མདུན་ངོས། » གསར་རྩོམ། » རང་རྩོམ་བོད་གཞས་ཁག། » ཨེ་མ་གངས་ལྗོངས།

ཨེ་མ་གངས་ལྗོངས།

 

ཨེ་མ་གངས་ལྗོངས།

 

ཞི་བསིལ་ཟླ་བའི་འོད་ཟེར། །
འགྲོ་ཀུན་ཡོངས་ལ་འཕྲོ་བའི། །
ང་ཚོ་གངས་ལྗོངས་མི་རིགས། །
འཛམ་གླིང་མི་ཡི་ཡང་རྩེ། །
ཨེ་མ་གངས་ལྗོངས།

 

མུན་པ་སེལ་བའི་སྒྲོན་མེ། །
སྡུག་བསྔལ་སྐྱོབ་པའི་མཆོག་གསུམ། །
ང་ཚོ་གངས་ཅན་སྐྱབས་གནས། །
གཞན་ལ་མེད་པའི་ཁྱད་ནོར། །
ཨེ་མ་གངས་ལྗོངས།

 

 

འཕྲལ་ཡུན་ཕན་བདེའི་གཏེར་མཛོད། །
རྒྱ་ཆེན་རིག་པའི་གཞུང་ལུགས། །
གངས་ལྗོངས་བཅུ་ཕྲག་རིག་གནས། །
གཞན་ལ་འདི་བཞིན་དཀོན་པ། །
ཨེ་མ་གངས་ལྗོངས།

 

ལྟ་སྤྱོད་རྣམ་པར་དག་པའི། །
སྔ་འགྱུར་གཡུང་དྲུང་བོན་དང་། །
སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད། །
གངས་ཅན་འགྲོ་བའི་སྤྱི་ནོར། །
ཨེ་མ་གངས་ལྗོངས།

 

 

འགྲོ་ཀུན་ཡིད་དབང་འཕྲོག་པའི། །
རིན་ཆེན་གཏེར་ཁའི་འབྱུང་གནས། །
ང་ཚོ་གངས་ལྗོངས་ས་ཆ། །
ལྷ་ཡི་ཞིང་དང་འདྲ་བ། །
ཨེ་མ་གངས་ལྗོངས།

 

མདོ་དབུས་ཁམས་གསུམ་སྤུན་ཟླ། །
ཡིད་སེམས་གཅིག་ཏུ་སྒྲིལ་ནས། །
ཤེས་རིག་དཔལ་འབྱོར་བདེ་སྐྱིད། །
ཡར་ཟླའི་དཔལ་ལ་བརྩོན་ཤོག །
ཨེ་མ་གངས་ལྗོངས།