མདུན་ངོས། » གསར་རྩོམ། » རྫོགས་ཆེན། » བརྡ་ཡི་བོན་བཅུ་དྲུག་པ་བཞུགས་སོ།།

བརྡ་ཡི་བོན་བཅུ་དྲུག་པ་བཞུགས་སོ།།

 

བརྡ་ཡི་བོན་བཅུ་དྲུག་པ་བཞུགས་སོ།།

བླ་ཆེན་དྲན་པ་ནམ་མཁའ།

སྟོན་པ་ཀུན་ཏུ་བཟང་པོ་རང་གྲོལ་རྟོགས་པ་ཆེ་ལ་ཕྱག་འཚལ་ལོ། །བླ་ཆེན་པོ་དྲན་པ་ནམ་མཁས། ཁྱད་པར་བརྡའི་བོན་བཅུ་དྲུག་གསུང་པ། གཅོ་ཟ། གཤེན་རབ་ནམ་མཁའི་ལུས་ཅན་འདོད་ན། རྟག་ཏུ་གཅེར་བུར་ཕྱུང༌། (མཚན་མའི་གོས་ཀྱིས་མི་གཡོགས།)ཁྲུས་ཆེན་རྟག་ཏུ་གྱིས།(ཕྱི་ནང་གི་སྒྲིབ་པ་ཉམས་ཀྱིས་བསིལ།) ཉི་ཟླ་ལག་པས་ཟུངས།(ཐབས་ཤེས་གཉིས་ལ་རྟེན་ལ་གསལ་འགྲིབ་མེད་པའི་ཡེ་ཤེས་ངོས་བཟུང༌།) འཁོར་ལོ་ཀླད་ལ་བསྐོར།(ཐོས་བསམ་སྒོམ་གསུམ་ལ་རྟེན་ནས་ཤེས་རབ་ཀྱི་འཁོར་ལོ།) ་མེ་ལོང་ལོག་ལ་ལྟོས། (ཤེས་པ་དང་མ་བྲལ་བ་བྱ།) དུག་ནད་སོས་པར་གྱིས། (ཉོན་མོངས་པ་ལྔ་སོགས་དེངས་སུ་བཅུག་ལ་མེད་པར་བྱ།) ཐག་པས་བཅིང་པ་ཁྲོལ། (ང་བདག་གཟུང་འཛིན་གྱིས།) གཅན་ཟན་གསེབ་ནས་བྲོས། (ལྷའི་བུ་ལས་སོགས་འཇིགས་པའི་བདུད་བཞི་གཞོམ།) ཤེལ་གྱི་བུམ་པ་ལ་ལྟོས། (རང་རིག་ཡེ་ཤེས་ཟང་ཐལ་དུ་ལྟོས།) རིན་ཆེན་སྐྲས་ལ་འཛེགས། (ས་ལམ་མན་ངག་ལྟ་སྒོམ་ཉམས་སུ་ལོངས།) ལྗོན་ཤིང་རྩད་ནས་ཆོད། (ཀུན་གཞི་ལས་ཀུན་འབྱུང་འཁྲུལ་པ་རྩད་ནས་ཆོད།) ནམ་མཁའི་མཐོངས་སུ་ཉོལ། (ཐམས་ཅད་མཉམ་པ་ཉིད་དུ་ལྟོས།) རང་སྲོག་རང་གིས་ཆོད། (འགྱུ་བྱེད་ཤེས་པ་རྩད་ནས་ཆོད།) གསེར་གྱི་གླིང་དུ་རྒྱུག (ཅིར་སྣང་བོན་ཉིད་དུ་ལྟོས།)བསིལ་སྨན་ལུས་ལ་འཆོང༌། (ཉོན་མོངས་པའི་ཚ་ནད་ལ་རྣམ་པར་བྱང་བའི་སྨན་གཏང༌།) ནམ་མཁའི་མེ་ཏོག་ཐུས་ཤིག་གསུངས་སོ།། (སྣང་སྲིད་རྩལ་བས་མི་རྙེད་རིག་པ་འདི་ཀ་ཡིན།) བརྡའི་བོན་བཅུ་དྲུག་པ་རྫོགས་སོ།། (ཁྱད་པར་གསུངས་སོ།་ རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ནས་དྲངས།