མདུན་ངོས། » གསར་རྩོམ། » རྫོགས་ཆེན། » བླ་ཆེན་པོ་དྲན་པ་ནམ་མཁའ་ལ་སློབ་དཔོན་བེ་རོ་ཙ་ནས་ཞུས་པའི་སྣང་བ་བརྡ་ཁྲོལ་གྱི་གདམས་ངག

བླ་ཆེན་པོ་དྲན་པ་ནམ་མཁའ་ལ་སློབ་དཔོན་བེ་རོ་ཙ་ནས་ཞུས་པའི་སྣང་བ་བརྡ་ཁྲོལ་གྱི་གདམས་ངག

 

ཁྱད་པར་གྱི་བརྡ་བཅོ་བརྒྱད་པ།

བླ་ཆེན་པོ་དྲན་པ་ནམ་མཁའ་ལ། སློབ་དཔོན་བེ་རོ་ཙ་ནས་ཞུས་པ། སྣང་བ་བརྡ་ཁྲོལ་གྱི་གདམས་ངག་གསུང་པ་

དེ་གང་ལགས། ཞེས་ཞུས་པས། བརྡ་ལ་གཉིས། འཁྲུལ་སྣང་ཐབས་སུ་འཁྱེར་བའི་བརྡ་དང༌། (དུག་ལྔ་ཐོག་བརྫི་བ།)རིག་པ་རང་སར་གྲོལ་ནས་བརྡ་གསུང་པ། (ཅིར་སྣང་རིག་པ་ཡིན་པས།) བུ་འཁོར་བ་ལ་ཕྱི་ཕྱག་འཚལ་ཞིང༌། (འཁོར་བ་ཕྱིར་མི་ལྡོག་ཅིང༌།) ཐར་པའི་སྐྲས་ཆེན་འཛུགས་ན། (ཕྱི་མའི་བདེ་བ་ཞེ་ཐག་པ་ནས་བསྒྲུབ་ན།) བྱ་རྒན་གྱི་འདབ་གཤོག་བྲེགས་ཤིག (འདོད་ཅིང་ཆགས་པ་བསྐྱུངས་ལ་སྦྱིན་པ་བཏང༌།) དུག་སྦྲུལ་རྩིས་གསོས་ཤིག (ཞེ་སྡང་ལ་བྱམས་པ་བསྒོམ།) ཕག་རྒོད་མུན་ཁང་ནས་ཐོན་ཅིག (གཏི་མུག་སྤངས་ལ་ཡེ་ཤེས་བསྐྱེད།) སྨྱོན་པའི་མཚོན་ཆ་ཕྲོགས་ཤིག (ང་རྒྱལ་ཅན་ལ་ཞི་བ་བསྒོམ།) གཅན་ཕྲང་ལ་རྫུ་འཕྲུལ་གྱིས་རྒྱུག་ཅིག (ཕྲག་དོག་སྤངས་ལ་ཡངས་པ་བསྒོམ།) རྟ་རྒོད་སྒྲོག་ཏུ་ཆུག་ཅིག (ཤེས་པ་འཁྲུལ་སྣང་ལ་འཁྱམས་སུ་མི་འཇུག) ཁྱི་རྐུན་སྒོར་ཐོན་ཅིག (སྔར་ཞེན་གྱི་བག་ཆགས་དང་བྲལ།) རིག་པ་རང་གྲོལ་གྱི་བརྡ་ལ་ནམ་མཁའི་ངོགས་ལྟོས་ཤིག (རིག་པ་སྟོང་གསལ་ཆེན་པོ་ལ་མ་ཡེངས་པར་བྱ།) རྒྱ་མཚོའི་འཆིང་དུ་ཉོལ་ཅིག (བོན་ཉིད་གཡོས་པ་མེད་པའི་ངང་དུ་བཞག) གསལ་བྱེད་ཉི་མ་དང་མི་བྲལ་བར་གྱིས་ཤིག (རིག་པ་རང་གསལ་གྱི་ཉམས་དང་མི་འབྲལ།) ཤེལ་སྒོང་དྭངས་པ་བཙའ་རྫི་བསྐྱེད་ཅིག (གསང་སྔགས་ལ་གཙོར་དམ་ཚིག་ཆེ་བ།)སྟོང་གསུམ་ཐབས་ཀྱིས་གཤོགས་ཤིག

(སྣང་སྲིད་རིག་པར་ཤེས་པར་བྱའོ།)གསེར་གྱི་མཆོད་རྟེན་ཁྲི་འཕང་དགུ་པའི་ཁ་ལ་སྡོད་ཅིག (ཐེག་དགུའི་ཡང་རྩེ་རྫོགས་ཆེན་དོན་ལ་གནས་པར་བྱའོ།) ཡབ་ཡུམ་གཉིས་དང་མ་བྲལ་བར་གྱིས་ཤིག (ཐབས་ཤེས་ཟུང་དུ་འཇུག་པ་གལ་ཆེ།) གསས་ཁང་ཆེན་པོ་བརྩིགས་ཤིག (རང་གྲོལ་སྐྱེ་འཇིག་མེད་པའི་དོན་ལ་བསམ།) རིན་ཆེན་གླིང་དུ་སོང་ཞིག (བཟང་ངན་བླང་དོར་མེད་པའོ།) རྒད་པོ་གསུམ་གྱི་དངོས་གྲུབ་ལོངས་ཤིག (བོན་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ངོ་འཕྲོད་པར་བྱའོ།) མིག་ལྔ་དཔྲལ་བར་འཆར་གྱིས། (ཤ་ཡི་ལྷ་ཡི་རྫུ་འཕྲུལ་གྱི་ཤེས་རབ་གྱི་ཡེ་ཤེས་ཀྱི་སྤྱན།) ཞེས་ཁྱདཔར་གྱི་བརྡ་བཅོ་བརྒྱད་གསུངས་སོ། །རྫོགས་སོ།། །།རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ནས་དྲངས།