན་བརྗོད་པ་སྟེ། །

རྐང་ཆད་ལག་ལྡུམ་ལུས་པོ་འདྲ། །

 

 

རྩོམ་སྲོག་མེད་པ་བེམ་རོ་འདྲ། །

ཚིག་རྒྱན་སྨྱོན་པའི་གཅེར་རྒྱུག་འདྲ། །

བརྡ་དག་ར་ལུག་འདྲེས་པ་འདྲ། །

མཚམས་སྦྱོར་རྡོ་ཆག་བཙན་བསྒྲིགས་འདྲ། །

 

ཚད་ལྡན་རྩོམ་གྱི་ལོ་ཏོག་ཏུ། །

ལྡུམ་བུ་སྐྱེས་པ་ཤིན་ཏུ་སྐྱོ། །

ཤེས་མེད་ཞིང་པ་བླུན་པོ་ཡིས། །

ཁ་ཁར་མ་ཕྱེད་དེ་བས་སྐྱོ། །

 

གོ་རྟོགས་དབེན་པའི་གཞོན་ནུ་འགས། །

སྒོ་ཁའི་འདོགས་ཁྱི་སྤུ་ཅན་ལ། །

གཡུ་རལ་ཡོད་ཅེས་སྒྲོགས་པའི་ཚེ། །

བཀླག་ན་དུས་ཚོད་མི་གྲོན་ནམ། །

 

མཁས་མང་བྱེ་བའི་རྒྱ་མཚོ་ལས། །

ཐོན་པའི་ལེགས་བཤད་རི་བོང་ཅན། །

བླུན་པོའི་ངན་སྤྱོད་སྤྲིན་ནག་གིས། །

འཇིག་རྟེན་ཐམས་ཅད་མོག་པོར་བྱས། །

 

ཡོངས་རྫོགས་བོད་པས་རྒྱལ་འཕགས་གསུང་། །

དཀྱུས་གཅིག་བཀླག་ཆོག་རིག་གཞུང་ལ། །

རང་འདོད་བླུན་པོས་བཅོས་པ་ཡི། །

ཡུལ་སྐད་ཉི་ཚེའི་གླེགས་བམ་མཐུག །

 

བརྗོད་བྱ་རྒྱུས་ལོན་མེད་ན་ཡང་། །

རྗོད་བྱེད་ཚད་ལྡན་གྱུར་པ་ན། །

སོ་ནམ་མ་བྱས་ཞིང་ས་རུ། །

ལོ་ཏོག་ལྷུན་གྱིས་གྲུབ་བམ་ཅི། །

 

གནས་ལུགས་རྗེན་པར་བརྗོད་པའི་དུས། །

རང་བཞིན་བརྗོད་པའི་མཚན་ཉིད་མེད། །

ཉམས་འགྱུར་ནང་ནས་འདོན་པའི་དུས། །

ཕུལ་བྱུང་རྒྱན་གྱི་དྲི་མ་མེད། །

 

དངོས་ཡོད་ལོ་རྒྱུས་སྨྲ་བའི་དུས། །

ཡང་དག་རིགས་པའི་ཁུངས་སྐྱེལ་མེད། །

འབོལ་རྩོམ་ཐད་ཀར་འབྲི་བའི་ཚེ། །

གལ་ལ་ཐུག་པའི་ཞིབ་ཆ་མེད། །

 

ལེགས་བཤད་བཀླགས་མྱོང་མེད་པས་ན། །

གཞན་ནས་ལེགས་ཆ་ཐོབ་པ་མེད། །

མཁས་པ་དག་ལ་མ་བསྟེན་པས། །

རང་གིས་སྦྱངས་པའི་འབྲས་རྟགས་མེད། །

 

བརྡ་སྤྲོད་ཁུངས་ལུང་མ་དམིགས་པས། །

ཨ་མས་བོར་བའི་ཕྲུ་གུ་བཞིན། །

ཉམས་འགྱུར་མ་ཐོན་སྙན་དངགས་ཞེས། །

ཞུམ་བུའི་སྣོད་ནས་བཟའ་བ་བཞིན། །

 

ལུང་རིགས་མི་ལྡན་བརྒལ་ལན་ཞེས། །

ཤིང་གི་རལ་གྲི་ཕྱར་བ་བཞིན། །

ཞིབ་ཆ་མ་གསལ་ལོ་རྒྱུས་ཞེས། །

མུན་ཁྲོད་འཁྱམས་པའི་བྱི་སྦ་བཞིན། །

 

ཕྱོགས་སྔའི་འདོད་པ་མ་མཐོང་བས། །

དགག་བཞག་འཇའ་ཚོན་དེད་པ་བཞིན། །

མཁས་པའི་མན་ངག་མ་འཕྲད་པས། །

མཐའ་དཔྱོད་འདམ་ལ་ཕུར་པ་བཞིན། །

 

མཐོང་ཐོས་མྱོང་བ་མ་བརྒྱུད་པས། །

ཚད་ལྡན་རྩོམ་གྱི་སྲོག་མི་ལྡན། །

བརྗོད་པ་བརྡ་སྤྲོད་རྒྱབ་ཕྱོགས་པས། །

རྩོམ་རིག་ལུས་ཀྱི་མཚན་ཉིད་མེད། །

 

