མདུན་ངོས། » གསར་རྩོམ། » ཕྱིས་རྩོམ། » ཤར་སྐལ་ལྡན་རྒྱ་མཚོའི་མགུར་མ་ཞིག

ཤར་སྐལ་ལྡན་རྒྱ་མཚོའི་མགུར་མ་ཞིག

 

ཤར་སྐལ་ལྡན་རྒྱ་མཚོའི་མགུར་མ་ཞིག

རྔོན་པ་ཁྱི་ཁྲིད་ནི་སླེབས་བྱུང་། །
ཤ་བོ་སྨུག་པོ་ནི་འབྲོས་ས། །
རྫ་རི་མཐོན་པོ་ནི་བཟང་ངོ་།།
ང་རྒྱལ་སེང་གེ་ནི་སླེབས་བྱུང་། །
ཡོན་ཏན་རི་བོང་ནི་འབྲོས་ས། །
ཁེངས་སྐྱུང་བྲག་ཕུག་ནི་བཟང་ངོ་། །
བྱ་ཁྲ་སྡིག་ཅན་ནི་སླེབས་བྱུང་། །
འདབ་ཆགས་བྱིའུ་ནི་འབྲོས་ས། །
ཤིང་ནགས་འཐུག་པོ་ནི་བཟང་ངོ་། །
དཀོར་ཟས་མེ་ལྕེ་ནི་སླེབས་བྱུང་། །
དགེ་སེམས་རྩྭ་ཤིང་ནི་འབྲོས་ས ། །
སྒྲིབ་སྦྱོང་འཁྱག་པ་ནི་བཟང་ངོ་། །
བྱི་ལ་གཡོ་ཅན་ནི་སླེབས་བྱུང་། །
རྐུན་མི་བྱི་བ་ནི་འབྲོས་ས། །
བུག་པ་ཕུག་རིང་ནི་བཟང་ངོ་། །
ལོག་རྟོག་ཁ་བ་ནི་སླེབས་བྱུང་། །
དད་པ་གཅེར་བུར་ནི་འབྲོས་ས། །
ལེགས་བཤད་རྩྭ་ནང་ནི་བཟང་ངོ་། །
ཉ་བ་རྒྱ་ཐོགས་ནི་སླེབས་བྱུང་། །
ཉ་མོ་སྒོང་སྐྱེས་ནི་འབྲོས་ས། །
གཏིང་ཟབ་ཆུ་ཆེན་ནི་བཟང་ངོ་། །
སྐྲ་དཀར་སོ་བ་ནི་སླེབས་བྱུང་། །
སྤྲང་རྒན་དབང་ཆུང་ནི་འབྲོས་ས། །
རི་ཁྲོད་དབེན་པ་ནི་བཟང་ངོ་། །
ཞེས་པ་འདི་ཡང་སྐལ་ལྡན་རྒྱ་མཚོས་སྦྱར་བའོ། །