 

ཚིག་རྒྱན་དགའ་བའི་ནགས་ཚལ་ན། །

ཞེན་ལྟའི་ཚེར་མས་ལུས་ལ་སྡང་། །

ལེགས་བཤད་པད་མོའི་དགའ་ཚལ་ན། །

ཉེས་བཤད་འབུ་སྲིན་མཆེ་བ་རྣོ། །

 

གནས་ལུགས་མ་མཐོང་དམུས་ལོང་དག།

མིག་ལྡན་གཞན་ལ་ཆོ་ངེ་འདོན། །

གྲོག་མ་ཐང་ལ་ངལ་བཞིན་དུ། །

དགུང་གི་གཡུ་འབྲུག་འཕྱ་བར་བྱེད། །

 

རྩོམ་འབྲིའི་འདབ་གཤོག་མ་ལྡན་པའི། །

རྩོམ་རིག་ནམ་འཕང་གཅོད་པ་ན། །

བུང་བས་ལྡིང་འཁོར་རྒྱག་པ་ཡང་། །

འཛམ་གླིང་བསྐོར་བ་ཡིན་ནམ་ཅི། །

 

ཕུལ་བྱུང་མཁས་པའི་ལེགས་བཤད་ལ། །

ལྐོག་ནས་འཕྱ་བའི་སྐལ་ངན་དག །

ལྕཀྱུས་བཏབ་པའི་ཁྱི་རྒན་གྱིས། །

དཔའ་བོའི་གཟི་བརྗིད་གཞོམས་ནུས་སྙམ། །

 

ལུང་རིགས་མངོན་སུམ་འཇིག་རྟེན་བཞིར། །

མ་མཐུན་བརྒལ་བརྟག་ཡིན་པ་ན། །

རྒན་མོས་མ་ཎི་བགྲང་བ་དེས། །

ཕས་རྒོལ་གླང་པོའི་ཀླད་འགེམས་སམ། །

 

ཤོག་ཐོག་རི་མོ་བྲིས་པ་དེ། །

ཡིག་སྦྱོར་ཚད་ལྡན་ཡིན་པ་ན། །

ངང་པས་བཞག་པའི་རྐང་རྗེས་ཀྱང་། །

ཤེས་ལྡན་ཕལ་གྱིས་མི་བཀླག་གམ། །

 

ལུགས་གཉིས་གོ་རྟོགས་འཕེལ་བ་ཡི། །

གནའ་དེང་བསླབ་བྱ་མི་ལྡན་ཡང་། །

ཤོག་སྒོར་གྲོན་པའི་ལོ་དེབ་ཀྱིས། །

རིག་གཞུང་ཡར་སྐུལ་བྱེད་ཅེས་ཟེར། །

 

 

ཆེ་བ་སྲིད་གསུམ་སྣོད་བཅུད་ནས། །

ཆུང་བ་གེ་སར་སྒྲུང་རྒྱུད་ཡན། །

རྩོམ་རིག་བརྗོད་བྱར་འདེམས་ཆོག་ཀྱང་། །

ཁྱོད་ལ་འོས་ཤིང་འཚམ་པ་གང་། །

 

ཆོས་ལུགས་དྲི་བྲལ་ཟླ་བའི་བཞིན། །

སྲིད་ཀྱི་ཆུ་འཛིན་གྱིས་བཏུམས་པས། །

དོག་ན་གནས་པའི་དབུ་ནག་མིས། །

དེ་གཉིས་ཁྱད་པར་ཕྱེད་མ་གྱུར། །

 

ཤིང་ཏོག་རུལ་བའི་རྒྱལ་རབས་ཀྱིས། །

གཟུར་གནས་སྐྱེ་བོར་དྲི་ངན་འབྱིན། །

དམངས་མགོ་བསྐོར་བའི་ཆོས་པ་ཡི། །

བསླུ་བྲིད་ཕྲེང་བས་བགྲང་ནུས་མིན། །

 

 

རྭ་བས་བསྐོར་བའི་ལྗོངས་དེ་རུ། །

ཆོས་སྲིད་གཉིས་ཀའི་བ་ཚ་ཅན། །

རྙོགས་མ་བགྲུང་དགོས་མང་ལགས་ན། །

འདི་ལ་བསམ་གཞིགས་བྱེད་དམ་ཅི། །

 

དུས་རབས་རྩོམ་རིག་རྟ་བདུན་ཅན། །

ལུགས་ཟུང་ཡར་སྐུལ་འོད་ཟེར་གྱིས། །

དོག་པའི་མུན་ཁུང་བསལ་བྱས་ནས། །

སྣང་བའི་ནམ་མཁའ་བསྐྲུན་པར་མཛོད། །

 

ལོ་དེབ་ཐོག་ཏུ་དགོད་རྒྱུ་ཚིགས་སུ་བཅད་པ་ཞིག་བསྐུལ་བ་ལྟར་༢༠༡༥ཟླ་༡༠པར་བྲིས།